སྙན་ངག་ཁྲོད་ཀྱི་གསོན་གྲུབ་འདུ་ཤེས། ཅ་ནེ།
རྩོམ་པ་པོ།:ཅ་ནེ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-09-09
ཀློག་གྲངས།:
སྙན་ངག་ཁྲོད་ཀྱི་གསོན་གྲུབ་འདུ་ཤེས།
——ཞི་བདེ་ཉི་མའི«རྨི་ལམ། ལུག་ཁྱུ་ནག་པོ»བཀླགས་པ།
ཅ་ནེ།
ཞི་བདེ་ཉི་མའི་སྙན་ངག་ལ་ཐུན་མོང་མ་ཡིན་པའི་གསོན་གྲུབ་རིང་ལུགས་ཀྱི་ཤེས་ཚོར་ཁྱད་པར་ཅན་ཞིག་མངོན་ཡོང་ལ། ཁོང་གིས་བོད་ཡིག་ཐོག་ནས་བྲིས་པའི་སྙན་ངག་ཡིན་ནའང་འདྲ། རྒྱ་ཡིག་ཐོག་ནས་བྲིས་པའི་སྙན་ངག་ཡིན་ནའང་འདྲ། དེང་གི་གནས་སྟངས་སུ་མཁོ་བའི་མི་སྡེ་ཡི་སྐད་ཆའི་ཁྱད་རྟགས་དང་ཤིན་ཏུ་ཇེ་ཉེ་རུ་བཅར་ཡོད་སྟབས། དེ་ལས་ཁོང་གི་སྙན་ངག་ལ་དེང་རབས་སྙན་ངག་དངོས་ཀྱི་སྐད་ཆའི་མ་ལག་ཅིག་གྲུབ་འདུག སྐད་ཆ་དེ་ལས་ཅུང་གཏིང་ཟབ་པའི་བསམ་པའི་འཆར་སྒོ་ཐོལ་གྱིས་ཕྱེ་སྟེ་སྣེ་མང་ཞིང་མཐོངས་ཡང་བའི་འཚོ་བའི་མཚན་ཉིད་ཅིག་དང་། མི་ཡི་ཚེ་སྟོབས་ཀྱི་སྙིང་བོ་དངོས་ལ་ཟབ་ཞུགས་བྱས་ཡོད་པའི་དུས་བབས་ཀྱི་བསམ་གཞིག་གྲུབ་སྟངས་ཤིག་མཚོན་གྱིན་ཡོད་པ་རེད།ཅ་ནེ།
«རྨི་ལམ། ལུག་ཁྱུ་ནག་པོ»ཞེས་པའི་སྙན་ངག་འདེའི་ཕལ་བ་མ་ཡིན་པའི་གོ་དོན་དང་ནང་ཤེས་ཀྱི་འགྱུར་ཤུགས་ཟབ་མོ་ལ་བརྟེན་ནས། སྒེར་གཤིས་བསམ་གཞིག་དང་བསམ་གཞིག་བརྩེགས་མའི་རྣམ་པ་ཞིག་མཚོན་པར་བྱས་ཡོད། ཡིག་ངོས་ཁོ་ན་ནས་བལྟས་ཚེ། དེ་ནི་རྨི་ལམ་ཞིག་ཞིབ་འབྲི་བྱས་པ་ཙམ་དུ་སྲིད་མོད། དེ་ནི་འཆར་སྣང་གི་ཟུར་ངེས་ཅན་ཞིག་ལས་བརྒལ་དེ་ཅུང་ཟབ་པའི་ཤེས་དཔྱོད་ཀྱིས་འཚོ་གནས་ཀྱི་ཤུགས་སུ་གྲུབ་པའི་གསོན་གྲུབ་ཀྱི་མཚན་ཉིད་ཅིག་ལ་འགྲེལ་བཤད་བྱས་ཡོད་ལ། ཁེར་རྐྱང་དང་བར་སྟོང་། ཕན་ཚུན་སྣོལ་འབྲེལ། འབྲེལ་འདྲིས་བཅས་ཀྱི་བརྗོད་བྱ་གཙོ་བོར་དཔྱད་བསྡུར་བྱེད་པ་དང་འདྲ་བོ་འདུག་ཅིང་། འཚོ་གནས་མཚན་ཉིད་རིག་པའི་ངོས་ནས་དཔྱད་འགྲེལ་བྱས་ཚེ། དོན་གནད་མང་པོ་ཞིག་ལ་བསམ་གཞིག་བྱེད་དུ་འཇུག་ཐུབ་པ་མ་ཟད། རྨི་ལམ་གྱི་ངོ་བོ་དང་དོན་སྙིང་ནི་མི་མངོན་པའི་འདུ་ཤེས་ཀྱི་མཚོན་ཚུལ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ལ། ནང་ཤེས་ཀྱི་ཚེ་སྲོག་གི་རྒྱུ་འགུལ་དང་འདོད་ཞེན་གྱི་མཚོན་ཚུལ་ཞིག་ཀྱང་བསྟན་ཡོད་པ་རེད།
ལུག་ཁྱུ་ནག་པོ་དེ་སྙན་ངག་གི་བརྗོད་དོན་གཙོ་བོ་ཡིན་པའི་ངོས་ནས་མི་རྣམས་ལ་ཡིད་ཚོར་སྐྱོ་བོ་ཞིག་དང་གར་ཡོང་མི་ཤེས་པའི་གནོན་ཤུགས་ལྕི་མོ་ཞིག་ཤུགས་ཀྱིས་སྟེར་གྱི་ཡོད། རྫི་བོ་མེད་ཅིང་རྫི་གཞས་ཀྱང་མེད་པའི་ཁེར་རྐྱང་དང་གྲང་ཤུར་ཤུར་གྱི་སྣང་ཡུལ་དེ་ལྟ་བུ་ཞིག་ལ་མཚོན་ན། འབའ་སྒྲ་ནི་མ་གཞི་ནས་གསོན་ཉམས་ལྡན་ཞིང་གྲུང་ཤ་དོད་པོའི་ཚོར་ཤེས་ཤིག་ཡིན་དགོས་མོད། འོན་ཀྱང་འདི་རུ་དེ་ནི་རྨི་ལམ་ཚལ་བར་གཤགས་པའི་མི་མངོན་པའི་རྣོ་དབལ་གྱི་ཚེར་མ་ལྟ་བུར་གྱུར་ཡོད་པས། འདིས་མི་སྒེར་གྱི་མི་སྡེ་སྤྱི་བའི་ཁྲོད་ཀྱི་ཁེར་རྐྱང་གི་འདུ་ཚོར་དང་མི་གཤིས་ཀྱི་སྒེར་གཤིས་རང་བཞིན་ལ་བརྩོན་ལེན་དང་རེ་སྙེག་བྱེད་པ་མཚོན་ཡོད་།
སྙན་ངག་པ་དང་ལུག་ཁྱུ་ནག་པོའི་བར་གྱི་གཏིང་མཐའ་བྲལ་བའི་གཅོང་རོང་ནི་མི་རྣམས་ཀྱིས་དམིགས་བསལ་གྱིས་དོ་སྣང་བྱེད་དགོས་པའི་ཡིད་བརྙན་ཞིག་རེད། གཅོང་རོང་དེ་ནི་བར་སྟོང་གི་བར་ཐག་ཁོ་ན་ཙམ་མ་ཡིན་པར་སེམས་ཁམས་ཀྱི་བཀག་རྡོ་ཞིག་ཀྱང་ཡིན་སྲིད་། སྙན་ངག་པས་སྙན་ངག་གི་བརྡ་རྟགས་ལས་ལུག་ཁྱུ་ནག་པོ་དང་འབྲེལ་འདྲིས་བྱེད་པའི་སེམས་འདུན་ཡོད་ནའང་། མཐར་ཁོ་རང་ཉིད་ཀྱིས་ཀྱང་རང་གིས་ཅི་ཞིག་ལབ་བཞིན་པ་མི་ཐོས་པའི་སྣང་ཚུལ་ཡ་མཚན་ཞིག་བྱུང་སོང་བ་དང་། སེམས་ཡོད་ཀྱང་དོན་ལ་གནས་ཐབས་བྲལ་བུའི་འབྲེལ་འདྲིས་འདིས། མི་རྣམས་ལ་ཅི་བྱ་གཏོལ་མེད་དང་། སྐྱོ་གདུང་། རེ་འདུན་སྨྲ་མི་ཤེས་ཤིག་སྐྱེས་སུ་བཅུག འདིས་སྒེར་བའི་ཤེས་རྟོགས་དང་དེ་ངོས་འཛིན་བྱེད་པར་བསམ་གཞིག་རྒྱང་རིང་གཏོང་དུ་བཅུག་པ་རེད།
