རིས་སྒྲུང་རྩོམ་པ་པོ་ཞིག་ངོ་ཤེས་པ་ནས་མོའི་བརྩམས་ཆོས་འགྲེམ་སྤེལ་ལ་མདོ་འཛིན་བྱས་པའི་ཟིན་བྲིས་མདོར་བསྡུས།
རྩོམ་པ་པོ།:རླངས་ཚང་བསོད་ནམས་རྡོ་རྗེ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-03-12
ཀློག་གྲངས།:
ཚེ་མདོ་སྐྱིད་ངོ་ཤེས་ནས་མི་ལོ་ལྔ་དྲུག་ཅིག་འགོར། མོ་ངོ་མ་ཤེས་སྔོན་ལ་ངས་བེའུ་རྒྱ་ཐོ་སོགས་རིས་སྒྲུང་དེབ་ཕྲེང་དྲུག་ཅན་དེ་ཤེས་པ་ཡིན། རིས་སྒྲུང་དེབ་ཕྲེང་དེ་དག་གིས་ང་ལ་ངོ་སྤྲོད་བྱས་པ་ནི་རྩོམ་པ་པོ་བུ་མོ་ན་ཆུང་ཞིག་ཡིན་པའི་སྣང་བ་སྐྱེས། སྤྱི་ལོ༢༠༢༠ལོའི་ཟླ་དང་པོའི་ཚེས༡༢ཉིན་ཚེ་མདོ་སྐྱིད་ཀྱང་ང་ཚོ་དང་ལྷན་དུ་གནམ་གྲུ་གཅིག་ནས་ཁྲུན་ཏུའུ་ལ་འགྲོ་དགོས་ཀྱི་ཡོད་ན་ཡང་། གནམ་ཐང་ནས་མོ་ལ་འཕྲད་མ་བྱུང་། ཟི་ལིང་ནས་ཁྲུན་ཏུའུ་ལ་འཕུར་ཉེ་བའི་གནམ་གྲུའི་ནང་ཆེས་རྗེས་མར་སླེབས་པའི་མགྲོན་པོ་ནི་བུད་མེད་གཟུགས་རིང་ལ་སྐྲ་ཅུང་གཟེང་བ་དེ་ཕྲག་པ་གཡས་གཡོན་དུ་ལུག་ནས་གདོང་པ་ཡང་སྒྲིབ་ཙམ་བྱས་པ། སྨིན་པ་ནག་ཅིང་གདོང་པར་མཛེས་སྤྲས་ཅི་ཡང་བྱས་མེད་པ། གོན་པ་ལྷུག་ལྷུག་རིང་བོ་ཞིག་གྱོན་ནས་རྒྱབ་ཁུག་ཏུ་སླར་ཡང་འཇོག་ཁོམ་མ་བྱུང་བ་འདྲ་བའི་དངོས་པོ་ཙག་ཙིག་འགའ་ལག་ཏུ་བཟུང་ནས་ང་དང་གྲོགས་པོ་གཅོད་པ་ཚེ་རིང་གཉིས་ཀྱི་རྒྱབ་ཕྱོགས་ཀྱི་རྐུབ་སྟེགས་ཤིག་ཏུ་བསྡད་སོང་། སྐད་འཕྲིན་ལས་ཁ་བརྡ་བྱས་པའི་སྐད་གདངས་དང་གཅིག་པས་ཚེ་མདོ་སྐྱིད་ཡིན་པ་ཤེས་སོང་། བདེ་མོ། ཚེ་མདོ་སྐྱིད་ཡིན་ནམ་ཞེས་དྲིས་སྐབས། མོ་གནམ་གྲུའི་རྗེས་མི་ཆོད་པར་སྐྲག་ནས་རྒྱུགས་ཡོང་བའི་དབུགས་འཚང་ད་རུང་མཚམས་བཞག་མི་འདུག་ཀྱང་། ཡིན། བདེ་མོ་ཞེས་པའི་སྒྲ་དེ་ཁ་ནས་གསལ་ལ་མ་གསལ་ཞིག་མ་གཏོགས་ཐོས་མ་ཐུབ་ཀྱང་། ངའི་ཡིད་ལ་བེའུ་རྒྱ་ཐོ་ལུས་རྩལ་འགྲན་ཚོགས་ལ་ཞུགས་པའི་སྣང་བརྙན་དང་མོའི་འཚབ་བེ་འཚུབ་བེའི་རྣམ་པ་གཉིས་ངོ་བོ་གཡེར་མེད་ལྟ་བུར་གྱུར།

ཉིན་གསུམ་རིང་ཁྲུན་ཏུའུ་ནས་རིས་སྒྲུང་དང་འབྲེལ་བའི་བགྲོ་གླེང་ཚོསས་འདུར་ཞུགས། ཚོགས་འདུའི་སྟེང་མོས་སྐད་ཆ་ནམ་བཤད་སྐབས་བེའུ་རྒྱ་ཐོའི་རིས་སྒྲུང་ཁྲོད་ཀྱི་རི་མོ་མང་པོ་ཡིད་ལ་ཤར་ཡོང་བ་ཞིག་རེད། འོན་ཀྱང་། བེའུ་རྒྱ་ཐོ་ནི་བོད་སྐད་ཁོ་ན་བཤད་མཁན་ཞིག་ཡིན་ན་ཡང་། ཚེ་མདོ་སྐྱིད་དབྱིན་སྐད་དང་རྒྱ་སྐད་གཉིས་ལའང་བྱང་ཆ་ལྡན་པས་བེའུ་རྒྱ་ཐོ་དང་མི་འདྲ་བ་ཞིག་རེད། མོས་བློས་བསླངས་དང་འབྲི་བཞེངས་བྱས་པའི་བེའུ་རྒྱ་ཐོ་དེ་ཡང་དབྱིན་སྐད་དང་རྒྱ་སྐད་སྦྱངས་མྱོང་ཡང་བོད་པའི་སྤྱི་ཚོགས་ཁྲོད་ཁེངས་སྐྱུང་གིས་བོད་སྐད་གཙང་མ་བཤད་མཁན་གྱི་བྱིས་པ་ཚོའི་བེའུ་རྒྱ་ཐོ་ཞིག་རེད། བེའུ་རྒྱ་ཐོའི་རྭ་ཅོ་ཞེས་པ་དེར་རྒྱ་ཐོ་ཡིན་ན་རྭ་ཅོ་ཡོད་མི་ཆོག་ཅིང་། རྭ་ཅོ་ཡོད་ན་རྒྱ་རྒྱ་དང་རྒྱ་ལངས་ཟེར་བ་ཡིན་པས་ཀྲུང་དབྱང་མི་རིགས་སློབ་ཆེན་སོགས་ནས་དེང་རབས་རིག་གནས་ལ་སྦྱངས་ནས་ཡོང་བའི་ཚེ་མདོ་སྐྱིད་འདི་རྐང་ཚའི་འབྲོག་མོ་རྣལ་མ་ཞིག་ཡིན་ཡང་རྭ་ཅོ་ཡོད་ན་རྒྱ་ཐོ་ཟེར་མི་ཉན་པ་མི་ཤེས་པའི་དེང་རབས་སློབ་གྲྭ་ཆེན་མོ་བ་ཞིག་རེད་བསམ་སོང་ཡང་། བེའུ་རྒྱ་ཐོར་བཀླགས་ཀྱིན་བསྐྱགས་ཀྱིན་ག་ལེར་རྭ་ཅོ་སྐྱེས་སོང་བས་ངས་ཀྱང་ཁ་སྣའི་སྤུ་ལ་དམར་སེར་གྱི་ཁ་དོག་འདྲེས་ཤིང་མཆུ་ཏོ་ཅུང་དཀར་ཤས་ཆེ་བ། མིག་ཁྲ་རིལ་རིལ་འོད་མདངས་ཀྱིས་ཁེངས་པའི་བེའུ་གྲིམ་པོ་དེ་ལ་རྭ་ཅོ་མ་སྐྱེས་གོང་ལ་རྒྱ་ཐོ་མི་ཟེར་གང་ཟེར་སྙམ་ནས་ད་བཟོད་ཚེ་མདོ་སྐྱིད་ཀྱིས་འབྲོག་པའི་རིག་གནས་རྩ་བ་ནས་མི་ཤེས་སྙམ་པའི་ལོག་རྟོག་དེ་ཡང་རིམ་གྱིས་སེལ་སོང་། འདས་པའི་ལོ་ངོ་འདི་དག་གི་རིང་བྱིས་སྐྱོང་དགེ་རྒན་དང་ཁྱིམ་བདག་ལ་ཟབ་སྦྱོང་དང་གཏམ་བཤད་མང་པོ་བྱས་པའི་ཁྲོད་བྱིས་པ་དང་དཔེ་ཀློག་སྐོར་བཤད་དགོས་ནམ་བྱུང་ལ་བེའུ་རྒྱ་ཐོ་སོགས་ཀྱི་རིས་སྒྲུང་དེབ་ཕྲེང་དེ་དག་ཡག་པོ་ཡིན་རབས་ཀྱི་འོས་སྦྱོར་བྱས་ཤིང་། ང་ཚོའི་བྱིས་སྐྱོང་གླིང་དག་གིས་ཀྱང་མང་པོ་ཞིག་ཉོས་པ་བཅས་བྱིས་པ་ཚོ་དང་རིས་དེབ་དེའི་འཕྲིན་ལས་རྒྱས་པར་འབད་པ་གང་ཐུབ་བྱས་པ་ཡིན། བེའུ་རྒྱ་ཐོ་སོགས་ཀྱི་རིས་སྒྲུང་ལ་ཚི་དྲེགས་ཆགས་སུ་བཅུག་པའི་བྱིས་པ་མང་པོ་ཞིག་ཀྱང་བེའུ་རྒྱ་ཐོའི་རྭ་ཅོ་དང་འདྲ་བར་བདེ་ཐང་འཚར་ལོངས་ཀྱི་ཁྲོད་ནས། བེའུ་རྒྱ་ཐོའི་རྭ་ཅོའི་སྐྱེ་འཕེལ་ལ་མཉམ་འཇོག བེའུ་རྒྱ་ཐོ་ནི་དབྱར་རྩྭ་དགུན་འབུ་སོགས་སྨན་རྩྭ་སྣ་མང་ཟས་ནས་རྫ་ཆུ་བསིལ་མ་འཐུང་མཁན་གྱི་འབྲི་མོའི་གཅེས་ཕྲུག སྒོ་ཕྱུག་རྩྭ་གཟན་ལས་ཅན་ཞིག་ཡིན་པ་དང་། ཁོང་ལག་ཆགས་ན་ཡ་རུ་རྒྱ་ཐོ་དང་། དེ་ནས་གཡག་རྒྱ་ཐོ་ཟེར་དགོས་པའི་གནས་ལུགས། རྩིད་པ་དང་ཁུ་ལུ་མང་ཚུལ། རིགས་རྒྱུད་སྤེལ་ན་འབྲོང་དང་འདྲ་བ། སྒོ་ནས་བཏགས་ན་སེང་གེ་འདྲ་བ། རི་མོར་བྲིས་ན་གླག་དང་འདྲ་བ། ངུར་བའི་སྒྲ་སྐད་བྲག་ཆར་འཁྱིལ་བ། རྒྱུགས་ན་སྤང་ཤ་བར་སྣང་ལ་མཆོད་པ། རྩྭ་ཟོས་ན་ལྕེ་ནག་ཟོར་བ་ལྟར་རྣོ་བ། སྤྱང་དར་མས་མཐོང་ན་སྒྱིད་པ་འཆིང་བ། གཡག་གཞན་ལ་འཐབ་ན་རྭ་རྩེ་ནས་མེ་སྟག་འཕྲོ་བ། སྣ་ཁུང་ནས་རླངས་པ་འཕྱུར་ན་དུ་བ་དང་འདྲ་བ། ཞོན་ན་བདེ་ཞིང་སོང་ན་མགྱོགས་པ། ཕར་འཚོ་སྐྱོང་བྱས་ན་ཕྱིར་བདག་པོར་བློ་དཀར་བ། འབྲོག་པས་རུ་སྤོར་སྐབས་ཁལ་འགེལ་བ་ལ་བརྟེན་ནས་མཐོ་སྒང་གི་གྲུ་གཟིངས་ཞེས་པའི་མིང་ཐོགས་ཡོད་པ་སོགས། གཡག་དང་འབྲེལ་བའི་རིག་གནས་མང་པོ་ཞིག་ལ་དགའ་སྣང་གིས་འཇུག་ཐུབ་པའི་ཁར། བྱིས་པ་ཚོ་བེའུ་རྒྱ་ཐོ་ལྟར་རྒྱལ་སྤྱིའི་ལུས་རྩལ་འགྲན་ཚོགས་སུ་ཡང་ཞུགས་ཐུབ་པ། བེའུ་རྒྱ་ཐོའི་རྩོམ་པ་པོ་ལྟར་སྐད་རིགས་ཀྱང་མང་པོ་ཞིག་ཤེས་ན་སྙམ་པའི་སློབ་གསོའི་གོ་རིམ་ཞིག་ཀྱང་ཡིད་ལ་རིམ་ཅན་དུ་ཤར་མྱོང་།
རང་སློབ་གྲྭའི་རྒྱུན་སྲོལ་ལྟར་གཟའ་ལྷག་པའི་དགོང་མོར“བཟའ་མི་གང་བོས་ཁ་པར་བཞག་ནས་དཔེ་ཀློག་བྱེད”ཅེས་པའི་དུས་ཚོད་ཕྱེད་ཀའི་རིང་གི་ཁྱིམ་མིའི་བྱ་འགུལ་ཞིག་ཡོད་པ་དེར་ཞུགས་མཁན་གྱི་ཁྱིམ་ཚང་མང་པོ་ཞིག་གིས་ཀྱང་ཚེ་མདོ་སྐྱིད་ཀྱི་རིས་སྒྲུང་དེབ་ཕྲེང་བེའུ་རྒྱ་ཐོ་ཅན་དེ་བྱིས་པར་བཤད་བཞིན་པའི་པར་དང་བརྙན་མཐོང་མྱོང་བ་མ་ཟད། ང་ཚོའི་བྱིས་སྐྱོང་གླིང་དག་གི་སློབ་ཁང་དུ་ཡང་དེབ་ཕྲེང་དེ་ཚི་སྟུག་ཏུ་སོང་བ་མཐོང་ཐུབ། དགེ་རྒན་དང་བྱིས་པ་ཚོས་དེ་དང་འབྲེལ་བའི་འཁྲབ་བཤད་ཐ་ངེ་ཐུང་ངུ་རེ་བྱེད་པ་ཡང་མཐོང་རྒྱུ་ཡོད། ངས་རིས་སྒྲུང་འདིའི་འཕྲིན་ལས་དར་བཞིན་པའི་སྣང་ཚུལ་མཐོང་བ་དང་། ཚེ་མདོ་སྐྱིད་ཀྱི་བཟའ་ཟླ་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་ཟོན་ཐར་རྒྱལ་ལགས་ཀྱིས་ཀྱང་བྱིས་པ་ཚོ་དང་འབྲེལ་བའི་གློག་བརྙན་ཞིག་ཕབ་སྐྲུན་མི་བྱེད་ན་ཡང་། ཆུང་མའི་ཁ་ངོ་ལ་བལྟས་ནས་ཡིན་རུང་བེའུ་རྒྱ་ཐོ་རིམ་བཞིན་ཡ་རུ་ནས་གཡག་ཏུ་གྱུར་པའི་གོ་རིམ་ཙམ་གསལ་བའི་འགུལ་རིས་གློག་བརྙན་ཐུང་ཐུང་ཞིག་བཟོ་ཐུབ་ནའང་ཅི་མ་རུང་སྙམ་པའི་ཧམ་པ་སྐྱེས་མྱོང་། འོན་ཀྱང་ཟོན་ཐར་རྒྱལ་ལ་ཟས་ཐུན་གཅིག་ཙམ་རིང་འཕྲད་པའི་ཁ་བརྡ་དེའི་ཁྲོད་ནས་ངས་དེའི་སྐོར་ཅང་གླེང་སྟབས་མ་བདེ་ཡང་། རིས་སྒྲུང་འགྲེམ་སྤེལ་གྱི་ཚོགས་འདུ་ལ་ཁོང་དང་ཁོང་གི་ལས་རོགས་དག་ཀྱང་ཞུགས་ནས་གྲ་སྒྲིག་དང་རོགས་རམ་གནང་གིན་འདུག་པས་ཚེ་མདོ་སྐྱིད་ཀྱི་ལས་ཀ་ལེགས་འགྲུབ་དང་ཟོན་ཐར་རྒྱལ་གྱི་གློག་བརྙན་དག་ལ་སྐད་གྲགས་ཆགས་དོན་ཡང་བཟའ་ཟླ་ཕན་ཚུན་ལ་རྒྱབ་སྐྱོར་གནང་བས་ལོས་སྙམ་པའང་ཡིད་སྨོན་དང་བཅས་ཤུགས་ལ་བྱུང་།
གང་ལྟར་རྩོམ་པ་པོས་བཤད་པ་ལྟར་ན་དཔར་ཐེངས་གསུམ་པོར་དཔེ་དེབ་ཁྲི་གཅིག་ལ་ཉེ་བ་བཙོང་ཟིན་ཟེར། བོད་ཡིག་གི་དཔེ་ཆ་ཞིག་བཙོང་ཚད་འདི་འདྲ་ཞིག་ལ་སླེབས་ན་ཧ་ལས་དགོས་པའི་ཚོད་དུ་ཡོད། འདིས་རྩོམ་མཁན་གྱིས་བརྩམས་པ་ཡག་ན་ཀློག་མཁན་གྱིས་ཕོངས་མི་དགོས་པའི་བདེན་ཁ་སྟེར་ལ། མང་པོ་ཞིག་གིས་མ་མཐོང་ཕྱིར་ན་མེད་པ་མིན་ཞེས་པའི་གནས་ལུགས་ལ་མི་བསམ་པར་བོད་ལ་བྱིས་སྒྲུང་ཉུང་ཉུང་ལས་མེད། ཡོད་པ་དག་ཀྱང་བཀླག་མཁན་མེད་ཟེར་མཁན། རང་ལ་མེད་ན་གླིང་ལ་མེད་འདོད་མཁན་གྱི་ཁྱིམ་བདག་དང་དགེ་རྒན་མང་པོ་ཞིག་གིས་རྒྱ་མཚོ་འཁྲིས་ནས་བཞག་སྟེ་ཀོ་གྱོང་མཆིལ་མས་སྦངས་པ་ཡོན་ཏན་ཡིན་པར་འཁྲུལ་མཁན་མི་ཉུང་ཡང་དེའི་སྐོར་འཕྲོས་བཤད་དུ་སོང་བས་བཞག་ནས་སླར་ཡང་དཀྱུས་ལ་ཞུགས་ན།
སྤྱི་ལོ༢༠༢༥ལོའི་ལོ་མཇུག་ཏུ། ཚེ་མདོ་སྐྱིད་ལགས་ཀྱིས་ང་ལ་རིས་སྒྲུང་དེབ་ཕྲེང་གཉིས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔར་ནས་སྒོར་ཐོན་ཡོད། ཁྱེད་ཀྱི་ས་གནས་ཤིག་སྐུར་དང་ངས་ཁྱེད་ལ་དེབ་ཕུད་ཅིག་འབུལ་ངེས་ཡིན་ཟེར། གྲོགས་དང་ངོ་ཤེས་བཟང་ས་རྒྱན་ས་སོགས་བདག་ལ་དཔེ་དེབ་རིན་མེད་སྤྲོད་མཁན་མང་བས་ཡིན་ནམ་དེ་ལ་དམིགས་བསལ་ཅང་ཚོར་བ་མ་བྱུང་ན་ཡང་། རིས་སྒྲུང་དེབ་ཕྲེང་གསར་བ་དེ་དཔར་སྐྲུན་ལེགས་འགྲུབ་བྱུང་བ་ལྟར་མགྱོགས་པོར་མཐོང་ན་བསམ་པའི་བྲེལ་བ་དང་དགའ་བ་གནོན་མི་ཐུབ་ཞིག་བྱུང་བས། ཚེ་མདོ་སྐྱིད་ལགས། ཐོག་མར་རྟེན་འབྲེལ་ཞུ། དངོས་ནས་དགའ་སོང་། ཁྱེད་ཀྱི་བརྩམས་ཆོས་གསར་བ་ལ་རྟེན་འབྲེལ་ཞུ། དཔེ་ཆ་འགྲེམ་ཚོང་གི་འགན་ཁྱེད་ལ་ཡོད་ན་ངས་ཁྱེད་ལ་རྒྱབ་སྐྱོར་བྱེད་ཐུབ་ལབ་པ་ན། མོས། ང་ལ་དེབ་ཉི་ཤུ་སྤྲད་སོང་། འགྲེམ་ཚོང་གི་འགན་དཔེ་སྐྲུན་ཁང་ལ་ཡོད་པ་དང་ང་ལ་རྩོམ་ཡོན་སྤྲད་སོང་། བཀའ་དྲིན་ཆེ་ཞེས་ཟེར། མ་གཞི་ནས་སྐད་འཕྲིན་ནང་སྐད་ཆ་རིང་པོ་བཤད་མི་འདོད་པ་དང་རིང་བོ་དག་ལ་ཉན་མི་འདོད་པའི་ངའི་གཤིས་ཀ་དེ་སྒྱིད་ལུག་ཅིག་ཡིན་པ་རྟོགས་ན་ཡང་། མོ་ལ་ཤིས་ཚིག་རིང་བོ་ཞིག་ཡིག་ངག་གཉིས་ཐོག་ནས་འབུལ་མ་ཐུབ་པ་དེ་ཅུང་འགྲིག་མེད་པ་ཤེས་ཀྱང་གོམས་གཤིས་ཀྱི་དབང་གིས་སྐྱུར་བཞག་པ་ཡིན།ཉིན་ཤས་ནས་དཔེ་ཆ་ལག་ཏུ་འབྱོར་བས་ཡང་ཡང་བཀླགས་པ་ཡིན། ངོ་མ་རིས་སྒྲུང་ཡག་པོ་རྐྱང་རེད། ངོས་གཙང་བ། རི་མོ་ཡག་པ། ནང་དོན་དང་འབྲི་ལུགས་ལ་རྒྱལ་ཕྱི་ནང་གི་བྱིས་སྒྲུང་གྲགས་ཅན་འགའ་རེའི་ཉམས་ཐོན་པ། བྱིས་པ་ཚོར་མཚར་སྣང་སྤྲོད་ཐུབ་པ། རི་མོ་བཀླག་ཀྱང་རུང་བ། ཡི་གེ་བཀླག་ཀྱང་ཆོག་པ། རིས་ཡིག་གཉིས་ཀ་མཉམ་དུ་བཀླགས་ཀྱང་ཆོག་པ་མ་ཟད། ཤོག་བུའི་རྒྱུ་སྤུས་བཟང་ལ་དེབ་གཟུགས་སྤུས་ལེགས་ཀྱིས་དཔར་བ་སོགས་སྤྱིའི་ཁྱད་ཆོས་མང་པོ་ལྡན་པའི་ཁྲོད་ན་སེར་སྣ་སྐྱེ་གཞིའི་དོན་དག་དམིགས་བསལ་བ་ཞིག་ཡོད་པ་ནི། ཨ་མདོའི་འབྲོག་མོ་ཞིག་གི་སྐད་ཕྲ་ལ་སྙན་པ་དེར་དབུས་པ་རྒད་པོ་ཞིག་གིས་ཨུ་ཚུགས་ཀྱི་དབྱངས་རྟ་བསྲེས་པ་དང་འདྲ་བར། ཨ་མདོའི་ཚིག་ཉམས་ལ་དབུས་ཀྱི་ཡུལ་སྐད་བསྲེས་པ་ལྟ་བུའི་སྐྱོན་ཞིག་བྱུང་འདུག་ཨང་སྙམ་པ་བྱུང་། ཨ་ཕ་ཕུག་རོན་དང་ང་ནི་རྒྱལ་བོ་ཡིན། ཁྱི་སྤྱང་། ངའི་གངས་རི་བཅས་རིས་སྒྲུང་བཞི་བོའི་ཁྲོད་ནས་ཀྱང་ང་ནི་རྒྱལ་བོ་ཡིན་དང་། ཨ་ཕ་ཕུག་རོན་གཉིས་ཀྱིས་རི་མོ་ལ་འབྲི་སྟངས་ཀྱི་ཁྱད་ཆོས་དམིགས་བསལ་བ་ཞིག་འདུག་པས་ཡིན་ནམ། དཔེ་དེབ་འགྲེམ་སྤེལ་སྐབས་བདག་གི་འགྲམ་དུ་ཡོད་པའི་རི་མོ་བ་གྲོགས་པོ་ཚེ་རིང་དོན་འགྲུབ་ལ་གསར་ཉམས་ཀྱིས་ཕྱུག་འདུག་པར་སྣང་ཞིང་། གཏམ་བཤད་སྐབས་ཁོའི་མཐེང་ཙམ་བྱེད་པའི་འགྲོ་ལུགས་དེར་ཡང་ཨ་ཕ་ཕུག་རོན་གྱི་ཉམས་ཤིག་ཐོན་ནས་འདུག་པས་སྙིང་དུ་སྡུག་པ་ཞིག་རེད།
ཉིན་ཞིག ཚེ་མདོ་སྐྱིད་ཀྱིས་ང་ལ་ཁ་པར་གློ་བུར་བ་ཞིག་ཡོང་ནས། རྒན་ལགས་ཁམས་བཟང་། ཟླ་དང་པོའི་ཚེས༢༠ཉིན་ཟི་ལིང་དབྱིབས་རྩིས་དཔེ་ཁང་དུ་བདག་གི་རིས་སྒྲུང་དཔེ་ཚོགས་གཉིས་པར་འགྲེམ་སྤེལ་ཚོགས་འདུ་སྟབས་བདེ་ཞིག་དང་ལྷན་མི་འགའ་བོས་ནས་ཁ་བརྡ་ཞིག་བྱ་རྩིས་ཡིན་པས། ཁྱེད་ཀྱིས་མདོ་འཛིན་གནང་རོགས་ལབ་བྱུང་། ངས་ཁེངས་སྐྱུང་ཞིག་བྱེད་དགོས་པ་ལུགས་སྲོལ་ཡིན་པ་ཤེས་ན་ཡང་། མོ་ལ་རྒྱབ་སྐྱོར་གྱི་རྣམ་པ་ཐད་ཀར་སྟོན་ཕྱིར། ཁྱེད་ཀྱིས་ང་བཟང་བར་འདོད་ན་ང་ཡོད་ཡོད་ཡིན་ནི་རེད། ཉིན་དེར་དུས་ལྟར་འབྱོར་ངེས་ཡིན་ཞེས་བཤད་པ་ཡིན། ཟི་ལིང་དུ་འགྲོ་དགོས་པའི་སྔར་ནུབ་གྲོགས་པོ་འགའ་དང་མཉམ་དུ་ཁ་བརྡ་བྱེད་ཞོར་ཇ་མང་པོ་འཐུང་བས་ཡིན་ནམ་མཚན་གྱི་དུས་ཚོད་གཉིས་པ་བར་དུ་གཉིད་མ་ཁུག་པར་ལུས་ཀྱང་། ཞོགས་པའི་ཆུ་ཚོད་དྲུག་པའི་སྟེང་ལངས་ནས་ཟི་ལིང་དུ་སོང་བ་ཡིན། ཚོགས་ཞུགས་པ་དག་ལ་ཚོགས་པ་ཞིག་བཙུགས་སོང་བས་ངས་ལྷན་རྒྱས། གཏམ་བཤད་ཀྱི་ཁ་བྱང་ཚོགས་པའི་ནང་སྐུར་རོགས་ལབ་ན་ཡང་། ཞོལ་མ་ཞིག་གིས་གོང་མ་ཞིག་ལ་བཀའ་འབབ་པའི་ཚོར་སྣང་བྱུང་བ་ནི་ནང་དུ་ཁ་གྲགས་མཁན་གཅིག་གཉིས་ལས་མ་བྱུང་བ་དང་། རེ་ཟུང་གིས་སྒེར་ལ་བསྐུར་ནས་སླེབས། ཁ་ཤས་ཀྱིས་རྩ་བ་ནས་བསྐུར་མ་སོང་། ཚོགས་འདུ་ཕྱི་དྲོ་དུས་ཚོད་གཉིས་པའི་སྟེང་ཡིན་ན་ཡང་། སྔོན་གྱི་གྲ་སྒྲིག་གང་འཚམས་ལེགས་པོ་ཞིག་བྱེད་དགོས་སྙམ་ནས་ཟི་ལིང་ལ་སྔ་ཙམ་ནས་འབྱོར་ན་ཡང་རིག་པ་རྡིབ་བེ་རྡིབ་བེར་འདུག་པས། སུ་ཊ་བྷ་ཁུ་སུ་ཞེས་པའི་འཚིག་ཇ་ཁང་དེར་ཐད་ཀར་སོང་ནས་འཐུང་ཐེངས་གཅིག་ལ་ཁོ་ཧྥེ་ཕོར་བ་ཆེན་པོ་གཉིས་མཉམ་དུ་འཐུང་བ་དེ་ཡང་ཚེ་མདོ་སྐྱིད་ཀྱི་རིས་སྒྲུང་དེབ་ཕྲེང་གཉིས་པ་འགྲེམ་སྤེལ་ལེགས་པོ་ཡོང་བར་རྒྱབ་སྐྱོར་ཤུགས་ཆེན་བྱེད་འདོད་ཀྱི་ཚུགས་ཀར་སོང་། ཚེ་མདོ་སྐྱིད་དང་གྲོགས་རོང་སྐྱེས་བཅས་ངེད་གསུམ་པོས་ཚོགས་འདུའི་རིམ་པ་དང་མི་སྣ་ངོ་སྤྲོད་སོགས་གྲ་སྒྲིག་གང་ལེགས་བྱས་རྗེས་ཚོགས་འདུ་འཚོག་རྒྱུ་བྱས་པ་ཡིན། དུས་ཚོད་གཉིས་དང་སྐར་མ་བཅོ་ལྔ་འགོར་སོང་ཡང་། ཚོགས་ཞུགས་པ་འགའ་རེ་ད་རུང་མ་ཐོན་པས་ངས་གྲོགས་པོ་ཚོར་ཟི་ལིང་གི་ཤེས་ཡོན་པ་འདི་ཚོས་ཨ་རིའི་དུས་ཚོད་བེད་སྤྱོད་གཏོང་གིན་པའི་ཡིད་ཆེས་ཡོད་ན་ཡང་། ང་ནོར་ཟིན་པ་ཞིག་ལ་ཁོང་ཚོས་གྲོང་ཁྱེར་དུ་གྱོན་ཡོད་པ་ནི་བོད་པ་རང་གི་ཆུ་ཚོད་རེད་འདུག་ཅེས་ཀུ་རེའི་སྐད་ཆ་ཞིག་བཤད་རྗེས། ཁ་ཆད་ལྟར་གྱི་དུས་ཚོད་ལ་ཐོན་མཚམས་དུས་ཐོག་ལ་མ་འབྱོར་ན་སྙིང་མི་བདེ་བ་ལྟ་བུའི་ཚོར་བ་དེས་ངའི་གཟུགས་པོ་གཟེར་བ་ལྟ་བུ་བྱུང་བས་ཚོགས་མི་ཁ་ཚང་མ་འབྱོར་ཡང་ང་ཚོས་ཚོགས་འདུ་མགོ་བརྩམས་པ་ཡིན། ཚེ་མདོ་སྐྱིད་ཀྱིས་དེ་གར་འཚབ་བེ་འཚུབ་བེ་ཞེ་དྲག་གནང་གི་འདུག

ཚོགས་འདུ་མཚོ་སྔོན་ཞིང་ཆེན་རང་བྱུང་རྩོམ་རིག་སྒྱུ་རྩལ་མཐུན་ཚོགས་ཀྱིས་འགན་སྒྲུབ་བྱས་ཤིང་། རྒན་དཔལ་མོ་དང་། རིག་ལྡན་རྒྱ་མཚོ། ཁྲི་སེམས་དཔའ། པན་མིན་ལིས། གཅོད་པ་ཚེ་རིང་། འབྲོང་ཕྲུག་ལྷ་ཆེན་རྒྱལ་དང་འགྲེང་བུ། ཞོགས་ཆར་སོགས་རྩོམ་པ་པོའི་སྡེ་དང་། དུང་ཟིན་རྒྱལ་དང་ལྷ་མཁར་འབུམ་སོགས་མགོ་ཁྲིད་ཀྱི་སྡེ། སྐལ་བཟང་གཡུ་སྒྲོན་དང་ནོར་འཛོམས་པད་སྒྲོན། རྡོ་རྗེ་སྒྲོལ་མ་སོགས་ཟི་ལིང་གི་བྱིས་པ་འཇོན་ཐང་ཅན་གྱི་སྡེ། ཚེ་མདོ་སྐྱིད་ཀྱི་བཟའ་ཟླ་ཟོན་ཐར་རྒྱལ་དང་མོའི་ཨ་ཅེ་དང་ཨ་ཅེའི་ཁྱོ་ཀ་སོགས་ཀྱིས་གྲུབ་པའི་ནང་མིའི་སྡེ་བཅས་མི་གྲངས་ཉུང་རུང་མི་སྣ་འཛོམས་པའི་ཚོགས་འདུ་དེ་དངོས་སུ་མགོ་བཙུགས་པ་ཡིན།
ཚོགས་འདུར་ཁོ་བོས་མདོ་འཛིན་བྱས་ཤིང་། ལས་བྲེལ་གྱི་དབང་གིས་ཚོགས་འདུར་དངོས་སུ་ཕེབས་མ་ཐུབ་པའི་རྒན་བདུད་ལྷ་རྒྱལ་ལགས་ཀྱིས། “རྩོམ་པ་པོ་ཚེ་མདོ་སྐྱིད་ཀྱིས་བོད་ཀྱི་བུ་ཕྲུག་རྣམས་ལ་བཀློག་དེབ་ཀྱི་སྐྱེས་མཆོག་བསྩལ་བ་ལ། སྙིང་ཐག་པ་ནས་རྗེས་སུ་ཡི་རངས་དང་བསྟོད་བསྔགས་འབུལ་ལོ། །རིས་སྒྲུང་འདིའི་ཡིག་རིས་གཉིས་ལྡན་གྱི་རྣམ་པ་དང་། བསམ་བློ་ནང་དོན་དང་རྩོམ་གྱི་རིག་ལམ་བཅས་བོད་ཀྱི་ལོ་ཆུང་བྱིས་པ་དག་གི་བློ་དང་འཚམས་པས། བཀློག་དེབ་ཡག་པོ་ཞིག་རེད་སྙམ” ཞེས་པའི་ཤིས་ཚིག་བསྐུར་བ་སྒྲོག་འདོན་བྱས་པ་དང་། རྩོམ་པ་པོ་ཚེ་མདོ་སྐྱིད་ཀྱིས་བྱིས་པ་དང་འཇིག་རྟེན་བར་ལ་གཏམ་རྒྱུད་རྣལ་མ་ཞིག་གི་དབུ་མཁྱུད་འབྲི་ཞེས་པ་ཁ་བྱང་དུ་བྱས་ནས་མོས་སློབ་འབྲིང་ཞིག་གི་དགེ་རྒན་དང་ཁྱིམ་ཚང་ཞིག་གི་ཨ་མའི་འགན་ཁུར་ཁྲོད་ནས་བྱིས་པ་མང་པོ་ཞིག་གི་དགོས་མཁོར་དམིགས་ནས་རིས་སྒྲུང་ལ་དོ་སྣང་དང་ཞིབ་འཇུག རིས་སྒྲུང་གསར་རྩོམ། རི་མོ་བ་བཙལ་བའི་གནས་ཚུལ་སོགས་སྔ་ཕྱིའི་དཀའ་ངལ་དང་དགའ་སྣང་གིས་མཚོན་པའི་གཏམ་རྒྱུད་ཡིད་འགུལ་ཐེབས་པ་བཤད་པ་དང་། དགེ་རྒན་དཔལ་མོས་སློབ་གསོ་དང་དཔལ་འབྱོར་གཉིས་ནི་བྱ་ཞིག་ལ་མཚོན་ན་གཤོག་པ་ལྟ་བུ་ཞིག་ཡིན་པ། སྤྱི་ཚོགས་ཀྱི་འགྱུར་ལྡོག་དང་དུས་རབས་ཀྱི་འཕེལ་འགྱུར་དང་བསྟུན་ནས་བྱིས་པའི་སློབ་གསོ་འདིར་ལས་ཀ་བྱེད་བཞིན་པ་བཟང་ཚུལ། སྔོན་མ་སློབ་ཆེན་འགྲིམས་རྗེས་གྲོང་ཁྱེར་ནས་འདུག་ཐུབ་སོང་ན་དེ་འབྲས་བུ་ཞིག་ཏུ་བསམ་ཡོད་ན་ཡང་། ད་ལྟ་ཕྱིར་ཕ་ཡུལ་དུ་ཡོང་ནས་ལས་ཀ་བྱེད་མཁན་དག་ལ་གཟི་བརྗིད་ལྡན་ཚུལ། རྒན་ཡོལ་བྱས་རྗེས་མུ་མཐུད་རང་གི་ཕ་ཡུལ་དུ་ལོག་ནས་ལས་ཀ་མང་པོ་ཞིག་བྱེད་རྒྱུའི་གྲ་སྒྲིག་ཡོད་ཚུལ་སོགས་རིས་སྒྲུང་དང་འབྲེལ་བ་ཆེར་མེད་ཀྱང་གཏམ་བཤད་གནད་ཅན་ཞིག་གནང་། ཁྲི་སེམས་དཔས་རིས་སྒྲུང་ཞེས་པ་འདི་བྱིས་པ་ཁོ་ནས་བཀླག་རྒྱུ་མ་ཡིན་པར་མི་རྒན་པ་དག་གིས་ཀྱང་བཀླག་དགོས་ཚུལ་སྐོར་དང་། རོང་སྐྱེས་དོན་གྲུབ་ཚེ་རིང་གིས་ཚིག་གི་ཞུན་བརྡར་གཅོད་སྟངས་སྐོར། གཅོད་པ་ཚེ་རིང་གིས་ཚེ་མདོ་སྐྱིད་ཀྱི་རིས་སྒྲུང་དང་འབྲེལ་བའི་མཐོང་སྣང་ཞེས་པའི་སྐོར། འགྲེང་བུས་བེའུ་རྒྱ་ཐོ་འདི་ལ་ད་རུང་མུ་འབྲེལ་རིས་སྒྲུང་ཞིག་ཡོད་ན་བསམ་ནས་བེའུ་རྒྱ་ཐོས་ཅི་བྱེད་རྩིས་ཡོད་ཅེས་དང་། སྐལ་བཟང་གཡུ་སྒྲོན་ལགས་ནི་རང་གི་བརྩམས་ཆོས་དེབ་ཕྲེང་མང་པོ་ཅན་ཞིག་དཔར་འགྲེམ་བྱས་ཡོད་ཅིང་། ད་ལྟ་ཧང་ཀྲིག་གྲོང་ཁྱེར་དུ་རི་མོའི་སྐོར་གྱི་ཞིབ་འཇུག་འདོན་བཞིན་པའི་བུ་མོ་ལོ་གཞོན་རྣམ་དཔྱོད་དང་ལྡན་པ་ཞིག་རེད་ལ། མོས་ཚེ་མདོ་སྐྱིད་ཀྱི་རིས་སྒྲུང་གི་རི་མོ་དག་གི་ཁྱད་ཆོས་དང་། བོད་ཀྱི་སྤྱི་ཚོགས་ནང་དང་དམིགས་བསལ་རྩོམ་པ་པོ་ཚོས་རི་མོ་འབྲི་ལུགས་འདིར་དོ་སྣང་བྱེད་མགོ་ཚུགས་པར་དགའ་བ་རྒྱས་ཤིང་། མ་འོངས་པར་རི་མོའི་ཕྱོགས་ལ་སློབ་སྦྱོང་གང་ལེགས་བྱས་ནས་བོད་ཀྱི་སྤྱི་ཚོགས་ལ་ཕན་པའི་རི་མོ་མང་པོ་ཞིག་འབྲི་རྒྱུ་ཡིན་ཞེས་པ་སོགས་གཏམ་མཉན་ན་འདོད་པ། གནད་འདུས་པ་ཞིག་བཤད་སོང་ལ། མོའི་གཡས་གཡོན་གྱི་རྩོམ་ལ་མཁས་པའི་ཕ་མ་གཉིས་ཀྱི་གདོང་ལའང་འཛུམ་མདངས་རྒྱས་ཤིང་དགའ་བ་འཕེལ་བའི་ཉམས་ཀྱིས་ཕྱུག་འདུག བུ་མོ་ཆུང་ཆུང་རྡོ་རྗེ་སྒྲོལ་མས་ཨ་ཕ་ཕུག་རོན་ཞེས་པའི་རིས་སྒྲུང་བཤད་རྗེས། རྒྱལ་སྤྱིའི་རོལ་དབྱངས་དུས་ཆེན་སྟེང་བྱ་དགའ་བླངས་མྱོང་བའི་བུ་མོ་ཆུང་ཆུང་ནོར་འཛིན་པད་སྒྲོན་ལགས་ཀྱིས་རིས་སྒྲུང་དེའི་བརྗོད་བྱ་དང་གོ་རིམ། རི་མོ་དང་ཁྱད་ཆོས་བཅས་རིམ་པ་བཞི་ལ་བགར་ནས་དཔྱད་འཇོག་བློ་ངོར་འབྱར་བ་ཞིག་བྱས། བུ་མོ་ཆུང་ཆུང་འདི་ཚོར་མཚོན་ན་གྲོང་ཁྱེར་ཟི་ལིང་གི་ཕ་མ་ཚགས་བརྩོན་རང་གཤིས་དང་ལྡན་པ་འགས་སྐྱེད་བསྲིངས་བྱས་པ་ཅི་བཞིན་འབད་པ་གནང་མཁན་གