དེབ་གསར«བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་ལ་དཔྱད་པ»དང་འབྲེལ་བའི་དཔྱད་བརྗོད་གཉིས།
རྩོམ་པ་པོ།:ཆོས་སྐྱོང་། ར་ས་བསྟན་ཆོས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-10-23
ཀློག་གྲངས།:
མིག་ལྟོས།
——ཡུམ་ཚེ་རིང་གི་རིག་གཞུང་ཆེད་དེབ་འགྲེམས་སྤེལ་ཚོགས་འདུར།
ཆོས་སྐྱོང་།
དགེ་རྒན་དང་གྲོགས་པོ་རྣམ་པ། སྐུ་ཁམས་བཟང་།ཐོག་མར། ཡུམ་ཚེ་རིང་གི་རིག་གཞུང་ཆེད་དེབ་དངོས་སུ་འགྲེམས་སྤེལ་བྱས་པར་རྟེན་འབྲེལ་ཞུ། གོ་སྐབས་འདི་དང་བསྟུན་ནས་སྐད་ཆ་ཚིག་གསུམ་བཤད་རྩིས་ཡོད།
དང་པོ། ཡུམ་ཚེ་རིང་ངེད་གཉིས་མི་ལོ་ཉི་ཤུ་ལྷག་གི་གྲོགས་པོ་ཡིན། ཡང་ན་དགའ་ཕྱོགས་གཅིག་པའི་རྩོམ་གྲོགས་ཟེར་ཀྱང་ཆོག །
1994ལོར། གུས་པ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་ཕྱིན་པ་དང་། སློབ་གྲྭ་དེ་གར་སློབ་གཉེར་བྱེད་རིང་། སྐར་མ་འོད་ཆེན་ཞེས་པའི་སློབ་གྲྭ་ནང་ཁུལ་གྱི་རྩོམ་རིག་དུས་དེབ་ཅིག་བསྒྲུབས།
1996ལོར། ཡུམ་ཚེ་རིང་ཁོང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་སླེབས་ཏེ། སྒྲོན་སྟེགས་ཞེས་པའི་དུས་དེབ་ཅིག་གཉེར་བ་དང་། ཁོང་ནི་དེའི་ཁྲོད་ཀྱི་ལས་སྣེ་གཙོ་བོ་རེད།
དེའི་དུས། ཁ་པར་སོགས་འབྲེལ་ལམ་སྟབས་མི་བདེ་ནའང་། ང་ཚོ་ཕན་ཚུན་བར་དུས་དེབ་གཉི་ག་བརྗེ་རེས་བྱས་པའི་ལོ་རྒྱུས་ཡོད། དེར་མ་ཟད། ཁོང་གི་རྒྱ་ཡིག་གི་སྙན་དེབ་མེ་དཔུང་ཞེས་པ་སློབ་གྲྭར་འབྱོར་ཏེ་བཀླགས་པའི་དྲན་པ་ད་དུང་ཡིད་ངོར་གསལ།
དེ་ནི་ངེད་གཉིས་གྲོགས་པོའམ་ཡང་ན་དགའ་ཕྱོགས་གཅིག་པའི་རྩོམ་གྲོགས་སུ་གྱུར་པའི་རྒྱུ་རྐྱེན་རགས་ཙམ་མོ། །

གཉིས་པ། ཡུམ་ཚེ་རིང་ངེད་གཉིས་མི་ལོ་ཉི་ཤུ་ལྷག་གི་རྩོམ་པ་པོ་དང་རྩོམ་སྒྲིག་པའི་འབྲེལ་བའམ་ཡང་ན་ང་ནི་དུས་ད་ལྟའི་བར་ཁོང་གི་ཀློག་པ་པོ་རྣམ་དག་ཅིག་ཡིན།
1998ལོར། གུས་པ་དངོས་གཞིའི་འཛིན་གྲྭ་མཐར་ཕྱིན་རྗེས་སྦྲང་ཆར་རྩོམ་སྒྲིག་ཁང་དུ་ལས་བགོས་བྱས་པ་དང་། 1999ལོར། ཁོང་གི་ལྷུག་རྩོམ་བདག་གི་འགྲམ་དུ་ཞེས་པ་ནས་རིམ་བཞིན་བདག་གི་གདམ་གསེས་དང་ཁང་རྙིང་། 2004ལོར། ཁོང་གི་སྒྲུང་གཏམ་རྣམ་སྨིན་ནས་རིམ་བཞིན་སྡོམ་པ་སྲུང་བ་དང་སེམས་ཁུར། དེ་ནས2019ལོར། སྒྲུང་རིང་སྤྲིན་གྱི་རྫི་བོའི་བར་དུ། གུས་པས་ཡུམ་ཚེ་རིང་གི་བརྩམས་ཆོས་ཕལ་ཆེར་མ་བཀླགས་པ་མེད།དེ་ནི་རྩོམ་པ་པོ་དང་རྩོམ་སྒྲིག་པའི་འབྲེལ་བས་གྲུབ་པའི་ཀློག་པ་པོ་རྣམ་དག་ཅིག་ཡིན་པའི་རྒྱུ་མཚན་མདོར་བསྡུས་ཙམ་ལགས། ད་བར་དུ་གུས་པས་ཁོང་གི་བརྩམས་ཆོས་གང་དང་གང་ལའང་ཀློག་པ་པོའི་ངོས་ནས་ཆེད་དུ་བྲིས་པའི་རྩོམ་ཡིག་གཅིག་ཀྱང་མེད་པས། ཁོང་ལ་བུ་ལོན་ཅི་ཞིག་ཆད་པའི་སྣང་བ་རྟག་པར་འབྱུང་། ཡིན་ནའང་། འཕྲིན་ཡིག་གི་ལམ་ནས་དང་ཁ་པར་གྱི་ལམ་ནས་བསམ་འཆར་བརྗེ་རེས་དང་ཁ་བརྡ་བྱས་པ་དག །ང་ལ་མཚོན་ན་ཡིག་ཐོག་ཏུ་གྲུབ་པ་ལས་ཀྱང་གལ་ཆེན་པོར་རྩི་བཞིན་ཡོད། དེ་ནི་ངེད་གཉིས་ཁོ་ནར་དབང་བའི་བརྗེད་དུ་མེད་པའི་ཕྱིར་དྲན་ཡང་ཡིན། ད་ལྟའི་ལོ་ཚོད་འདིར་དེའི་ཕྱོགས་ལ་བསམ་བློ་རེ་བཏང་ཚེ། སྒྱུ་རྩལ་རྩོམ་རིགས་ལ་དགའ་བ་དང་དད་པ་དང་སྤྲོ་བ་ཟེར་བ་སོགས་ནི། རྣམ་འགྱུར་ཕྲ་མོ་འདི་དང་འདི་ལྟ་བུ་ཞིག་ལ་ཐུག་པ་མིན་འགྲོ་ཨང་སྙམ།
གསུམ་པ། མི་ལོ་ཉི་ཤུ་ལྷག་གི་རྗེས་སུ། དང་པོ་ཅོ་ནེ་ཆས་པ་གཤིས་ནས་ལམ་ལ་ཆས་པའི་ཕོ་གསར་དེ། བར་དུ་གྲོང་ཁྱེར་ཆེན་པོ་སྤོས་ངད་ལྡང་བར་གྲགས་པའི་གནས་འདིར། བསླབ་པ་སློབ་གཉེར་བྱས། རང་དོན་གཞན་དོན་བསྒྲུབས། ད་ནི་རིག་གཞུང་ཞིབ་འཇུག་གི་འབྲས་བུ་གཏོས་ཆེ་བ་འདི་འདྲ་ཞིག་ང་ཚོའི་བགོ་སྐལ་དུ་བྲིམས་པ་ནི། མི་ཚེ་དོན་ཡོད་དུ་བྱས་པའི་རྟགས་མཚན་གལ་ཆེན་ཞིག་ཅི་ལ་མིན།
བྱེ་བྲག་ཏུ། ཁོང་གི་དཔྱད་འབྲས་འདིར་ལྟ་ལོང་མ་བྱུང་ནའང་། དེའི་ཁྲོད་ཀྱི་སྐྱེ་ཁམས་རྩོམ་རིག་སྐོར་གྱི་ས་བཅད་ཧྲིལ་པོ་དང་། མཇུག་བྱང་དུ་བྲིས་པའི་ས་བཅད་བདུན་ཅན་ནམ་ཤོག་ངོས་ཞེ་གསུམ་གྱིས་གྲུབ་པ་དེར་ཞིབ་ཏུ་མཇལ།
སྔོན་གྱི་ངེད་གཉིས་འབྲེལ་འདྲིས་དང་ཁོང་གི་བརྩམས་ཆོས་དག་བཀླགས་པའི་ཉམས་མྱོང་། གཞན་ཡང་ད་རེས་ཁོང་གི་རང་རྣམ་ལྟ་བུའི་མཇུག་བྱང་བཅས་སུམ་སྦྲགས་ཀྱིས་བལྟས་ཚེ། གུས་པའི་སྣང་ངོར་ཡུམ་ཚེ་རིང་ཟེར་བའི་བཏགས་ཆོས་གང་ཞིག །སྒྲུང་གཏམ་ཁྲོད་ཀྱི་མི་སྣའི་སྣང་བརྙན་བཞིན་ཇེ་གསལ་ནས་ཇེ་གསལ་རེད།
ཇེ་གསལ་དུ་གྱུར་པའི་སྣང་བརྙན་དེ། མཐར་གཏུགས་ན་ཡུམ་ཚེ་རིང་ཁོང་ལ་ལྟ་སྟངས་ཁྱད་པར་ཅན་ཞིག་ཡོད་པས་རེད། ལྟ་སྟངས་དེ་ནི་ལུས་གྲོང་ཁྱེར་དུ་གནས་ཀྱང་སེམས་ཕ་ཡུལ་དུ་འཁོར་བའི་ཁོང་གི་ངང་རྒྱུད་རིང་མོ་ལས་བྱུང་ཞིང་། ཁོང་གིས་ཕ་ཡུལ་ལ་གུས་བཀུར་དང་དྲིན་གཟོའི་འདུ་ཤེས་ཀྱིས་བསྐྱེད་པ་ཞིག་ཀྱང་རེད། ཕ་ཡུལ་དང་གྲོང་ཁྱེར་གཉིས་ཀྱི་མཐའ་རུ་འགྲེང་བའི་ལྟ་སྟངས་དེ། མིའི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