ང་ཚོས་ནམ་རྒྱུན་ནང་སེམས་ཀྱི་ཚོར་འདུ་དེ་ལྷུག་པོར་བརྗོད་འདོད་ཀྱི་ཀུན་སློང་སྐྱེས་ནའང་། སྐབས་སྐབས་སུ་རང་ཉིད་ཀྱིས་ཅི་ཞིག་བརྗོད་འདོད་པ་མི་ཤེས་པ་འདིས་ཀྱང་། མིའི་རིགས་ཀྱི་ནང་སེམས་ཀྱི་རྙོག་དྲའི་རང་བཞིན་དང་རབ་རིབ་རང་བཞིན་མཚོན་ཡོད་པ་རེད།
སྙན་ངག་འདི་ནི་རྨི་ལམ་ཞིག་ལས་མགོ་བརྩམས་ཏེ། གཡང་རོང་དང་། སྐྱིན་ཐང་། རབ་རིབ། ཁ་བ་སོགས་རང་བྱུང་ཡིད་བརྙན་གྱི་བརྡ་རྟགས་ལས་གྲུབ་པ་ཞིག་ཡིན་ལ། དེ་ལས་ཁ་བ་ནི་གདོད་མའི་མ་རྒྱུ་གལ་ཆེན་ཞིག་དང་། ཁ་བས་མི་རྣམས་ལ་དྭངས་གཙང་ལྷད་མེད་ཀྱི་སྨོན་འདུན་ཞིག་སྐྲུན་ཡོང་མོད། སྐབས་འདིར་ཁ་བས་སྙན་ངག་པའི་མཐོང་ལམ་རབ་རིབ་ཏུ་བཏང་བ་མ་ཟད། དོན་བརྗོད་ཀྱི་རྣམ་པའི་ཐད་ནས་འཚོ་གནས་ཁྲོད་ཀྱི་དཀའ་གནད་དང་འགྲན་སློང་ཡང་གསལ་བཤད་བྱས་ཡོད། ཁ་བ་བུ་ཡུག་གིས་སྙན་ངག་པ་དང་ལུག་ཁྱུའི(ཡང་ན་འཚོ་བའི་ཁྲོད་ཀྱི་བྱ་དངོས་སམ་མི)བར་གྱི་འགལ་རྐྱེན་མཚོན་ཐུབ་པས་དེ་ལས་ཕན་ཚུན་འབྲེལ་འདྲིས་དང་རྒྱུས་ལོན་བྱེད་དཀའ་བར་གྱུར་པ་དེ་མཚོན་པར་བྱས་ཡོད།
ལུག་ཁྱུ་ནག་པོ་མཐོང་ལམ་ནས་རྒྱང་དུ་ཕྱིན་ཏེ་སྟོང་སང་སང་གི་རྨི་ལམ་དང་གཡང་རོང་གི་བར་སྟོང་ལས་ལྷག་མེད་སྐབས། ཡོད་ཚད་འཇམ་ཅག་གེར་གྱུར་བ་དང་སྙན་ངག་ཀྱང་ཁེར་རྐྱང་གི་གནས་སུ་གྱུར་སོང་། དེ་ནི་སྙན་ངག་པས་འཚོ་གནས་དང་། མི་གཤིས། མི་དང་མིའི་བར་གྱི་འབྲེལ་བ། རང་ཉིད་ཤེས་རྟོགས་བཅས་ལ་བསམ་གཞིག་གཏིང་ཟབ་བྱས་པ་ཞིག་དང་ཀུན་ནས་མཚུངས་ཤིང་། ཁོས་རྨི་ལམ་འདི་ལྟ་བུ་ཞིག་བརྒྱུད་ནས་རང་ལ་དྲི་གཞི་ཞིག་དང་ཅི་ཞིག་གི་བློ་སྒོ་འབྱེད་རྩིས་བྱས་པར་དམིགས་མོད། འོན་ཀྱང་མཇུག་མཐར་ཁོ་ལ་བཞག་པ་ནི་གཏིང་རིང་པའི་གཡང་རོང་ཞིག་ལ་གདོང་གཏོད་དགོས་བྱུང་པ་དེ་ཡིན་ལ། དེ་ནི་མི་ཡི་ཚེ་སྲོག་གི་གསོན་གྲུབ་ཀྱི་མཚན་ཉིད་ཡིན། སྡོམ་ཚིག་འཇོག་ཐབས་བྲལ་བའི་འགུལ་སྐྱོད་རང་བཞིན་གྱི་ཀློང་འཁོར་ལྟ་བུ་ཞིག་ཀྱང་ཡིན་ནོ། །
སྙན་ངག་འདིའི་གཞི་གདངས་ལྕི་ཞིང་སྣང་ལྗོངས་སྐྱ་བོ་ཁོ་ན་ཞིག་ཏུ་སྣང་བ་དེ། ཧྥུ་ལུ་དབྱི་ཏེས(弗洛伊德《梦的解析》)“རྨི་ལམ་དུ་ཚོན་མདངས་གབ་སྦས་བྱས་ཡོད་། དམར་མདངས་བཀྲ་བའི་ཁྲག་མདོག་ཀྱང་སྐྱ་བོ་ལ་གྲུབ་འདུག གལ་ཏེ་རྨི་ལམ་དུ་ཚོན་མདངས་གསལ་བོར་མངོན་ཡོད་ཚེ། ཁྱེད་ཉིད་རྨི་ལམ་གྱི་གཏིང་རིམ་དུ་དངོས་སུ་སླེབས་མ་ཐུབ་པ་མཚོན”ཞེས་སྡོམ་ཚིག་བཞག་པ་ཇི་བཞིན། སྙན་ངག་འདེའི་ཁྲོད་དུ་གཞུང་ལུགས་དེ་གནད་ལ་འཁེལ་ཞིང་གཏིང་ཟབ་པའི་སྒོ་ནས་མངོན་པར་མཚོན་ཡོད་པ་རེད།
སྙན་ངག་པ་གང་མང་ཞིག་རྨི་ལམ་འབྲི་རྒྱུར་དགའ་ཞིང་། རྨི་ལམ་གྱི་ཕུགས་འདུན་ལ་བརྟེན་ནས་བྱ་དངོས་ཡོད་ཚད་ཀྱི་དར་རྒུད་དང་དེའི་བགས་སུ་སྦས་པའི་མཚན་ཉིད་ལ་བརྟག་ཐབས་བྱེད་ཀྱིན་ཡོད་པ་རེད་། འོན་ཀྱང་རྨི་ལམ་མཚོན་པའི་བརྩམས་ཆོས་མང་པོ་ཞིག་སྐད་ཆ་ཐན་ཐུན་དང་ཚན་པ་ཐར་ཐོར་ཅན་དུ་འདུག་པས། རྨི་ལམ་གྱི་ཆ་ཤས་ཤིག་དང་དེ་ལས་མངོན་པའི་གཏན་འཁེལ་རང་བཞིན་གྱི་ཚོར་འདུ་སྲབ་མོ་རེ་མངོན་གྱིན་ཡོད། ཧོ་སི་ཧྥེར་ཏེས(赫斯菲尔德《问:新诗》)“དོན་ལ་མིའི་འདུ་ཤེས་གཏིང་རིམ་གྱི་གཡོ་འགུལ་ཁོ་ན་མཚོན་པའི་སྙན་ངག་ནི་ཧ་ཅང་ཉུང་ཉུང་རེད། སྙན་ངག་མང་པོ་ཞིག་ནི་ཡིད་འགུགས་ཀྱི་ནུས་པ་ལྡན་པའི་ཚིག་སྦྱོར་དང་ཡིད་བརྙན་སྟབས་བདེ་ལས་ཐོན་པའི་སྣང་ལྗོངས་ཤིག་ཡིན་ལ། མང་ཆེ་བ་ཕྱི་རོལ་གྱི་འཇིག་རྟེན་ལ་དཔེ་དྲངས་ནས་མཚོན་པ་ཙམ་ཞིག་རེད། སྙན་དག་དེའི་རིགས་ནི་སྙན་ངག་ལ་སྤྲོ་བ་ཡོད་པའི་མི་ཞིག་ཡིན་ཚེ་འབྲི་སླ་བ་ཞིག་ཡིན”ཞེས་བརྗོད་ཡོད། འོན་ཀྱང་ཞི་བདེ་ཉི་མའི་སྙན་ངག་འདི་ནི་ཁོ་རང་ཉིད་ཀྱི་སྒེར་གཤིས་རང་ལུགས་ཁོ་ན་ཅིག་གསར་གཏོད་བྱས་པ་ཞིག་ཡིན་ཞེས་བརྗོད་ནའང་ཤིན་ཏུ་འོས་པ་ཞིག་ཡིན། སྙན་ངག་འདི་རྨི་ལམ་ནས་མགོ་བརྩམས་པ་དང་། རྨི་ལམ་གྱིས་མཇུག་སྒྲིལ་པ། མི་མངོན་ཤུགས་ཀྱི་འདུ་ཤེས་འོག་གསར་རྩོམ་བྱས་པ་དང་། དེ་ལ་དེང་རབས(哑剧)ལྐུག་གར་གྱི་གསར་རྩོམ་ཐབས་ལམ་སྤྱད་ཡོད་པས། སྒྲིག་གཞིའི་གྲུབ་ཚུལ་དང་། དུས་ཚོད་ཀྱི་བར་སྟོང་ཟབ་ཚད། ཀློང་ཡངས་པའི་འཆར་སྣང་སོགས་ཀྱང་དེ་ལས་མཚོན་ཡོད་ལ། དམིགས་བསལ་གྱི་མཚོན་ཐབས་འདིས་རྨི་ལམ་གྱི་གོ་རིམ་ཧྲིལ་བོ་ཞིག་མངོན་པ་མ་ཟད།མི་སྒེར་གྱི་ཚེ་སྲོག་ལ་གཏིང་ཟབ་པའི་འགྲེལ་བཤད་ཐེངས་ཤིག་བརྒྱབ་པ་དང་ནང་སེམས་ཀྱི་འགལ་འདུ་ལའང་དཔྱད་བསྡུར་གནད་ལ་འཁེལ་བ་ཞིག་བྱས་ཡོད་པ་རེད།
ཞི་བདེ་ཉི་མ་ནི་སྙན་ངག་གི་སྐད་ཆ་ལ་ཧ་ཅང་བྱང་རྩལ་ལྡན་པའི་སྙན་ངག་པ་ཞིག་རེད་། དེ་ནི་ཁོང་གི་སྒྱུ་རྩལ་བློ་སྦྱོང་དང་འབྲེལ་བ་དམ་ཟབ་ཡོད་སྲིད་། ཁོང་གི་སྙན་རྩོམ་མང་པོ་ཞིག་ལས་འཕྱོར་མཛེས་ཀྱི་ཕྱི་གཟུགས་དོར་ནས་ཉིན་རྒྱུན་གྱི་གནས་སྟངས་ལ་ཞུགས་ཏེ། ཡོད་ཚད་ཀྱི་མཚོན་དོན་དེ་འཚོ་གནས་ཀྱི་ཁྱད་རྟགས་ལས་ཐོན་པའི་བརྡ་སྐད་ཡིན་ལ། དེ་ལས་གྲུབ་པའི་ཡིད་བརྙན་དག་ནི་མི་ཡི་སྣ་མང་ལངས་གཟུགས་ཀྱི་གསོན་གནས་ཁྱབ་ཁོངས་ལ་ཟབ་ཞུགས་བྱས་ཡོད་པ་རེད་། ཁོང་གིས་སྙན་ངག་ལས་རྒྱུན་སྲོལ་གྱི་བསམ་གཞིགས་ལ་གཏོར་རྒོལ་དང་། བཀའ་ཆོས་ལེགས་བཤད་ཀྱི་གནའ་རབས་ཐ་སྙད་སྙིགས་དོར། གཞུང་ལུགས་སྟོང་བཤད་དང་བསྔགས་བརྗོད་བཀུར་སྟི་སོགས་བེད་མེད་པའི་བརྗོད་བྱ་དང་བསྟན་དོན་ལ་འགྲན་སློང་བྱས་