བོད་ཀྱི་རང་མོས་སྙན་ངག་གི་དགེ་མཚན་ཆེན་པོ་གསུམ།
རྩོམ་པ་པོ།:གངས་ཞུན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-09-24
ཀློག་གྲངས།:
རང་མོས་སྙན་ངག་ནི་བོད་ཀྱི་དེང་རབས་རྩོམ་རིག་གི་སྲོག་ཤིང་ཡིན། རང་མོས་སྙན་ངག་བྱུང་བས་བོད་ཀྱི་དེང་རབས་རྩོམ་རིག་གི་ཁྱད་ཆོས་འབུར་དུ་ཐོན་ཞིང་གླེང་རིན་ཡོད་པར་བཏང་ཡོད། དེ་བས་རང་མོས་སྙན་ངག་གི་དགེ་མཚན་ཡང་ཡང་བརྗོད་ནས་ཡང་དག་པའི་ལམ་དུ་འཇུག་པར་བྱ་བ་ནི་རྩོམ་རིག་གི་བྱ་གཞག་རླབས་ཆེན་ཞིག་ཏུ་སེམས།
གཅིག རྣམ་པ་རང་མོས་ཀྱི་དགེ་མཚན།
སྙན་ངག་གི་རྣམ་པ་ལ་སུས་ཀྱང་ཚད་འཛིན་བྱེད་མི་ཐུབ། སྙན་ངག་གི་རྣམ་པ་ནི་འདི་དང་དེ་ལྟ་བུ་ཡིན་དགོས་སོ་ཞེས་སྐྱེ་བོ་གང་ཞིག་གིས་ཀྱང་བཀའ་བསྒོས་ཁ་ཚོན་གཅོད་ཐབས་བྲལ། ཇི་སྲིད་སྐྱེ་བོའི་རྣམ་རྟོག་ལ་མཐའ་མེད་པ་དེ་བཞིན་སྙན་ངག་གི་རྣམ་པ་ལ་ཡང་མཐའ་མེད། ཚིག་སྦྱོར་རིང་ཐུང་། ཚིག་གི་གཅོད་མཚམས། རྒྱན་སྦྱོར་སྟངས། ཐ་སྙད་བཀོལ་ཚུལ། བརྗོད་དོན་མཚོན་ཐབས་སོགས་ལ་ཚད་མ་བཟུང་བར་སྙན་ངག་པས་བརྗོད་འདོད་ཀྱི་མོས་པ་དང་རྩོམ་རྩལ་ལ་བརྟེན་ནས་རང་རང་སོ་སོའི་གཤིས་སུ་མངའ་བའི་ཁྱད་ཆོས་རྩད་ནས་བཏོན་ན་ཕུན་སུམ་ཚོགས་པའི་བརྩམས་ཆོས་སྤང་ལ་མེ་ཏོག་ཡི་འདྲ་བ་སྣ་ཚོགས་ཁྲ་ལམ་མེར་བཞད་པ་ཇི་བཞིན་མི་ཟད་པའི་མཛེས་སྡུག་ལྡན། དཔེར་ན་སྙན་ངག་ལ་ཚིགས་བཅད་སྙན་ངག་དང་རང་མོས་སྙན་ངག ཚིག་ལྷུག་སྙན་ངག དོན་བརྗོད་སྙན་ངག སྙན་ངག་ལུས་ཀྱི་བརྩམས་སྒྲུང་སོགས་དངོས་སུ་བྱུང་ཡོད་པ་དང་། སྙན་ངག་པ་རེ་རེར་ཡང་རང་གི་མོས་ངོ་དང་འཚམ་པའི་སྙན་ངག་གི་ལུས་ལ་འདེམ་ཀ་བྱེད་པའི་སྐལ་བཟང་ཤར་བ་འདི་ལགས་པས། ད་ལྟ་མེད་ཀྱང་འབྱུང་འགྱུར་ཡོད་རུང་བའི་སྙན་ངག་གི་མཐའ་ལ་སུས་ཀྱང་ཚད་བཟུང་བར་མི་རིགས། སྐབས་འདིར་ཐོན་དུས་རང་རེའི་སྙན་ངག་ཕྱི་རྣམ་པའི་བཀག་རྒྱ་ལས་ཐར་བ་ཡིན། སྙན་ངག་ནི་གཙོ་བོ་ཕྱི་རྣམ་པའི་སྟེང་ནས་མཚོན་དོན་ལ་གཟས་ཤིང་འབབ་པས་ན་ཕྱི་རྣམ་པའི་བཀག་རྒྱ་ལས་ཐར་བ་ནི་སྙན་ངག་འཕེལ་རྒྱས་སུ་འགྲོ་བའི་དཀྱོགས་མཚམས་གལ་ཆེན་ཞིག་ཡིན། དེ་དང་མཉམ་དུ།མིའི་མཛེས་རྟོག་གི་རེ་འདོད་ལ་མཐའ་མེད་པས་སྙན་ངག་སོགས་སྒྱུ་རྩལ་བརྩམས་ཆོས་ལ་ཡང་འདི་དང་དེ་ནི་སྒྱུ་རྩལ་ཡིན་ནོ་ཞེས་པའམ་དེ་དང་ཀན་ནི་མཛེས་པས་ཕྱུག་གོ་སོགས་མཐའ་གཅིག་ཏུ་ཁ་ཚོན་གཅོད་མི་རིགས་ལ་སྒྱུ་རྩལ་གྱི་ཚད་ཀྱང་བཟུང་མི་ནུས་སོ་ཞེས་ཚིག་ཐག་ཆོད་པོས་སྨྲས་པ་ལགས། རང་རེའི་ཁྲོད་དུ་སྙན་ངག་གི་ལུས་ལ་ཚིགས་བཅད་གཅིག་པུས་ཆོག་པར་འདོད་མཁན་དང་། སྙན་ངག་གི་བརྗོད་བྱ་ནི་མི་སྒེར་གྱི་ཚོར་བ་ཙམ་ལས་བྱ་གཞག་དང་ཚོགས་པ་སོགས་ཁྱབ་ཁོངས་གང་གི་ལག་ཆར་ཡང་འགྱུར་མི་རུང་བ་དང་། མཚོན་ཐབས་ཀྱི་ཆ་ནས་རབ་རིབ་མག་མོག་སོགས་ལམ་གཞན་བཀག་ནས་ཁ་ཕྱོགས་སམ་གཅིག་ལ་འགྲོ་དགོས་པར་འདོད་པ་གང་ཡིན་ཡང་ནོར་འཁྲུལ་དུ་མཁྱེན་པར་རིགས་སོ། ། གཞན་དུ་ན། སྙན་ངག་པའི་རྣམ་རྟོག་ལ་ཡང་མཐའ་མེད་པས་སྒེར་གྱི་ཚོར་བ་བརྗོད་པའམ། མི་རིགས་ཀྱི་བདེ་སྡུག་སྟོན་པ། མིའི་རིགས་ཀྱི་ལས་དབང་མཚོན་པ་སོགས་བརྗོད་བྱ་སྣ་ཚོགས་ལ་གཙོ་ཕལ་རབ་འབྲིང་གི་ཁྱད་པར་གྱི་ཚོད་འཛིན་མེད་པར་རང་དབང་གིས་ཅི་དགར་འདེམ་ཆོག་པ་དང་། ཐད་ཀར་བརྗོད་པ་དང་བསྐོར་ནས་སྟོན་པ། གབ་ནས་མཚོན་པ་སོགས་རྒྱན་གྱི་ཕྱོགས་ལ་ཡང་མཆོག་དམན་གྱི་དབྱེ་བའི་ཚོད་འཛིན་མེད་པར་རང་ཉིད་གང་ལ་གོམས་པ་དང་ཇི་ལྟར་གནད་ལ་འབབ་པ། གང་ལྟར་མཚོན་སྟོབས་ཆེ་བ་སོགས་མདོར་ན་ཇི་ལྟར་སྟོན་འདོད་ཀྱི་དོན་དེ་ཆ་ཚང་ཞིང་གཏིང་ཟབ་པ། རང་གི་མཚོན་འདོད་པའི་ཟུར་དེ་ནས་མཚོན་པར་བྱེད་སྐབས་ལྟ་བ་གང་རུང་གི་བཀག་འགོག་དང་ཚོད་འཛིན་མེད་པ་ཞིག་ངེས་པར་གལ་ཆེ།
སྤྱི་ལོ༡༩༨༣ལོར་རིག་པའི་དཔའ་བོ་སྐུ་ཞབས་རང་གྲོལ་མཆོག་གི«ལང་ཚོའི་རྦབ་ཆུ»ཞེས་པའི་བོད་ཀྱི་རང་མོས་སྙན་ངག་གི་ཐོག་མ་བྱུང་བ་ནས་བཟུང་བོད་ཀྱི་སྙན་ངག་ལོ་ངོ་སྟོང་ཕྲག་གི་ཕྱི་རྣམ་པའི་བཀག་རྒྱ་ལས་ཐར་བའི་མགོ་བརྩམས། མེ་ལོང་ལུགས་ཀྱི་ཚིགས་བཅད་ཤོ་ལོ་ཀ་དང་ཚེག་བར་དོ་མཉམ་པ། རྒྱན་མང་དུ་བཀོལ་བ་སོགས་ལས་ཐར་ནས་ཚིག་ཕྲེང་དང་ཚེག་བར་མང་ཉུང་ལ་མ་ལྟོས་པར་རང་མོས་ངང་སྦྱར་ཆོག་པ་བྱུང་བས། ཚིག་སྦྱོར་ལ་འགྲོགས་པའི་ཚོར་བའི་རྒྱུན་དང་ཚོར་བ་བདེ་སྡུག་བཏང་སྙོམས་ལ་ཐིམ་པའི་དབྱངས་འགྲོས་ལ་ཡང་རང་དབང་ཐོབ་ནས་སྙན་ངག་པའི་བསམ་དོན་ངོ་མ་མཚོན་པར་ཐག་ཇེ་ཉེ་དང་སྟབས་ཇེ་བདེར་བཏང་ཡོད། དེ་ནི་རྩོམ་རིག་ལོ་རྒྱུས་ཁྲོད་ཀྱི་རྒྱལ་ཁ་ཆེན་པོ་ཞིག་དང་། དུས་རབས་ཉེར་གཅིག་པའི་དུས་མཇུག་གི་སྙན་ངག་པ་དང་དཔྱད་བརྗོད་པ། རྩོམ་སྒྲིག་པ་སོགས་མི་རབས་གཅིག་གི་ཐུན་མོང་ལོ་རྒྱུས་ཀྱི་གྲུབ་འབྲས་ཀྱང་ཡིན། དེ་དང་མཉམ་དུ། སྐུ་ཞབས་རང་གྲོལ་ཉིད་ལ་བོད་ཀྱི་རང་མོས་སྙན་ངག་གི་སྲོལ་འབྱེད་པའི་གོ་ས་ཕུལ་བས། སྙན་ངག་གསར་བའི་མགོ་འཛིན་ས་དང་མདོ་འབབ་སའི་དམིགས་འབེན་ཡང་ཇེ་གསལ་དུ་བཏང་ཡོད།
དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པའི་ནང་དུ། «ལང་ཚོའི་རྦབ་ཆུ»ལ་ལད་མོ་བྱེད་པ་ཁ་ཅིག་གིས་སྐས་དབྱིབས་སྙན་ངག་དང་གྱེར་འདོན་སྙན་ངག་གི་ཕྱོགས་སུ་འཐེན་པ་འདྲ་ཞིག་བྱུང་ཡང་ཅང་མ་འགོར་བར་ཕྱི་ལུས་ཀྱི་ཚོད་འཛིན་མི་བྱེད་པའི་རང་མོས་ཅན་དུ་འགྲོ་ཐུབ་ཡོད། དེ་ནི་སྐབས་དེའི་སྙན་ངག་པ་དག་གི་རྣམ་དཔྱོད་ཀྱི་འབྲས་བུ་ཡིན། «ལང་ཚོའི་རྦབ་ཆུ»ཡི་ཤུགས་རྐྱེན་ཆེ་དྲགས་པས་དུས་ཡུན་ཐུང་ངུའི་ནང་དེའི་སྤར་འོག་ནས་ཐར་བའི་འབྲས་བུ་དེ་འདྲ་ཐོབ་པ་ཤིན་ཏུ་དཀའ། ཨེ་ལེ་ཐི་ཡི་སྙན་ངག«མྱ་ངམ་ཐང»ཐོན་རྗེས་དབྱིན་ཡིག་གི་སྙན་ངག་ལོ་ངོ་སུམ་ཅུའི་རིང་ལ་དེའི་ཤུགས་རྐྱེན་ལས་ཐར་མ་ཐུབ་པར་དེ་ལ་ལད་ཟློས་དང་ཡང་ཟློས་བྱེད་པ་ལས་དུས་རབས་ཀྱི་ཁྱད་ཆོས་མངའ་བའི་སྙན་ངག་བྱུང་མ་ཐུབ་པར་བཤད། དེ་ལ་བལྟས་ན་བོད་ཡིག་སྙན་ངག་འདི«ལང་ཚོའི་རྦབ་ཆུའི»ཤུགས་རྐྱེན་ལས་མྱུར་དུ་ཐར་ནས་མེ་ཏོག་མཉམ་བཞད་ཀྱི་ཕུན་སུམ་ཚོགས་པའི་ལམ་དུ་ཞུགས་ཐུབ་ཡོད། སྐབས་དེའི་སྙན་ངག་པ་འཇུ་སྐལ་བཟང་གི«བསམ་གཞིགས»དང་དཔའ་རྩེའི«གནའ་བོའི་ཅོང་རྙིང» ལྗང་བུའི«གཡའ་ཤིང་གི་ལོ་མ» ནོར་སྡེའི«ང་ཡི་རྒྱུགས་ཤོག»སོགས་ནི་བདེན་པ་ར་སྤྲོད་ཀྱི་དཔང་རྟགས་ཡིན།
དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་པ་ནི་བོད་ཀྱི་རང་མོས་སྙན་ངག་འཕེལ་རྒྱས་ཆེས་ཆེ་བའི་དུས་སྐབས་ཡིན། སྐབས་དེར་ཟི་ལིང་དུ་གནའ་མཁར་འདྲེ་བཞི་དང་། ཆབ་ཆ་རུ་སྨྱོན་པ་སྤུན་བཞི། རེབ་གོང་དུ་རོང་བོ་འུག་པ་མིང་སྲིང་བཞི་ལྟ་བུ་སོགས་སྙན་ངག་འབྲི་མཁན་གྱི་ཚོགས་པ་གང་མང་བྱུང་ནས་རང་མོས་སྙན་ངག་རྦ་རླབས་ལྟར་འཕྱུར་བར་བྱས། རྩོམ་སྟངས་སྣ་མང་ཅན་དང་ཚིག་རྒྱན་ནུབ་ཕྱོགས་ཅན་དུ་བྱེད་པའི་སྐབས་ཤིག་བྱུང་ཞིང་། བསམ་གཞིག་ཟུར་གསུམ་མ་ལྟ་བུ་སོགས་ཐ་སྙད་གསར་བ་གང་མང་སྦྱོར་མགོ་བརྩམས་ཤིང་ཚོར་བརྗེ་ཡི་འབྲི་ཐབས་ཅུང་རྒྱུག་ཆེ་བ་བྱུང་། སྐབས་དེའི་སྙན་ངག་པ་རྣམས་ནུབ་ཕྱོགས་པའི་རང་མོས་སྙན་ངག་འབྲི་སྟངས་ལ་བྱང་ཞིང་གོམས་པར་གྱུར་ཏེ་རང་དབང་དུ་སྤྱོད་ནུས་པ་བྱུང་སྟེ་དཔེར་ན་གཅན་མེ་སྟག་གི«ཉི་ཟླ་རི་བོའི་སྙན་ཚིག» ཞི་བདེ་ཉི་མའི«ང་ཚོས་སྤྱང་ཀི་ལ་སློབ་སྦྱོང་བྱེད་དགོས» འབྲོང་གི«ཕ་ཡུལ» མཚོ་སྐྱེས་ཀྱི«ངང་བ་དཀར་པོ» ལྡོང་ཆུ་ཤེལ་གྱི«སྒྲོལ་དཀར་མཚོ» རྨ་འོད་ཀྱི«ཉི་མའི་མགྲོན་པོ» ཨོ་རྒྱན་རྡོ་རྗེའི«རྨི་ལམ»སོགས་ཀྱིས་དེ་རིང་ཡང་ད་དུང་ང་ཚོར་སྒྱུ་རྩལ་གྱི་བྲོ་བ་ལྷུག་ལྷུག་ཏུ་སྩོལ་ནུས་ཤིང་མ་འོངས་པའི་བོད་ཀྱི་རྩོམ་རིག་ལོ་རྒྱུས་ལ་ངོ་མཚར་བའི་ནང་དོན་བསྐྲུན་ཟིན། རྒྱུ་མཚན་ཡོད་དེ། འདིའི་སྐབས་ཀྱི་སྙན་ངག་གིས་ང་ཚོར་ཉེན་བརྡ་གང་ཞིག་གཏོང་བཞིན་ཡོད། ཉེན་ཁ་དེ་ནི«སྤྲུལ་སྐུ»དང«གནའ་བོའི་ཅོང་རྙིང»གི་ཉེན་ཁ་མ་ཡིན་པར«ཉི་ཟླ་རི་བོའི་སྙན་ཚིག»དང«ང་ཚོས་སྤྱང་ཀི་ལ་སློབ་སྦྱོང་བྱེད་དགོས»པའི་གནད་དོན་རེད།
དུས་རབས་ཉེར་གཅིག་པའི་མགོ་སྟོད་དུ། མི་རབས་གསུམ་པ་བྱུང་བ་ལ་ཡང་དོན་སྙིང་ཆེན་པོ་ལྡན། དེ་ནི་མི་རབས་ཤིག་གི་སྙིང་སྟོབས་དང་བློ་གྲོས་རེད། ཁོང་རྣམ་པས་ལུས་ཀྱི་རྣམ་པ་ནས་བརྗོད་བྱའི་གཟས་ས། མཚོན་སྟངས་སོགས་དུས་རབས་སྔོན་མ་ལས་དཀྱེལ་ཡངས་སུ་བཏང་སོང་། ལྷག་པར་དུ་མི་རིགས་གླེང་བའི་གུ་དོག་གི་བསམ་བློ་ལས་བརྒལ་བར་ཚོད་ལྟ་གནང་། ཁོང་ཚོའི་རྒྱལ་ཁ་ལེན་ས་འདི་ཡིན་ལ་ཕམ་ཁ་ཁུར་ས་ཡང་གནད་འདི་ན་ཡོད། མི་རིགས་མི་བརྗོད་པར་མི་སྒེར་བརྗོད་པ་ནི་གཏིང་ཟབ་ས་དང་རྒྱ་ཆེ་ས་ཞིག་འདེམ་པ་ཡིན་པས་ཤིན་ཏུ་འགྲིག་ན་ཡང་དེས་རང་ཉིད་ཀྱི་འཚོ་བ་ངོ་མ་ལས་ཁ་བྲལ་བའི་ཉེན་ཁ་འབྱུང་སྲིད། མཐར་གཏུགས་ན་ང་ཚོའི་སྐད་ཡིག་དང་རིག་གནས། དད་མོས། འཚོ་སྡོད། གོམས་སྲོལ། བསམ་བློ་སོགས་འཚོ་གནས་ཡོད་ཚད་མི་རིགས་འདི་དང་ཆུ་ལ་ཆུ་བཞག་གི་ཚུལ་དུ་འདྲེས་པས་མི་རིགས་ལས་བརྒལ་ནས་གཞན་ཅི་ཞིག་འབྲི་བ་ནི་ཤིན་ཏུ་དཀའ་བར་སེམས་སོ། །མི་རབས་གསུམ་པས་དཀའ་བ་ཤེས་བཞིན་དུ་ཚུལ་འདི་ལ་ནན་གྱིས་འཇུག་པ་ནི་དཔའ་པོའི་ལས་སོ། །མི་རབས་གསུམ་པའི་སྐབས་འདིའི་ཚབ་མཚོན་སྙན་ངག་པ་ལ་སྐྱབས་ཆེན་བདེ་གྲོལ། རེ་རྐང་གླིང་། མདའ་བཙན་པོ། གུ་རུ་དོན་གྲུབ། མར་ཁུ་རྒྱལ་མཚན། འབྲོང་ཕྲུག་ལྷ་ཆེན་རྒྱལ། ས་དཀྱིལ་ཚེ་བཀྲ། མཚོ་བུ་དགའ་བདེ། རྨོག་རུ་ཤེས་རབ་རྡོ་རྗེ་སོགས་གྲངས་མང་། ཉེ་བའི་ཆར། གསར་བྱུང་གི་སྙན་ངག་པ་འདི་ཞེས་འབུར་དུ་ཐོན་པ་ཞིག་བགྲང་དཀའ་ན་ཡང་རང་མོས་ཀྱི་རྩོམ་སྟངས་ཕུན་སུམ་ཚོགས་པར་བྱས་ཡོད་པ་མངོན་གསལ་རེད།
ཅུང་ཟད་བརྗོད་འདོད་པ་ཞིག་ནི། དུས་རབས་སྔོན་མའི་སྙན་ངག་པ་སྐོར་ཞིག་གིས་ད་དུང་ཡང་རྩོམ་མཚམས་མ་བསྐྱུར་བར་རྒྱུན་འཁྱོངས་གནང་ཡོད་པར་མ་ཟད། བརྩམས་ཆོས་ལ་ཡང་རང་གི་གཤིས་ཀ་ཆགས་ནས་ཐུན་མིན་གྱི་ཁྱད་ཆོས་འཛོམས་པ་ནི་ཤིན་ཏུ་དགའ་འོས་པ་ཞིག་ལགས། ཁོང་ཚོས་ཡུན་རིང་སྦྱངས་པའི་རྩོམ་རྩལ་དང་བརྒྱུད་ཟིན་པའི་འཚོ་བའི་ཉམས་མྱོང་། འཇིག་རྟེན་ལ་བརྟགས་ཤིང་དཔྱད་པའི་གོ་བ་ཟབ་མོ་དག་གཅིག་ཏུ་བསྡོམས་ནས་མི་ཡུལ་གྱི་འཚོ་བ་བརྗོད་ཡོད་པ་རྣམས་གཞན་དག་གམ་ཡང་ན་རྒྱལ་སྤྱིའི་རྩོམ་སྟེགས་སུའང་ངོམ་དུ་རི་བའི་ཚད་ལ་སླེབས་ཟིན་སྙམ། དཔེར་ན། གཅན་མེ་སྟག བྱ་གཞུང་དབྱངས་བྷ། མཚོ་སྐྱེས། ཁྱུང་ཐར་རྒྱལ། རྨ་འོད། ཞི་བདེ་ཉི་མ་སོགས་ལྟ་བུའོ། །
མདོར་ན། རྣམ་པ་རང་མོས་ཀྱི་སྙན་ངག་འདི་བྱུང་བས་སྐུ་ཞབས་རང་གྲོལ་གཙོ་བྱས་པའི་སྙན་ངག་པ་ཕུལ་དུ་བྱུང་བ་གང་མང་བྱུང་ནས་བོད་ཀྱི་རྩོམ་སྟེགས་ལ་རོ་བཅུད་ཕུན་སུམ་ཚོགས་པའི་དགའ་སྟོན་བཤམས་ཟིན་ལ། མ་འོངས་པར་ཡང་རང་མོས་ཀྱི་རྩོམ་ལུས་འདིའི་དགེ་མཚན་ལ་བརྟེན་ནས་གྲུབ་འབྲས་སྔར་ལས་ལྷག་པ་ལེན་ཐུབ་པར་མ་ཟད། རང་གཞན་ཀུན་གྱི་བློ་ཡུལ་ལས་འདས་པའི་ངོ་མཚར་སྐྲུན་ངེས་པའི་སྟ་གོན་ཡང་གྲུབ་ཟིན།
གཉིས། བརྗོད་བྱ་འཚོ་བའི་ཟ་ཟུར་ཀུན་ལ་ཁྱབ་པ།
རང་མོས་སྙན་ངག་བྱུང་བ་ནས་བོད་ཀྱི་སྙན་ངག་གི་བརྗོད་བྱ་སྣ་འཛོམས་ནས་ཕུན་སུམ་ཚོགས་པར་བཏང་ཡོད། གོ་ཐོས་ལ། སྐུ་ཞབས་རང་གྲོལ་ཞལ་བཞུགས་དུས། ཁོང་གིས་ཡར་ལོ་རྒྱུས་ལ་མཇལ་དུས་སྙན་ངག་མང་ཆེ་བ་བླ་མ་དང་དགོན་པ་སོགས་ཀྱི་བསྟོད་པར་འདུག་ཅིང་། བར་དུས་དེབ་སོགས་ལ་ལྟ་དུས་ཏང་དང་སློབ་གྲྭ།དགེ་རྒན་ལ་བསྟོད་པ་ཤས་ཆེ་བར་གཟིགས་པས་ཐུགས་སུན་ནས«བསྟོད་པ་བཀླགས་པའི་འཆར་སྣང»ཞེས་པའི་ཕྱག་རྩོམ་གནམ་ལྕགས་ཐོག་མདའ་ངར་མ་དེ་སྟོབས་ཀྱིས་འཕངས་པས་བསྟོད་རྩོམ་བྲག་རི་སིལ་བུར་གཏོར་ཏེ་བོད་ཀྱི་སྙན་ངག་དེ་བརྗོད་བྱ་སྣ་གཅིག་གི་བར་ཆད་ལས་ཐར་ཞིང་སྤྱི་ཚོགས་འཚོ་བའི་ཟ་ཟུར་གང་སར་ཁྱབ་པ་མ་ཟད། སྙན་ངག་གི་ལུས་ཀྱི་རིང་ཐུང་དང་། རྒྱན་སྦྱོར་ཚུལ། བརྗོད་བྱ་མཚོན་སྟངས་སོགས་ཀྱང་སྟབས་བདེར་བཏང་བས་སུས་ཀྱང་བྲིས་ཆོག་ལ་འབྲི་ཤེས་པར་གྱུར་ཏེ་འབྲི་མཁན་ཡང་རྒན་གཞོན་ཕོ་མོ་སོགས་མཐོ་དམའ་མེད་པར་དམངས་བྱིངས་ཀྱིས་རང་གི་ཚོར་བ་བརྗོད་ཆོག་ཅིང་བརྗོད་ཤེས་པའི་མཛེས་སྡུག་གི་ལོ་རྒྱུས་ཐུན་མོང་མ་ཡིན་པ་ཞིག་གི་མགོ་བརྩམས། ངོ་མ་བཤད་ན། སྙན་ངག་མང་ཚོགས་ལ་དབང་བ་ཞེས་པ་དེ་འདི་འདྲ་ལོས་ཡིན་སྙམ། གང་ལྟར་མཚམས་འདི་ནས་བཟུང་། མཁས་མིན་ལ་མ་བལྟོས་པར་མི་སུས་ཀྱང་སྙན་ངག་འབྲི་རུང་བའི་བསྐལ་བཟང་མངོན་དུ་གྱུར། འདི་ཡང་རང་མོས་སྙན་ངག་གི་རྒྱལ་ཁ་ཞིག་དང་ཡང་དག་པའི་གདམ་ཀ་ཞིག་ལགས།
ཅུང་ཟད་ཞིབ་ཏུ་བཤད་ན། བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་ལག་ཏུ་བསྟར་བས། མི་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་རང་དབང་ཐོབ་ནས་རང་རང་གི་བསྒྲུབ་འདོད་པ་དང་བཤད་འདོད་པ། བསམ་འདོད་པ་མཐའ་དག་ཅི་དགར་ལག་ལེན་ཏུ་འདེབས་ཆོག་པར་གྱུར་ཏེ། སྒེར་ལ་དབང་བའི་ལམ་ལུགས་ཀྱི་འོག་ནས་ལས་རིགས་སྣ་ཚོགས་དབྱར་གྱི་མཚོ་མོ་ལྟར་བརྡོལ་ཏེ་སྤྱི་ཚོགས་ཀྱི་ཟ་ཟུར་ཡོད་ཚད་ལ་སྔོན་མེད་ཀྱི་གཡོ་འགུལ་ཐེབས། དེ་དང་མཉམ་དུ་བསམ་བློའི་འདོད་དོན་སྟོན་པའི་ཚགས་པར་དང་དུས་དེབ་གང་མང་ཆར་རྗེས་ཀྱི་མྱུ་གུ་ལྟར་རྒྱས་ཏེ་སྐབས་དེའི་མི་དམངས་ཀྱི་བསམ་ཚུལ་སྣ་ཚོགས་མཚོན་ཅི་ཐུབ་བྱུང་། བསམ་ཚུལ་དེ་དག་བསྡུ་ན།
༡ བཅོས་བསྒྱུར་སྒོ་འབྱེད་བྱུང་བའི་ངར་སེམས་དང་།
༢ ལོ་བཅུའི་གོད་ཆག་ལས་ཐར་བའི་དགའ་སྤྲོ།
༣ མེས་རྒྱལ་དང་མི་རིགས་འཛུགས་སྐྲུན་བྱེད་པའི་སྙིང་སྟོབས།
༤ མ་འོངས་འཚོ་བར་བཅངས་པའི་རེ་བ་སོགས་བརྗོད་བྱར་བྱས་ཏེ་སྙན་ངག་སོགས་རྩོམ་རིག་བརྩམས་ཆོས་ཀྱི་རྣམ་པས་ཀུན་གྱི་སྤྱན་སྔར་བཀྲམས། ཁོར་ཡུག་ཆེན་པོའི་རྐྱེན་བྱས། བོད་ནང་དུའང་མི་རིགས་ཀྱི་མདུན་ལམ་ལ་བསམ་གཞིག་གནང་བའི་བརྩམས་ཆོས་མང་དུ་ཐོན་པར་སྣང་།བོད་ཀྱི་རང་མོས་སྙན་ངག་ཐོག་མ་སྟེ«ལང་ཚོའི་རྦབ་ཆུ»ཡང་སྤྱི་ཚོགས་ཀྱི་ཁོར་ཡུག་ཆེན་པོའི་ཆ་རྐྱེན་འདིའི་འོག་ནས་བྱུང་བ་གདོན་མི་ཟ། རྒྱ་བོད་སུ་ཡིན་ཡང་སྐབས་འདིའི་སྙན་ངག་ནི་བསྡུས་བརྗོད་ཀྱི་སྲོལ་གྱིས་མེས་རྒྱལ་དང་མི་རིགས་ལ་དགའ་བ་མ་ཟད་དེ་ཇི་ལྟར་དར་སྤེལ་གཏོང་བར་རང་གི་བསམ་ཚུལ་ལྷང་ངེར་བརྗོད་པ་མང(ཁ་ཅིག་གིས་ལང་ཚོའི་རྦབ་ཆུ་སོགས་ཀྱིས་རིག་གསར་གྱི་བསམ་བློ་སྒྲོག་པར་སྨྲ་བ་ནི་སྙན་ངག་ལ་ཆ་རྒྱུས་བྲལ་བའི་སྒྲོ་སྐུར་ཁོ་ནའོ)། དེ་དུས་ཨ་རིའི་ཧོས་ཐི་མན་གྱི«རྩྭ་ལོ»དང་ཨུ་རུ་སིའི་ཕུ་ཤི་ཅིན་དང་ལ་མེ་ཐོ་ཧྥུ། རྒྱ་ནག་གི་ཏེ་ཝང་ཧྲུའུ་སོགས་ཀྱི་ཤུགས་རྐྱེན་ཐེབས་ཡོད།
དུས་རབས་གོང་མའི་ལོ་རབས་དགུ་བཅུ་པར་ཐོན་དུས། མི་རིགས་སྤྱི་དང་ཐུན་མོང་བརྗོད་བྱ་བྱས་པའི་རྣམ་པར་འགྱུར་ལྡོག་བྱུང་ནས་མི་སྒེར་གྱི་དགའ་སྐྱོ་འདུ་འབྲལ་སྟོན་པ་གཙོ་རྒྱུག་བྱུང་། ལྷག་པར་དུ་གླེང་འོས་པ་ཞིག་ནི། སྐབས་དེར་ཧྥ་རན་སེའི་སྙན་ངག་པ་བྷོ་དྷི་ལེར་གྱི«སྡིག་པའི་མེ་ཏོག»ཅེས་པ་པར་དུ་བསྐྲུན་པས་བོད་ནང་གི་སྙན་ངག་པ་དག་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ནས་ཆང་དང་དུ་ནག བུད་མེད་ཀྱི་ནང་དོན་དམར་རྗེན་དུ་བརྗོད་པར་མ་ཟད། ཕུགས་བསམ་མག་མོག་ཏུ་གྱུར་ནས་རྙེད་དཀའ་བ་དང་ལྷ་བདུད་གཉིས་ལས་བདུད་ལ་བསྟོད་པ་སོགས་སྤྱི་ཚོགས་ཁྲོད་ཀྱི་མུན་ནག་གི་ཕྱོགས་བརྗོད་པའི་སྐབས་ཤིག་བྱུང་ཞིང་། སྣང་ཚུལ་འདི་ལ་གནའ་མཁར་འདྲེ་བཞིས་ནུས་པ་གཏིང་ཟབ་ཏུ་ཐོན་ཡོད། «ཁྱི་ཁ་ཚུམས»ནི་ཚབ་མཚོན་གྱི་བརྩམས་ཆོས་ཡིན། ལས་འགུལ་ལྟ་བུའི་བྱ་གཞག་འདི་ནི་རྗེས་ཀྱི་སྐུ་ཞབས་ཞོགས་དུང་སོགས་ཀྱི་སྲོལ་རྒྱུན་ལ་རྒོལ་བའི་ལས་འགུལ་དེའི་ས་བོན་དང་དྲན་སྐུལ་དུ་གྱུར་ཡོད་སྙམ། ཁོ་བོས་བྲིས་པའི་སྙན་ངག«གངས་རི། ལྷ་སྒྲུང་དུ་ཐིམ་པའི་ཁྱེའུ་དཀར་པོ»(སྦྲང་ཆར་དུ་བཀོད)ཞེས་པར་ཡང་བོད་ཁམས་ཡོངས་རྫོགས་ལྷ་སྒྲུང་དུ་ཐིམ་པར་བཤད་ཡོད།
དུས་རབས་འདིའི་སྟོད་ནས་བཟུང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མ་དང་དགེ་རྒན། གྲྭ་བ་དང་ཇོ་མོ། ཆེད་མཁས་དང་མཁན་པོ། དགེ་བཤེས། ཐ་ན་ཞིང་འབྲོག་མང་ཚོགས་སོགས་བོད་ཡིག་ཤེས་པ་ཕལ་ཆེར་གྱིས་རང་མོས་སྙན་ངག་འབྲི་བ་བྱུང་། བརྗོད་བྱ་ལ་ཡང་རང་གི་འཚོ་བའི་ཚོར་སྣང་དང་། སེམས་ཀྱི་དྲན་ཚུལ། མ་འོངས་པའི་ཕུགས་བསམ། དགའ་སྐྱོ་ཆགས་སྡང་། སྐྱེ་རྒ་ན་འཆི། རྒྱལ་ཕམ་ཐོབ་ཤོར་སོགས་སྤྱི་ཚོགས་འཚོ་བའི་ཟ་ཟུར་ཡོད་ཚད་ཤབ་ཤུབ་ཏུ་བརྗོད་ཡོད།
དུས་རབས་འདིའི་ལོ་རབས་བཅུ་བ་ཙམ་ནས་མི་རབས་སྔོན་མ་ལས་བརྒལ་འདོད་པའི་མི་རབས་གསུམ་པ་བྱུང་། ཁོ་ཚོས་གཞན་ལ་མེད་པའི་སྒྱུ་རྩལ་གྱི་ཕུགས་བསམ་རྨ་མེད་པ་ཞིག་འཁྱེར་ནས་ཐོན། ཁོ་ཚོས་གཞན་དྲིང་མི་འཇོག་པའི་སྙིང་སྟོབས་སྲབ་ལ་མཐུག་པ་ཞིག་ཁྱེར་ནས་ཐོན། ཡིན་ན་ཡང་། དངོས་ཡོད་ཀྱི་གདོང་ཐུག་ཁྲོད་ནས། ཁོ་ཚོའི་ཕུགས་བསམ་དང་སྙིང་སྟོབས་མངོན་དུ་འགྱུར་བར་ད་དུང་ལམ་ཐག་རིང་རིང་བོ་ཞིག་བགྲོད་དགོས་པའི་རྣམ་པ་ལྷགས་འདུག
འདི་ལྟར་བལྟས་ན། རང་མོས་སྙན་ངག་གི་འཕེལ་རིམ་འདི་ཕལ་ཆེར་ལོ་ངོ་བཅུ་རེའི་མཚམས་ནས་རིམ་བཞིན་ཐོད་བརྒལ་བྱུང་བའི་སྣང་ཚུལ་འདུག མདོར་ན། བོད་ཀྱི་སྙན་ངག་ཀྱང་དམངས་བྱིངས་ཀྱི་སྙན་ངག་ཏུ་གྱུར་པ་དང་བརྗོད་བྱ་འཇིག་རྟེན་འཁོར་བའི་མཐོ་དམན་བར་མ་ཅི་རིགས་སུ་གནས་པའི་བྱ་བྱེད་ཡོད་ཚད་བཤད་ཅིང་འཆད་ཆོག་པའི་ཚད་ལ་སླེབས་པའང་རང་མོས་སྙན་ངག་གི་དགེ་མཚན་དུ་ངེས་སོ། །
གསུམ། སྒྱུ་རྩལ་རང་སྟེང་ལ་འབབ་ཐུབ་པ།
སྒྱུ་རྩལ་ནི་སེམས་གཡོ་ཐུབ་པ་ཞིག་ཡིན་དགོས། མཐོང་ཐོས་རེག་གསུམ་ལ་བརྟེན་ནས་ཡིད་སེམས་གཡོ་འགུལ་གཏོང་ཐུབ་པ་ཞིག་ལ་སྒྱུ་རྩལ་ཟེར་ངེས། སྐད་ཆ་དང་ཡི་གེ། རི་མོ། གླུ་དབྱངས། འབུར་བརྐོས། གློག་བརྙན་སོགས་དངོས་ཡོད་ཅིག་ལ་བརྟེན་ནས་མིའི་དགའ་ཁ་འཁྱེར་སོ་ངོམ་ཞིང་རོལ་མཁན་གྱི་ཡིད་སེམས་མྱོས་པར་བྱེད་པ་དང་མཉམ་དུ་སྨྲ་བསམ་བརྗོད་མེད་ཀྱི་ཚོར་བའི་ཡུལ་དུ་འདྲེན་པ་དེ་ལ་སྒྱུ་རྩལ་ཟེར་ངེས། ལྷག་པར་དུ་སྐད་ཆ་དང་ཡི་གེ་ནི་མ་གཞི་རང་ངོས་ནས་སྒྱུ་རྩལ་རང་བཞིན་ལྡན་པ་ཞིག་ཡིན་པས། སྐད་ཆའི་ཉིང་བཅུད་དུ་གྱུར་པའི་སྙན་ངག་ནི་སྒྱུ་རྩལ་གྱི་ཏོག་ཡིན་པ་ཀུན་གྱིས་ཁས་ལེན། ཁ་སང་དེ་རིང་རྩོམ་རིག་གི་འགུག་ཤུགས་ཉམས་བཞིན་པའི་སྐབས་འདིར། རང་མོས་སྙན་ངག་ལ་དགའ་མཁན་ད་དུང་མང་དུ་གནས་པ་ནི་རང་མོས་སྙན་ངག་ལ་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་མཛེས་པ་གཞན་དྲིང་མི་འཇོག་པ་ཞིག་ཡོད་པ་བཤད་མི་དགོས་ཏེ།
༡ རང་མོས་སྙན་ངག་ལ། མངོན་བརྗོད་དང་བརྡ་རྙིང་སོགས་ཚིག་རྒྱན་གྱི་ལོ་མས་བསྒྲིབས་མེད་པར་དམངས་བྱིངས་ལ་ཆ་རྒྱུས་ཆེ་བའི་ཐ་སྙད་ཀྱི་སྦྱོར་བས་ཐད་ཀར་བརྗོད་ཆོག་པས་བོད་ཡིག་ཤེས་པ་ཐམས་ཅད་ཀྱིས་གོ་ཐུབ་པར་ཡོད་པ་དང་གཅིག་སྟེ། རིག་པའི་དཔའ་བོ་སྐུ་ཞབས་རང་གྲོལ་གྱི་སྙན་ངག་ལ་ཁྱད་ཆོས་འདི་ཡོད།
༢ ཚིག་གི་གཅོད་མཚམས་དང་རིང་ཐུང་སོགས་གཞུང་ལུགས་ཀྱིས་བཅིངས་པ་མེད་པར་འདོད་དོན་གྱི་དགོས་མཁོ་ལྟར་སྦྱར་ཆོག་པས་ལྟ་བདེ་བ་དང་གཉིས་ཏེ། འདི་ནི་རང་མོས་སྙན་ངག་ལ་སྤྱི་ཁྱབ་ཏུ་ཡོད་པའི་ཁྱད་ཆོས་གཙོ་བོ་དེ་ཡིན།
༣ མི་ཕལ་བས་ཁ་བརྡ་བྱེད་པའམ་རང་གི་སེམས་གཏམ་བརྗོད་པ་ལྟར་བྲིས་ཆོག་པས་རྣ་བར་སྙན་ཞིང་ཡིད་ལ་འཇེབ་པ། སེམས་ལ་འབབ་པར་བྱེད་པས་སྙིང་ཉེ་བ་དང་གསུམ་སྟེ། གཅན་མེ་སྟག་དང་རྨ་འོད། བྱ་གཞུང་དབྱངས་བྷ། ཁྱུང་ཐར་རྒྱལ་སོགས་ཀྱི་སྙན་ངག་ལ་ཁྱད་ཆོས་འདི་ཡོད།
༤ ཚིག་སྦྱོར་གྱི་འགྲོས་ཉིད་སྐྱེ་བོའི་དགའ་སྐྱོ་ཆགས་སྡང་གི་ཚོར་བའི་འཕེལ་རིམ་དང་འཕྲོད་པར་སྦྱར་བས་སྙན་ངག་གི་དབྱངས་དེ་ཉིད་རིམ་བཞིན་ཀློག་པ་པོའི་སྙིང་དང་སྲོག་དང་རྣམ་ཤེས་ཀྱི་ཁམས་སུ་ཐད་ཀར་ཐིམ་པར་གྱུར་པས་གཏིང་གི་ཚོར་སྣང་ངོ་མ་ལ་རེག་ནས་མཁོ་སོད་པ་དང་བཞི་སྟེ། དབྱངས་ཀྱི་རང་བཞིན་མངོན་གསལ་དུ་ཚིག་གི་རྣམ་པའི་སྟེང་ན་ཡོད་པ་ནི་རང་མོས་སྙན་ངག་གི་འགྲན་ཟླ་བྲལ་བའི་སྒྱུ་རྩལ་ཡིན། དཔེར་ན་སྙན་ངག«ཁུ་བྱུག་སྔོན་མོ»ཞེས་པར།
སྐྱོ་ངེས་པ ཁུ་བྱུག་སྔོན་མོ་ཁྱོད སྐྱོ
དགུན་གཞུང་དུ ཁྱོད་ཀྱིས ཕ་ཡུལ་བསྐྱུར་ནས་སོང
འཕུར་ཚུལ་དེ ངའི་སེམས་ན ད་དུང་གསལ་ལྷང་ངེར
ཞེས་པ་འདི་ལ་མཚོན་ན། དབྱངས་ཀྱི་འགྱུར་ཁུགས་དེ་ཚིག་གི་ཕྱིའི་རྣམ་པའི་སྟེང་ན་མངོན་སུམ་དུ་པར་བཏབ་པ་ནང་བཞིན་ཡོད། རྣམ་པ་དེ་དབྱངས་ཡིན། དབྱངས་ནི་རྣམ་པ་དེ་ཡིན། དབྱངས་དང་རྣམ་པ་དབྱེར་མེད་ཟུང་དུ་འཇུག་པ་ནི་སྙན་ངག་འདི་དང་རང་མོས་སྙན་ངག་སྤྱིའི་ཁྱད་ཆོས་ཡིན། སྙན་ངག་འདི་གྱེར་བའི་སྐབས་སུ། ཚིག་གི་གཅོད་མཚམས་རེ་ནས་གྱེར་མཚམས་བཅད་དེ་དབུགས་ལེན་པ་དང་། ཐིག་ཤར་གཅིག་ལ་གཅོད་མཚམས་མང་ཞིང་ཚིག་ཐུང་ངུར་བྱས་པ་དེས་གྱེར་འགྲོས་དལ་ལ་རིང་བར་ཡོད་པས་སྐྱོ་ཞིང་ཕངས་པའི་སེམས་ཁམས་བླ་ལྷག་ཏུ་སྟོན་ཐུབ་ཅིང་། ཀློག་པ་པོའི་ཡིད་ཀྱི་གཏིང་དང་ཚོར་བའི་དཀྱིལ་ལ་ཕོག་ཐུབ་པ་ཞིག་ཡིན་ཕྱིར། སྙན་ངག་གི་སྒྱུ་རྩལ་ཟིལ་ཤུགས་ཆེས་ཆེར་ངོམ་ཡོད། མདོར་ན་རང་མོས་སྙན་ངག་རང་སྟེང་ན་དགེ་མཚན་ཆེན་པོ་བཞི་ཡོད་པས། བལྟས་ན་ཡིད་གཡོ་བ་དང་གྱེར་ན་སེམས་འཕྱོ་བར་བྱེད་པའི་སྒྱུ་རྩལ་གྱི་འགུག་ཤུགས་རང་ཆས་སུ་མངའ་ཞིང་། རང་མོས་སྙན་ངག་ནི་མ་གཞི་རང་སྟེང་ནས་སྒྱུ་རྩལ་གྱི་ཁམས་སམ་སྒྱུ་རྩལ་རང་སྟེང་ལ་འབབ་ཐུབ་ཡོད་པར་འདོད། མིན་ནམ། མིའི་འཚོ་བ་དང་ཇི་ལྟར་ཐག་ཉེ་ན་སྒྱུ་རྩལ་གྱི་གསོན་ཤུགས་དེ་ལྟར་ཆེ་བ་དང་མིའི་སེམས་ཁམས་དང་ཇི་ལྟར་ཉེ་ན་སྒྱུ་རྩལ་གྱི་སྟོབས་ཤུགས་དེ་ལྟར་ཆེ་བ་མ་ཡིན་ནམ།
མཇུག་མཐར་བཤད་འདོད་པ་ནི། རང་མོས་སྙན་ངག་བོད་ལ་དར་བ་ནི་ཆེས་འཁྲུལ་མེད་ཀྱི་ལས་སམ་གདམ་ཀ་ཞིག་དང་། རང་མོས་སྙན་ངག་མུ་མཐུད་དུ་དར་སྤེལ་གཏོང་བ་ནི་ཆེས་གཟི་བརྗིད་ལྡན་ཞིང་མདུན་ལམ་ཡངས་པའི་བྱ་གཞག་ཅིག་ཏུ་ཤེས་དགོས་པ་དེ་ཡིན།
རྩོམ་ཁུངས། «གངས་རྒྱན་མེ་ཏོག»༢༠༢༥ལོའི་དེབ༢པ།

འབྲེལ་ཡོད་འོས་སྦྱོར།