་ངོས་ནས་རང་དང་གཞན། བལྟ་བྱ་དང་ལྟ་བྱེད་སོགས་གླེང་གཞི་རྒྱ་ཆེ་བ་ཞིག་ཡིན་པ་གདོན་མི་ཟ་མོད། འོན་ཀྱང་ངས་མི་འཇོན། སྒྱུ་རྩལ་རྩོམ་རིག་ཁྲོད་མཐོང་སྣེ་ཟེར་བ་དང་འདྲ་འབྲེལ་གཉིས་ཀྱི་སྒོ་ནས་བརྗོད་ན། ཁོང་གིས་ཕ་ཡུལ་ལ་དྲང་པོ་དྲག་བཞག་གིས་ལྟ་བའམ་ཡང་ན་ཁ་མིག་ཡར་ལྟ་བྱེད་པའི་རྣམ་འགྱུར་དེ་རེད། འདི་ནི་སྔོན་གྱི་ལོ་རབས་བརྒྱད་ཅུ་པ་དང་དགུ་བཅུ་པ་སོགས་དང་ཅུང་ཟད་མི་གཅིག་པའི་ལངས་ཕྱོགས་ཤིག་ཏུའང་ངོས་གཟུང་ཆོག །དེའི་འབྲས་བུར་ད་གཟོད་གནའ་རབས་སྒྲུང་གཏམ་ལ་དཔྱད་པའི་གཏམ་མདུད་རྒྱ་གྲོལ་བ་ལྟ་བུ་བྱུང་བ་སྨོས་ཅི་དགོས། སླད་མར་ཡང་འབྱུང་སྲིད་པ་དང་འབྱུང་ཆོག་ཆོག་ཡིན་པའི་ཡིད་ཆེས་བརྟན། ཡང་གཅིག་བཤད་ན། འདི་ནི་རིག་གནས་རང་རྟོན་ཟེར་བའི་དེང་གི་སྲིད་ཇུས་དང་མཐུན་ཞིང་། རིག་གནས་རང་རྟོན་ཟེར་བ་དེ། མི་སྒེར་རང་སྟེང་ནས་ཇི་ལྟར་ལག་ལེན་དུ་བཏབ་པའི་མིག་ལྟོས་གསོན་པོ་ཞིག་ཀྱང་རེད།
ཁ་དྲོ་བཀྲ་ཤིས།
༢༠༢༥ལོའི་ཟླ༡༠པའི་ཚེས༡༩ཉིན་སྤོས་ལྡན་གྲོང་དུ་གུས་ཕུལ།
ཅོ་ནེ་ཡུམ་ཚེ་རིང་ལགས་ཀྱི་ཆེད་དེབ«བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་ལ་དཔྱད་པ»བཀླགས་པའི་མྱོང་བ།
ར་ས་བསྟན་འཛིན་ཆོས་གྲགས།
རྒན་ཅོ་ནེ་ཡུམ་ཚེ་རིང་ལགས་ཀྱིས་བརྩམས་གནང་བའི་རིག་གཞུང་ཆེད་དེབ«བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་ལ་དཔྱད་པ»ཞེས་པའི་འགྲེམས་སྤེལ་དང་རིག་གཞུང་བགྲོ་གླེང་ཚོགས་འདུ་ཁྲེན་ཏུ་གྲོང་ཁྱེར་དུ་ཚོགས་པར་རྟེན་འབྲེལ་ཞུ་རྒྱུ་ཡིན།
ཅོ་ནེ་ཡུམ་ཚེ་རིང་ལགས་ནི། སྒྱུ་རྩལ་རྩོམ་རིག་གསར་རྩོམ་གནང་མཁན་ཞིག་ཡིན་ལ། ལོ་ཙཱ་བ་ཞིག་ཡིན་པས། ཁོང་ལ་གཅིག་ནས་རྩོམ་རིག་སྒྱུ་རྩལ་ཐད་ལ་བློ་སྦྱོང་ངེས་ཅན་ཞིག་ཡོད་ལ། གཉིས་ནས་ཕྱི་ནང་གི་རིག་གནས་སྣ་མང་ལ་ཐོས་བསམ་དང་རྒྱུས་མངའ་ཡང་ངེས་ཅན་ཞིག་ཡོད་པ་རྟོགས་ཐུབ། ལྷག་པར་དུ་ཁོང་གི་རིག་གཞུང་ཆེད་དེབ་དེ་ལག་ཏུ་མ་འབྱོར་བའི་སྔོན་དུ། བདག་གིས་སྔོན་ཆད་ཁོང་གི་རིག་གཞུང་དཔྱད་རྩོམ་གྱི་སྐོར་སོགས་དཔྱད་རྩོམ་འགའ་ཞིག་ལྟ་མྱོང་ཞིང་། དེ་དག་ནི། ༡ གཙོ་བོ་བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་དང་སྐྱེ་ཁམས་མཛེས་ཚོར་རིག་པའི་འབྲེལ་བ་དང་། ༢ བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་དང་མི་ཆོས་བསམ་བློའི་དབར་གྱི་འབྲེལ་བ། ༣ བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་དང་ཐུབ་བསྟན་རིག་གནས་ཀྱི་བསམ་བློའི་དབར་གྱི་འབྲེལ་བ་བཅས་རེད་འདུག དེ་ལས་རྟོགས་གསལ། ཁོང་གིས་བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་དེ། རང་བྱུང་། མི་ཆོས། མཚན་ཉིད་རིག་པ་བཅས་གསུམ་དང་འབྲེལ་ཏེ་བསམ་གཞིག་གནང་བས། ཁོང་གིས་བོད་ཀྱི་སྲོལ་རྒྱུན་གྱི་རབ་རྟོག་བརྩམས་སྒྲུང་དེར་དཔྱད་པ་གནང་བ་དེ། སྒྲོམ་གཞི་ཆེན་པོ་གསུམ་ཏེ། ༡ མི་དང་རང་བྱུང་ཁམས་དང་འབྲེལ་བ། ༢ མི་དང་མིའམ། མི་དང་སྤྱི་ཚོགས་ཀྱི་འབྲེལ་བ། ༣ མི་དང་མཚན་ཉིད་རིག་པའམ་མཐར་ཐུག་གི་ཆོས་ཉིད་དབར་གྱི་འབྲེལ་བ་བཅས་ཀྱི་ནང་དུ་བཅུག་སྟེ་བསམ་གཞིག་གནང་བས། བོད་ཀྱི་རབ་རྟོག་བརྩམས་སྒྲུང་དེ་རྒྱབ་ལྗོངས་ཆེན་པོ་ཞིག་ཏུ་བཞག་སྟེ་ཞིབ་འཇུག་གནང་བས། རྒྱ་ཆེ་བ་དང་གཏིང་ཟབ་པའི་ཕྱོགས་སུ་བཞུད་འགོ་བརྩམས་ཡོད། ད་ཐེངས་སླར་ཡང་ཁོང་གིས་བསམ་གཞིག་དེ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ། «བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་ལ་དཔྱད་པ»ཞེས་པ་དེ་པར་འགྲེམས་གནང་བས། དེ་དག་དེ་བས་མ་ལག་ལྡན་པ་དང་ཚགས་ཚུད་དུ་བཏང་བའི་དཔྱད་འབྲས་ཤིག་ཡིན་པ་ཤིན་ཏུ་གསལ། སྐབས་དེར་བདག་གིས་དཔྱད་འབྲས་དེ་བཀླགས་རྗེས་ཀྱི་མྱོང་བ་ཙམ་ཞུས་ན།

དང་པོ། མ་ལག་ལྡན་པ་དང་ཚགས་ཚུད་པའི་ཁྱད་ཆོས།
རིག་གཞུང་ཆེད་དེབ་འདི་སྟོད་སྨད་གཉིས་སུ་དབྱེ་བའི་སྟོད་ཆའི་ནང་དུ། བོད་ཀྱི་རབ་རྟོག་བརྩམས་སྒྲུང་དེ་ཐོག་མར་ཇི་ལྟར་གྲུབ་པའི་ས་བོན། བར་དུ་ཇི་ལྟར་ཆགས་པའི་བརྒྱུད་རིམ། མཐའ་མ་ཇི་ལྟར་འཕེལ་བའི་འབྲས་བུ་བཅས་ལ་རིམ་པས་དཔྱད་པ་གནང་ཡོད་པ་དང་། རིམ་བཞིན་དེའི་རིགས་དབྱེའི་ཁྱད་ཆོས་ལ་དབྱེ་ཞིབ། དེ་ནས་དེའི་བསམ་བློའི་གཞི་རྟེན་བཅས་ལ་གཞུང་ལུགས་ཐད་ལ་དབྱེ་ཞིབ་གནང་བ། མཐར་བོད་དང་སོག་པོ། བོད་དང་རྒྱ། བོད་དང་ནུབ་ཕྱོགས་ཀྱི་རབ་རྟོག་བརྩམས་སྒྲུང་བཅས་དང་བསྡུར་ཏེ་གཤིབ་དཔྱད་གནང་ཡོད་པ་དང་། སྨད་ཆའི་ནང་དུ་རྩོམ་པ་པོས་ཆེད་དུ་རབ་རྟོག་བརྩམས་སྒྲུང་བཅུ་བཞི་འདེམས་སྒྱུར་གནང་བས། དཔེ་དེབ་ཀྱི་སྟོད་ཆའི་གཞུང་ལུགས་ཀྱི་རིགས་པ་རྣམས་དཔེ་དེབ་ཀྱི་སྨད་ཆའི་བརྩམས་ཆོས་དངོས་དང་གའུ་ཁ་སྦྱར་གནང་བས། གཞུང་ལུགས་ཀྱིས་བརྩམས་ཆོས་དེ་དག་རྒྱ་ཆེ་ས་དང་གཏིང་ཟབ་ས་ཞིག་ཏུ་འཁྲིད་པ་དང་། ལག་ལེན་གྱིས་གཞུང་ལུགས་དེ་དེ་བས་སྲ་བརྟན་དང་ཡིད་རྟོན་འཕེར་བ་ཞིག་ཡིན་པ་ར་སྤྲོད་ལེགས་པོ་ཞིག་གནང་འདུག དེ་ལྟར་བྱས་ན་དགོས་པ་དང་དོན་སྙིང་གང་ཡོད་ཅེ་ན། བོད་ཀྱི་ཐུན་མོང་མ་ཡིན་པའི་རྩོམ་རིག་གི་གཞུང་ལུགས་ཤིག་བསྐྲུན་པར་མཐུན་རྐྱེན་བཟང་པོ་ཞིག་བསྐྲུན་ཡོད་དེ། གཅིག་ནས་བོད་ཀྱི་དེང་རབས་རྩོམ་རིག་ཅེས་པ་དེ་སྤྱི་ལོ༡༩༨༠ལོ་ནས་འགོ་ཚུགས་པར་འདོད་ན། བོད་ཀྱི་དེང་རབས་རྩོམ་རིག་བརྩམས་ཆོས་གསར་རྩོམ་ངོས་ནས་འཆད་ན། གཙོ་བོ་མི་རིགས་གཞན་གྱི་བརྩམས་ཆོས་ལ་ལད་མོའི་རྣམ་པས་གོང་དུ་སྤེལ་བ་ཞིག་དང་། ཡང་རྩོམ་རིག་གཞུང་ལུགས་ཀྱི་ཐོག་ནས་འཆད་ནའང་། མི་རིགས་རང་གི་ཐུན་མོང་མ་ཡིན་པ་དང་ཚགས་ཚུད་པའི་གཞུང་ལུགས་མ་ལག་དང་ལྡན་ལ་དེང་གི་ཁྱད་ཆོས་མངའ་བའི་གཞུང་ལུགས་མ་ལག་དང་ལྡན་པ་ཞིག་གྲུབ་མེད་པས། དེ་འདྲའི་གནས་སྟངས་ལ་འགྱུར་ལྡོག་གཏོང་བའི་གཞུང་ལུགས་ཀྱི་འབོད་བརྡ་ལྟ་བུ་ཞིག་ཏུ་གྲུབ་པ་དང་། གཉིས་ནས་ད་ལྟའི་ཆེད་དེབ་འདི་རྒྱ་ཡིག་པར་མའི་ཐོག་ནས་དཔར་མོད། རྩོམ་པ་པོ་ནི་བོད་སྐད་ཡིག་གི་ལ་མྱོང་འདྲིས་ཆེན་པོ་དང་། བོད་ཀྱི་རིག་གནས་ལ་འབྲེལ་འདྲིས་ཟབ་མོ་ཡོད་མཁན་ཞིག་ཡིན་པས། མིང་བརྡ་དང་པོ་“ངའི་”མིག་ཟུང་སྤྱད་དེ་བྲིས་པ་ལས། མིང་བརྡ་གསུམ་པ་“ཁོའི་”མིག་ཟུང་སྤྱད་དེ་བྲིས་མེད་པས། མིང་བརྡ་གསུམ་པ་“ཁོའི་”མིག་ཟུང་སྤྱད་དེ་བྲིས་ཤིང་། རིག་གནས་ལ་གོ་བ་མ་ལོན་པ་དང་། གོ་བ་འཁྲུལ་བར་ལེན་མཁན་དག་གི་བརྩམས་ཆོས་ལ་ལམ་སྟོན་དང་ཡོ་བསྲང་བྱེད་པའི་ནུས་པའང་ཡོད་པ་ཞིག་རེད། གསུམ་ནས་བདག་གིས་དཔེ་དེབ་དེའི་སྟོད་ཆའི་ས་བཅད་ལྔ་པ«བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་གི་བསམ་བློ་དང་དགོངས་སྙིང»ཟེར་བ་དེ་ཤིན་ཏུ་གལ་ཆེན་ཞིག་ཏུ་འདོད་ཀྱི་ཡོད་དེ། གང་ཡིན་ཞེ་ན། དེ་ནི་རྒྱུན་གཏན་བཞིན་བརྩམས་ཆོས་ཀྱི་སྣང་ཚུལ་ཙམ་མམ། བརྩམས་ཆོས་དེ་གང་འདྲ་ཞིག་ཡིན་པའི་སྐོར་ལ་ཞིབ་འཇུག་བྱས་པ་ལས་བརྒལ་ཏེ། བརྩམས་ཆོས་ཀྱི་ངོ་བོའམ། བརྩམས་ཆོས་དེ་ཇི་ལྟར་གྲུབ་དགོས་པའི་རྒྱུ་རྐྱེན་དང་གཞི་རྟེན་ལ་ཞིབ་འཇུག་བྱས་པ་ཞིག་ཡིན་པས། དེ་ནི་བརྩམས་ཆོས་དེའི་རྒྱབ་ཏུ་གནས་པའི་མཚན་ཉིད་རིག་པའི་གནས་དོན་དང་འབྲེལ་ཏེ་ཞིབ་འཇུག་བྱེད་ཀྱི་ཡོད་པས། བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་ཞེས་འབྲེལ་སྒྲའི་ཕྲད་ཀྱི་ཐོག་ནས། བདག་པོ་དང་རྫས་ཀྱི་འབྲེལ་བ་ཇི་ལྟར་གྲུབ་ཚུལ་གྱི་རྒྱུ་རྐྱེན་རྟེན་འབྲེལ་དང་། དེ་ཉིད་མི་རིགས་གཞན་གྱི་རབ་རྟོག་བརྩམས་སྒྲུང་དང་ཁྱད་པར་འབྱེད་པའི་འབྱེད་ཆོས་ཀྱི་རྒྱབ་རྟེན་བརྟན་པོ་ཞིག་ཡིན་པས། དེ་ལ་དཔྱད་པ་དང་འཚོལ་ཞིབ་གནང་བ་དེ་ནི་རིན་ཐང་ཤིན་ཏུ་ཆེ་བ་ཞིག་རེད། རྒྱུ་མཚན་དེ་གསུམ་གྱི་ཐོག་ནས་ངས་ཁོང་གི་རིག་གཞུང་ཆེད་དེབ་དེ་མ་ལག་དང་ཚགས་ཚུད་པ་ཞིག་རེད་ཅེས་བརྗོད་པ་ཡིན།
གཉིས་པ། དཔྱད་ཐབས་མང་ལ་གཞི་གཅིག་ཏུ་བསྡུ་བའི་ཁྱད་ཆོས།
རིག་གཞུང་ཆེད་དེབ་དེའི་ནང་དུ་ཟུར་ངོས་མང་པོ་ཞིག་གི་ཐོག་ནས་དཔྱད་པ་གནང་འདུག་སྟེ། དཔེར་ན་ཆོས་ལུགས་རིག་པ་དང་། གཤིབ་སྡུར་རིག་པ། ཚིག་དོན་རིག་པ། མཛེས་ཚོར་རིག་པ། སྤྱི་ཚོགས་རིག་པ། རྩོམ་རིག་གཞུང་ལུགས་སོགས་བེད་སྤྱོད་གནང་ཡོད་པས། བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་དེ་ཕྱོགས་སྣེ་མང་པོ་ནས་བསྔོག་འདོན་གནང་སྟེ། དེའི་ཐོག་ཏུ་ཡོད་པའི་རིན་ཐང་དེ་ཕྱོགས་མང་པོའི་ཐོག་ནས་མངོན་ཐབས་གནང་ཡོད་པས། རྒྱུན་གཏན་གྱི་མི་ཕལ་ཆེ་བས་འདོད་པ་ལྟར། བོད་ཀྱི་སྲོལ་རྒྱུན་བརྩམས་ཆོས་ཡིན་ན། ཆོས་ལུགས་གཙོ་བོར་གྱུར་པའི་ལྟ་ཕྱོགས་ཀྱི་ཚད་གཞི་དེར་འགྱུར་བ་ཆེན་པོ་གཏོང་ཐུབ་པར་འདོད་ཅིང་། གལ་ཏེ་རིག་གནས་ཀྱི་རྨང་གཞིར་གྱུར་པའི་ཆོས་ལུགས་གཙོ་བོ་ཡིན་རུང་། དེ་ནི་ཆོས་ལུགས་ཐོག་གི་ལྟ་བ་བརྗོད་པ་གཙོ་བོ་མིན་པར། དེ་ནི་ཕན་ཚུན་དབར་དུ་བགྲོ་གླེང་གི་ཐབས་ལམ་སྤྱད་དེ། རིག་གནས་དང་རིག་གནས་སམ། རིག་གནས་ཀྱི་ཆ་ཤས་དང་ཆ་ཤས་དབར་ཕན་ཚུན་རྒྱུས་ལོན་དང་གོ་སྒྲིག་གི་ཐོག་ནས། མཉམ་གནས་མཉམ་སྡོད་ཀྱི་དམིགས་ཡུལ་འགྲུབ་སླད་དུ་ཡིན་པ་གསལ་པོ་རྟོགས་ཐུབ་ཅིང་། དེ་ནི་བོད་ཀྱི་སྲོལ་རྒྱུན་བརྩམས་ཆོས་ཕལ་ཆེ་བ་བགྲོ་གླེང་གི་རྣམ་པའི་ཐོག་ཏུ་ཡོད་པའི་ཁྱད་ཆོས་དེས་ཀྱང་ཤེས་ཐུབ།
ཅོ་ནེ་ཡུམ་ཚེ་རིང་ལགས་ཀྱིས་རིག་གཞུང་ཆེད་དེབ་འདིར་ཞིབ་འཇུག་གི་ཐབས་ལམ་མང་པོ་བཀོལ་ཏེ། བོད་ཀྱི་སྲོལ་རྒྱུན་གྱི་རབ་རྟོག་བརྩམས་སྒྲུང་གི་ཕྱིའི་སྒྱུ་རྩལ་གྱི་ཁྱད་ཆོས་དང་། ནང་གི་མཚན་ཉིད་རིག་པའི་ལྟ་གྲུབ་དང་། དེའི་མཚོན་བྱེད་དུ་གྱུར་པའི་མཛེས་རྟོག་གི་བསམ་བློ། དེའི་ཡང་མཚོན་བྱེད་དུ་གྱུར་པའི་རྩོམ་རིག་གི་དོན་སྙིང་བཅས་ལ་དཔྱད་པ་གནང་སྟེ། བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་དེ་སྣེ་མང་ཕུན་སུམ་ཚོགས་པོ་ཞིག་ཏུ་ཕར་འཁྲིད་གནང་ཡོད་པ་དང་། ཡང་སྣེ་མང་ཕུན་སུམ་ཚོགས་པོའི་ཐོག་ནས་ཕར་འཁྲིད་པ་དེ་སླར་ཡང་བོད་རང་གི་ཁྱད་ཆོས་མ་ཉམས། རང་ཚུགས་མ་ཤོར་བའི་ཐོག་ནས་ཚུར་འཁྲིད་གནང་ཐུབ་པ་དེ་ནི་ཁྱད་ཆོས་ཤིན་ཏུ་ཆེ་བ་ཞིག་རེད། དེའི་ཁྱད་ཆོས་དེ་གཙོ་བོ་རྒྱ་བོད་དང་། བོད་སོག ནུབ་བོད་བར་གྱི་རབ་རྟོག་བརྩམས་སྒྲུང་ཕན་ཚུན་གཤིབ་སྡུར་གྱིས། བོད་རང་གི་རབ་རྟོག་བརྩམས་སྒྲུང་གི་ངོ་བོ་དང་ཁྱད་ཆོས་གསལ་བར་གཏན་ལ་ཕབ་པ་དེས་མཚོན་ཐུབ་པ་ཞིག་ཡིན་སྟབས། (འགའ་རེ་ཕར་ཐབས་ལམ་གསར་པ་ཞིག་གིས་འཁྲིད་འཁྲིད་དེ། ཕྱིས་སུ་རང་གི་ངོ་བོ་དང་ཁྱད་ཆོས་ཀྱི་ཐོག་ཏུ་བབས་མི་ཐུབ་པའམ་ལོག་མི་ཐུབ་པ་དེ་འདྲ་ལ་ལྟོས་ཏེ་བཤད་པ་ཡིན།) དེ་དག་གི་དབང་གིས་སྐབས་འདིར་བདག་གིས་རིག་གཞུང་གི་ཆེད་དེབ་འདིར་དེང་གི་ཐབས་ལམ་སྣེ་མང་བཀོལ་བ་གང་ཞིག་ལ། ཡང་མཐར་གཞི་གཅིག་ཏུ་བསྡུ་ཐུབ་པའི་ཁྱད་ཆོས་འདུག་ཅེས་བརྗོད་པ་ཡིན།
གསུམ་པ། རྩ་དོན་ཅན་དང་སྤྱི་འགྲོས་ཅན་ནས་ངེས་མེད་དང་གློ་བུར་བའི་ཁྱད་ཆོས་བར།
ཅོ་ནེ་ཡུམ་ཚེ་རིང་ལགས་ཀྱིས་ཆེད་དུ«བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་ལ་དཔྱད་པ»ཞེས་པའི་དཔྱད་རྩོམ་དེ་འབྲི་དགོས་པའི་དམིགས་ཡུལ་དང་དོན་སྙིང་ནང་དུ་མི་གསལ་མོད། ཁོང་གིས་དེ་སྔ་སྤེལ་བའི་དཔྱད་རྩོམ་འགའ་དང་ཆེད་དེབ་དེའི་འདིར་བདམས་པའི«གཡག་ལུག་ར་ཕག་གི་གཏམ་རྒྱུད»དང«བྱ་སྤྲེལ་གཏམ་རྒྱུད» «རྫ་ཙིག་གཏམ་རྒྱུད»ལ་སོགས་པ་དང་། བོད་ཀྱི་སྲོལ་རྒྱུན་བརྩམས་ཆོས་གཞན་ཏེ། «དྲི་མེད་ཀུན་ལྡན»དང«འགྲོ་བ་བཟང་མོ»ལ་སོགས་པའི་ནང་གི་མི་སྣ་ནི་སྒེར་གཤིས་དེ་ཙམ་མེད་པ་དང་། སྤྱི་འགྲོས་ཅན་གྱི་མི་སྣ་ཞིག་ཡིན་ཚུལ་དབར་ལ་གཤིབ་སྡུར་གནང་བ་དེས། བོད་ཀྱི་སྲོལ་རྒྱུན་བརྩམས་ཆོས་ཁྲོད་ཀྱི་གཞུང་ལུགས་ཅན་དང་། ཚད་གཞི་ཅན། སྤྱི་འགྲོས་ཅན་དུ་གྲུབ་པའི་སྲོལ་རྒྱུན་གྱི་བསམ་བློ་དང་མཛེས་རྟོག་གི་ཁྲོད་ནས། ཅུང་སྒེར་གཤིས་ཅན་དང་། ངེས་པ་མེད་པ། གློ་བུར་བའི་ཁྱད་ཆོས་མངའ་བའི་བསམ་བློ་དང་མཛེས་རྟོག་གི་ཁྱད་ཆོས་ཤིག་བཙལ་འཚོལ་གནང་འདོད་པའང་ཡིན་ཤས་ཆེ་སྙམ་པས། དེར་དེང་རབས་རིང་ལུགས་ཕྱི་མས་བཙལ་འཚོལ་བྱེད་བཞིན་པའི། རིགས་ཤེས་དང་གོམས་གཤིས་ཀྱིས་བསྐྲུན་པའི་གཏན་འཇགས་དང་ངེས་པ་ཅན་གྱི་སྒྲོམ་གཞིའི་ར་བ་ཡོད་ཚད་ལ་དོགས་སློང་གིས། ཆོས་ཐམས་ཅད་ལ་སྔར་ནས་ཡོད་པའི་མི་རྟག་པ། ངེས་པ་མེད་པ། འགྱུར་བ་ལྡན་པ། གློ་བུར་བའི་ཁྱད་ཆོས་དེ་དག་གམ། ཡང་ན་སྔར་སྲོལ་གྱི་གོམས་གཤིས་ཀྱི་ར་བ་ལས་གྲོལ་ཏེ། སྲོལ་རྒྱུན་གྱི་རབ་རྟོག་བརྩམས་སྒྲུང་དེ། བོད་ཀྱི་སྲོལ་རྒྱུན་བརྩམས་ཆོས་དང་དེང་གི་བརྩམས་ཆོས་དབར་ལ་སྦྲེལ་ཟམ་ཞིག་ཏུ་བསྒྱུར་ཆེད་འབད་པ་གནང་བ་ཞིག་ཀྱང་ཡིན་པར་ཡང་འདོད་ཀྱི་ཡོད། དེའང་འོས་སུ་མཆིས་པ་སྟེ། ང་ཚོས་དེང་གི་རྩོམ་རིག་གོང་འཕེལ་སོང་སྟེ་མི་ལོ་བཞི་བཅུ་ལྷག་ཙམ་སོང་བར་སྤོབས་སེམས་བྱེད་ཀྱི་ཡོད་མོད། འོན་ཏེ་དེ་ནི་གཙོ་བོ་གསར་རྩོམ་ཁོ་ནའི་སྟེང་ནས་བརྗོད་པ་ཞིག་ལས། དེ་དང་འགྲོགས་པའི་དེང་གི་བོད་ཀྱི་ཁྱད་ཆོས་ལྡན་པའི་རྩོམ་གཞུང་ཞིག་ད་དུང་གྲུབ་མེད་པས། དེ་འགོ་ནང་ནས་བཟུང་། བར་ཇི་ལྟར་རྩོམ། མཐར་གང་དུ་བབས་པ་སོགས་ལ་བསམ་གཞིག་བྱ་དགོས་ན། སོང་ཟིན་པའི་མི་ལོ་བཞི་བཅུའམ། ཡང་ན་མ་འོངས་ཀྱི་མི་ལོ་བཞི་བཅུ་ཁོ་ནའི་ཐོག་ནས་སྡོམ་ཚིག་འཇོག་རྒྱུ་ཞིག་མིན་པར། ད་དུང་སྲོལ་རྒྱུན་གྱི་རིག་གནས་ཀྱི་ལྟེ་ཐག་དང་སྦྲེལ་དགོས་པ་དེ་གལ་ཆེན་ཡིན་ཞིང་། དེ་དང་སྦྲེལ་ཐུབ་ན། གཞི་ནས་རིག་གནས་ཀྱི་རྒྱུན་དང། རྩོམ་རིག་གི་རྒྱུན་ཞེས་པ་དེ་འགྲུབ་ཐུབ་པ་ཡིན། དེ་མིན་ན། སྐབས་ཐོབ་ཀྱི་འཁྲབ་སྟོན(即兴表演)ལྟ་བུ་ལས། ཁུངས་དང་ལུང་མེད་པ་ཞིག་ཏུ་འགྱུར་ཉེན་ཡོད། ཟུར་ངོས་དེ་འདྲ་ཞིག་ནས་དཔྱད་ན། ཅོ་ནེའི་ཡུམ་ཚེ་རིང་ལགས་ཀྱི་ཆེད་དེབ་དེ་ནས། སྲོལ་རྒྱུན་བརྩམས་ཆོས་ནང་ནས་སླར་ཡང་ཅུང་ཐ་དད་པའི་སྒེར་གཤིས་ཅན་གྱི་བརྩམས་ཆོས་འགའ་ཞིག་ཆེད་དུ་བཏོན་ཏེ་དཔྱད་པ་གནང་བ་དེར་ཡང་རིན་ཐང་ཆེ་བ་ཞིག་རེད་འདུག་སྙམ།

མཇུག་བསྡུ་བ།
མང་པོ་ཞིག་འཆད་འདོད་ཡོད་རུང་། སྐུད་པ་རིང་ན་ཆད་འགྲོ། སྐད་ཆ་མང་ན་ཉོག་འགྲོ། ཞེས་པ་ལྟར། སྐད་ཆ་བཤད་མཚམས་རེ་ཞིག་འདིར་འཇོག་རྒྱུ་ཡིན། སླད་མར་ཅོ་ནེ་ཡུམ་ཚེ་རིང་ལགས་ཀྱི་གསར་རྩོམ་དང་། ལོ་ཙཱ། རིག་གཞུང་ཞིབ་འཇུག་གི་མཛད་འཕྲིན་དེ་བས་ལྷུག་པར་རྒྱས་པའི་སྨོན་འདུན་ཞུ་རྒྱུ་ཡིན་ལ། སྐབས་ཐོབ་འདིར་ཁྱེད་ཉིད་ཀྱིས་དཀའ་རྙོག་གི་ལམ་བུ་མང་པོ་ཞིག་བརྒྱུད་བརྒྱུད་མཐར། དེ་ལྟ་བུའི་རིག་གཞུང་གི་འབྲས་བུ་ཕུལ་དུ་བྱུང་བ་ཞིག་བསྐྲུན་ཐུབ་པར་སྙིང་ཐག་པ་ནས་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན་ལ། འདིར་བཞུགས་པའི་དགེ་བའི་བཤེས་གཉེན་དང་། དབུ་ཁྲིད་རྣམ་པ། རོགས་པ་ཚོས་ངའི་གཏམ་བཤད་གསན་པར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
བཀྲ་ཤིས། ཞལ་དྲོ།
ལྷ་ས་རུ། ༢༠༢༥-༡༠-༡༩
འབྲེལ་ཡོད་འོས་སྦྱོར།