ཏེ། དུས་རབས་རང་བཞིན་གྱི་སྙན་ངག་གི་སྐད་ཆའི་ཁྱད་རྟགས་དེ། མངོན་གསལ་དོད་པའི་ངང་དེང་གི་འཇིག་རྟེན་པའི་སྐད་ཆའི་མཛེས་དཔྱོད་ཀྱི་མ་ལག་ཅིག་ལ་བསྒྱུར་བ་མཚོན་ཡོད་པ་རེད། ཁྱད་རྟགས་དེ་དག་ལས་ཁོང་གི་སྙན་ངག་གསར་པ་ཕྱི་མའི་གསར་རྩོམ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་། སྙན་ངག་ཁྲོད་ཀྱི་མཚན་ཉིད་རིག་པའི་གཏིང་ཟབ་པའི་མཛེས་དཔྱོད་ཀྱི་རྣམ་པའང་མཚོན་གྱིན་ཡོད་པ་རེད།
ཞི་བདེ་ཉི་མའི་སྙན་ངག་ཁྲོད། ཚོགས་པ་ཞིག་གི་ཆགས་སྡང་སེམས་བྱུང་དང་སྲོལ་རྒྱུན་ཞིག་གི་སྙིང་སྟོབས་སོགས་འུད་སྒྲོག་སྟོང་བརྗོད་བྱེད་པ་མཐོང་རྒྱུ་མེད་ལ། ཁོང་གིས་ཐོག་མཐའ་བར་གསུམ་དུ་མི་སྒེར་གྱི་ལངས་ཕྱོགས་ནས་མགོ་བརྩམས་ཏེ་མི་གཤིས་ཀྱི་གཏིང་རིམ་ལ་འཚོལ་ཞིབ་གཏིང་ཟབ་བྱེད་བཞིན་འདུག་ལ། ལྷག་པར་དུ་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ནས་མཚན་ཉིད་རིག་པའི་གོ་དོན་ཞིག་ལ་ཞུན་བརྡར་བྱེད་ཀྱིན་ཡོད། དེ་ནི་ཁོང་གི་ཐུན་མོང་མ་ཡིན་པའི་སྙན་ངག་གི་འདོད་བློ་དང་ལྟ་སྟངས་ཡིན་ལ།ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་བརྟན་སྲུང་བྱེད་བཞིན་པའི་མཛེས་དཔྱོད་རིག་པའི་རྩ་དོན་ཡང་ཡིན།
རྨི་ལམ་ལས་མགོ་བརྩམས་ཤིང་རྨི་ལམ་ལས་མཇུག་བསྡུས་པའི་སྙན་ངག་འདི་ལས། ཐུན་མོང་མ་ཡིན་པའི་ཡིད་བརྙན་དང་ཟབ་ཅིང་ལྕི་བའི་སེམས་ཚོར་བརྒྱུད་དེ། ཁེར་རྐྱང་དང་། འུ་ཐུག བར་སྟོང་། འགལ་འཛིང་། ད་དུང་རྒྱུས་མངའ་དང་ཤེས་རྟོགས་སོགས་སྣེ་མང་གི་བསྟན་དོན་ཞིག་ཆེས་ལེགས་པའི་ངང་བརྒྱུད་སྤྲོད་བྱས་ཡོད་པ་རེད། རྨི་ལམ་ཁྲོད་ཀྱི་ལུག་ཁྱུ་ནག་པོ་ཡིས་མི་མངོན་པའི་འདུ་ཤེས་ཤིག་དང་། མི་སྒེར་དང་མི་སྡེ་ཡི་གསོན་གྲུབ་ཀྱི་དཀའ་གནས་སོགས་ལས་ཐོན་པའི་རང་རྟོགས་ཀྱི་མཚན་ཉིད་རིག་པའི་གནད་དོན་ཞིག་ལའང་བསམ་གཞིགས་མཛད་ཡོད་པ་རེད།
སྙན་ངག་ལས་ང་ཚོར་རྨི་ལམ་གྱི་ཁམས་ལས་མི་ཡི་ནང་སེམས་ཀྱི་འཇིག་རྟེན་དང་། མི་ཚེ་ཡི་དོན་སྙིང་ལ་འཚོལ་ཞིབ་བྱེད་པའི་ཐབས་ལམ་ཤིག་ཡིན་པ་གསལ་འདེབས་བྱས་ཡོད་ལ། དེས་ཀློག་པ་པོ་རྣམས་ལ་ཚེ་སྲོག་དང་དུས་ཚོད་ཀྱི་འབྲེལ་བ། མི་སྒེར་གྱིས་མུན་འཐོམ་ཁྲོད་ཅི་ལྟར་དཔྱད་འཚོལ་བྱེད་པའི་དྲིས་ལན་གསལ་བོ་ཞིག་བསྐྱོན་པ་རེད།
ཟུར་ངོས་གཞན་ཞིག་ནས་གླེང་ཚེ། སྙན་ངག་པས་མཚན་མོར་དྲིན་བཟོ་བྱེད་པ་བསྟན་ཡོད་ལ། མུན་ནག་ནི་ནག་པོ་ནག་རྐྱང་དང་ཡལ་མི་སྲིད་པའི་སྣང་ཚུལ་ཞིག་ཡིན་པས། མཚན་ཉིད་རིག་པའི་ཟུར་ངོས་ནས་བལྟས་ཚེ་དེ་ནི་དུས་ཚོད་དང་གསོན་གྲུབ། མུན་ནག་གི་ངོ་བོའི་ཐད་ཀྱི་བསམ་གཞིག་ཅིག་ཡིན།
སྙན་ངག་ཁྲོད“མཚན་མོ་ནི་གསུབ་མི་ཐུབ་པའི་དུས་ཚོད་ཅིག”ཟེར་བ་འདི་ལས། དུས་ཚོད་ཀྱི་རྒྱུན་བསྲིང་རང་བཞིན་དེ་ནི་ལྡོག་ཏུ་མེད་པ་ཞིག་ཡིན་པ་ཤུགས་སུ་བསྟན་ཡོད་ལ། དུས་ཚོད་ནི་མིའི་རིགས་ཀྱི་མཉམ་ཚོར་ལས་བྱུང་བའི་ཆེས་རྩ་བའི་ཚད་ཐིག་ཅིག་ཡིན་ལ། དེ་ཡིས་ང་ཚོའི་འཚོ་སྟངས་དང་སྤྱོད་ལམ་ལ་ཤུགས་རྐྱེན་བཟོ་བཞིན་ཡོད་པས། ང་ཚོས་ཅི་ལྟར་དུས་ཚོད་དང་ཚེ་སྲོག་བར་གྱི་འབྲེལ་བར་ཤེས་རྟོགས་དང་། དུས་ཚོད་ནི་གསོན་གནས་དང་གལ་འགངས་ཆེ་ཚུལ་དེ་མཚན་ཉིད་རིག་པའི་ཆེས་ཟབ་པའི་བརྗོད་དོན་ཞིག་ཀྱང་ཡིན་ནོ། །
སྙན་ངག་པས“གཡང་རོང་དུ། དཀར་སང་སང་གི་རུས་པ་ཞིག་རྙེད།”པའི་སྐད་ཅིག་མའི་ནང་། ངས་ཡི་རག་གི་འཁྲབ་ཁྲིད་པ་ཨ་པ་ཟིས«རླུང་ཁྲོད་དུ་བཞུད་པ»(阿巴斯电影《随风而逝》)ཞེས་པའི་གློག་བརྙན་ནང་ཁོའི་ལག་ཏུ་རུས་པ་དཀར་པོ་ཞིག་འཆང་བའི་ངང་ཚུལ་དེ་དྲན་བྱུང་། རིགས་རྒྱུད་དང་རིག་གནས་ཀྱི་རྒྱབ་ལྗོངས་ཁ་ཁ་ཡིན་པའི་མི་བུ་འདི་གཉིས་ལ་མཚོན་ན། ཁོ་ཚོས་འཆི་བ་དང་འཚོ་གནས་ཀྱི་ཤེས་ཚོར་ལ་ངོས་འཛིན་བྱེད་སྟངས་དེའི་ཆ་ཧ་ཅང་མཚུངས་ལ། མིའི་རིགས་ཀྱིས་ངེས་པར་དུ་རང་ཉིད་ཀྱི་གསོན་གནས་ཁྲོད་དུ། ཚེ་སྲོག་གི་སྙིང་བོ་འཚོལ་ཞིབ་བྱ་དགོས་པའི་ངོས་འཛིན་དེ་འདྲ་འདྲ་ཞིག་ལ་གོ་འདུག བྱ་སྤྱོད་འདི་ལས་མུན་ནག་གི་ཁྲོད་དུ་ང་ཚོས་རང་ཉིད་ཀྱི་ཚེ་སྲོག་གི་གནས་སྟངས་ཁྱད་པར་བའི་མཚན་ཉིད་དེ། སྔར་ལས་གཏིང་ཟབ་པའི་སྒོ་ནས་ཤེས་ཚོར་བྱེད་ཐུབ་ཅིང་། མུན་ནག་གི་ངོ་བོ་དང་མཚན་གཞི་ནི་ང་ཚོའི་གཏིང་མི་དཔོག་པའི་མཚན་ཉིད་རིག་པའི་དོགས་འདྲིའི་གནད་དོན་ཞིག་ཡིན་པའང་གསལ་སྟོན་བྱས་ཡོད་པ་དང་། ལྐོག་གྱུར་དང་འཇིགས་སྣང་གི་ཚོར་བ་ལས་མི་རྣམས་ཀྱིས་སྙན་ངག་ཁྲོད་དུ། འདྲ་མིན་སྣ་ཚོགས་ཀྱི་གོ་བ་ལེན་རྒྱུར་གཞོག་འདེགས་ཀྱི་ནུས་པ་ཐོན་གྱིན་ཡོད་སྟབས།མུན་ནག་ནི་ལྡོག་ཕྱོགས་ཀྱི་འབྲེལ་སྟངས་ཤིག་མ་ཡིན་པར། ལྐོག་གྱུར་དང་ཚོད་བགམ་བྱེད་ཐབས་བྲལ་བའི་སྟོབས་ཤུགས་ཤིག་ཡིན་ནོ། །
མདོར་ན་ཞི་བདེ་ཉི་མ་ནི་ཚོགས་པ་ཞིག་གི་སེམས་བྱུང་ཁོ་ནས། ཕུགས་བསམ་དང་དུང་བརྗོད་ཀྱི་ཚོར་བ་འཚོལ་ཅི་ཐུབ་བྱེད་པའི་སྙན་ངག་པ་ཞིག་མིན་པར། ཁོང་ནི་དེང་རབས་ཀྱི་ཤེས་འཇོན་དང་བློ་སྦྱོང་ལྡན་པའི་སྙན་ངག་པ་ཞིག་རེད་ལ། གོང་གསལ་ནི་ངས་ཁོའི་སྙན་ངག་ཁྲོད་དུ་ང་རང་ཅུང་ཚོར་བ་ལྡན་པའི་སྙན་ངག་འདིར་དཔྱད་ཞིབ་མདོར་བསྡུས་བྱས་པ་ཞིག་ཡིན་ལ། དེ་དང་ཆབས་ཅིག་ཏུ་ཞི་བདེ་ཉི་མའི་སྙན་ངག་གང་ཡིན་ཡང་ང་ལ་མཚོན་ན་འགུག་ཤུགས་ངེས་ཅན་ཞིག་ལྡན་པས། ངས་ཁོང་གི་སྙན་ངག་ལ་བཟུང་བའི་དད་འདུན་དང་དེ་ཡིས་ང་ལ་བསྩལ་བའི་སྒྱུ་རྩལ་གྱི་གསོན་ཤུགས་དེ། ནང་སེམས་ཀྱི་ཉམས་པ་མེད་པའི་ཚེ་སྲོག་གི་དགའ་སྟོན་ཞིག་ཏུ་འདོད། །
2024/6/24ཉིན།
འབྲེལ་ཡོད་འོས་སྦྱོར།