logo

«ཚེ་རིང་དོན་གྲུབ་ཀྱི་ཐོལ་རྩོམ་བདམས་བསྒྲིགས»བཀླགས་པའི་ཟིན་ཐོ།

རྩོམ་པ་པོ།:ཞྭ་ནག་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-12-18 ཀློག་གྲངས།:
       ཉེ་བའི་ཆར་དཔེ་ཚོགས་ལེགས་པོ་འགའ་ཐོན་དང་འཐོན་བཞིན་པ་རེད་ལ། གཡུ་དྲུག་དཀར་དཔེ་ཚོགས་ནི་དེའི་གྲས་ཀྱི་གཅིག་ཡིན། ཐེངས་འདིར་ཁོ་བོས་སྐུ་ཞབས་ཚེ་རིང་དོན་གྲུབ་ལགས་ཀྱི་དེབ་གསར«ཚེ་རིང་དོན་གྲུབ་ཀྱི་ཐོལ་རྩོམ་བདམས་བསྒྲིགས»ཞེས་པ་བཀླགས་རྗེས་ཡིག་འབྲུ་འགའ་བློས་བསླང་བྱ་འདོད་བྱུང་།
       ཚེ་རིང་དོན་གྲུབ་ཀྱི་དེབ་འདི་བཀླགས་པའི་རྒྱུ་མཚན་ཁོ་བོས་རྩོམ་པ་པོ་ངོ་ཤེས་ཡིན་པས་དེབ་འདི་བཀླགས་པ་མིན་པར་ཁོ་བོར་མཁོ་བའི་ཤེས་བྱ་རེ་ཡོད་དམ་སྙམ་པ་ཡིན། དེབ་འདིའི་དཀར་ཆག་མཐོང་བ་ལས་རེ་འགའ་ནི་ཁོ་བོས་སྔོན་ནས་བཀླགས་ཟིན་པའི་བརྩམས་ཆོས་ཀྱང་འགའ་རེ་འདུག་མོད། དེ་དག་གི་བསྟན་བྱ་ནི་ཤ་ཟིན་སྤུ་ཟིན་ཙམ་ལས་འདི་ནས་འདི་བཤད་ཡོད་དོ་ཞེས་གླེང་རྒྱུ་ཞིག་མི་འདུག་པས་རེ་རེ་བཞིན་མགོ་ནས་མཇུག་ལ་བར་ཚར་གཅིག་ཞིབ་ཀློག་བྱས་པ་ཡིན།
       དེབ་འདིའི་ནང་གི་ང་རང་ལ་ཕན་པའི་ཤེས་བྱ་གཙོ་བོ་ནི་རྩོམ་རིག་གསར་རྩོམ་ཉམས་མྱོང་སྐོར་གྱི་བརྩམས་ཆོས་དག་ཡིན་ལ། འདི་ནི་གསར་རྩོམ་ལ་ཞུགས་པའི་ཁོ་བོར་མཚོན་ན་ཆར་བ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ཉིད་ལས་མ་འདས།
       དེ་ཡང་རྩོམ་པ་པོས་རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན་པས་ན་སྐད་ཆ་དོ་མཉམ་པ་དང་ཚིག་ལྷག་མེད་པ། བསྐྱར་ཟློས་མེད་པ། བརྡ་སྤྲོད་དང་མཐུན་པ། མདོ་དབུས་ཁམས་གསུམ་གྱི་ཀློག་པ་པོས་གོ་ནུས་པ་ཞིག་ཡིན་དགོས་ཞེས་གླེང་བའི་ཚེ་རྩོམ་མཁན་ཁོང་ནི་ཀློག་པ་པོར་འགན་ཁུར་བའི་འདུ་ཤེས་ཤུགས་དྲགས་ཡོད་མཁན་ཞིག་ཡིན་པ་མཚོན་ལ། གཞན་ཁོང་གིས་ངས་དཔེ་ཆ་ཀློག་པ་དང་། ལྷག་པར་དུ་སྒྲུང་གཏམ་ལ་བལྟ་བ་ནི་སྤྲོ་སྐྱིད་ཅིག་ལ་རྩི་བཞིན་ཡོད་པ་ལས་འགན་ཁུར་ཞིག་ལ་རྩི་བཞིན་མེད་ཅེས་གླེང་ན་འུ་ཅག་མང་པོ་ཞིག་དཔེ་ཆའི་བྲན་གཡོག་ཏུ་གྱུར་དང་འགྱུར་བཞིན་པའི་དུས་སྐབས་འདིར་ཉེན་བརྡ་ཞིག་སྟོན་གྱིན་མེད་དམ་སྙམ་ཡོང་།    
       ད་རུང་རྩོམ་པ་པོ་ཁོང་ནི་བོད་ཀྱི་ཐ་སྙད་གཅིག་གྱུར་གྱི་སྐོར་ལའང་སེམས་ཁྲལ་མི་དམན་པ་གནང་མཁན་ཞིག་དང་། ཐ་སྙད་ཀྱི་སྐོར་ལ་ཕྱག་ལས་གནང་བའི་མཁས་པ་དག་ལ་བརྩི་བཀུར་བླ་མེད་གནང་མཁན་ཞིག་ཀྱང་རེད་འདོད་དེ། ཁོང་གིས་ཐ་སྙད་འདེམ་སྤྱོད་ཐད་ནས་ངས་དེང་སྐབས་ཀྱི་བྱ་དངོས་དང་ཅ་ལག་གསར་པ་རྣམས་ཀྱི་མིང་དེ་སྤྱིར་བཏང་དུ་མཁན་པོའི་ཚིག་མཛོད་རྣམས་དང«དག་ཡིག་གསར་བསྒྲིགས»ལ་གཞི་བཅོལ་བཞིན་ཡོད། གང་ཡིན་ཟེར་ན་མཁན་པོའི་ཚིག་མཛོད་ཀྱི་སྒྱུར་མཁན་དང་སྒྲིག་འབྲི་བྱེད་མཁན་རྣམས་མདོ་དབུས་ཁམས་གསུམ་གྱི་མཁས་པ་ཡག་ཤོས་དག་ཡིན་པས་རེད་ཅེས་གསུངས་ཡོད་པས་འདི་ནི་ཁོ་བོ་མཁན་པོ་ལ་དགའ་བས་ཆགས་ཞེན་དུ་གྱུར་བ་མ་ཡིན་པར། ལེགས་པའི་བྱ་བ་ངོས་ཟིན་ཅིང་འཇུག་པ་ནི་མཁས་པའི་ཁྱད་ཆོས་ཉིད་ལས་མ་འདས་པས་རང་ལ་ཡོད་པའི་ཐ་སྙད་ལེགས་པོ་དག་འདི་ལྟར་རྩོམ་ཡིག་སོགས་སུ་བཀོལ་བ་ནི་འོས་ཤིང་འཐད་ལ་གནད་དུ་སྨིན་པའི་ལས་ཤིག་རེད་འདོད་པས་འདི་ལ་ཀུན་གྱིས་སློབ་སྦྱོང་བྱ་འོས་པ་ཡིན།
       གཞན་ཁོང་གིས་ད་ལྟའི་འུ་ཅག་གི་གནས་བབས་འདིར་སེམས་ཁྲལ་གནང་བའི་རྣམ་པ་དུ་མའང་ཟ་དང་ཟུར་ནས་མཐོང་ཡོང་སྟེ། དཔེར་ན་ཁོང་གིས་འགྲན་རྩོད་ཆེ་ཞིང་ང་ཚོའི་རིག་གནས་ཉག་ཕྲ་བའི་དུས་འདིར་ང་ཚོ་སྐྱ་སེར་ཕོ་མོ་རྒན་གཞོན་ཚང་མས་གཞན་ལས་ལྡབ་འགྱུར་གྱིས་འབད་བརྩོན་བྱ་དགོས་ཞེས་གླེང་བས་ཀྱང་ཤེས་སླ་སྙམ།
       ད་རུང་ཁོང་གིས་ལབ་རྒྱུར་སྒྱུ་རྩལ་བརྩམས་ཆོས་ནི་འབྲུ་རིགས་ཀྱི་ཐོན་ཚད་ལྟར་ཅི་ཙམ་མང་ན་དེ་ཙམ་བཟང་བ་ཞིག་མ་ཡིན་ཞེས་བཤད་ཡོད། འདིས་ཁོང་གིས་སྤུས་ཚད་ཅན་གྱི་བརྩམས་ཆོས་གལ་ཆེ་བ་ལས་གྲངས་འབོར་མང་བའི་བརྩམས་ཆོས་ནི་དེ་ཙམ་གལ་ཆེན་མིན་པ་བསྟན་ཡོད། འཛམ་གླིང་ན་མིང་དུ་གྲགས་པའི་རྩོམ་པ་པོ་དུ་མར་བརྩམས་ཆོས་རེ་འགའ་ལས་མེད་པ་མང་པོ་ཡོད་པས་ཀྱང་འདི་ལ་གསལ་བཤད་སྣོན་མ་ཞིག་བྱས་ཡོད།
       རྩོམ་མཁན་ཞིག་ལ་མཚོན་ན་ཀློག་པ་པོར་བདེན་སྣང་སྟེར་ཐུབ་རྒྱུ་ནི་ཤིན་ཏུ་གལ་ཆེ་ལ། བདེན་སྣང་སྟེར་བའི་བརྩམས་ཆོས་ནི་ཀློག་པ་པོས་ཀློག་འདོད་ཆེ་ཞིང་ཡིད་རྟོན་བྱ་ངེས་ཡིན། དེ་ན་རྩོམ་ཡིག་ཅིག་འབྲི་བའི་ཚེ་ཐོག་མར་རང་ལ་ཤིན་ཏུ་ཆ་རྒྱུས་ཡོད་པའི་རིགས་བྲིས་ན་དེར་གནོན་ཤུགས་མེད་ཅིང་རྩོམ་པའི་རྒྱུན་སྐྱོང་ཐུབ་པའི་ཕན་སོགས་ཡོད་པའང་ཁོང་གི་བརྩམས་ཆོས་དེབ་འདི་བཀླགས་པས་ཤེས་བྱུང་།
       དེབ་འདི་ཀློག་པའི་ཚེ་ཁོ་བོ་མི་ལྷག་མ་ཞེས་པའི་ཐ་སྙད་ཅིག་དང་ཕྲད་ཅིང་། ཐ་སྙད་དེའི་དོན་གསལ་པོར་མ་ཤེས་པས་རྩོམ་པ་པོར་དྲིས་པའི་ཚེ་ཁོང་གིས་མི་ལྷག་མ་ཞེས་པ་ནི་སྤྱི་ཚོགས་དང་ཁྱིམ་ཚང་ལ་གོ་མི་ཆོད་པའི་མིར་གོ་ཞེས་བཤད་པའི་ཚེ་ཁོང་གི་བརྩམས་ཆོས་གྲགས་ཆེན་ར་ལོ་ཞེས་པའི་སྒྲུང་གཏམ་དེ་གསལ་པོར་ཡིད་ལ་འཁོར་ཡོང་། འདི་ནི་བོད་ཀྱི་མི་ལྷག་མ་བཞེངས་བསྐྲུན་བྱས་པའི་བརྩམས་ཆོས་ཤིག་ཡིན་པ་ངོས་ཟིན་བྱུང་ལ། ཐ་སྙད་དེ་ཨུ་རུ་སིའི་རྩོམ་རིག་ལོ་རྒྱུས་སྟེང་གི་བརྡ་ཆད་ཅིག་ཡིན་པའང་ཤེས་སོ། །

༢༠༢༥ལོའི་ཟླ༡༡ཚེས༢༥ཉིན་གྱི་མཚན་མོར་བྲིས།
འབྲེལ་ཡོད་འོས་སྦྱོར།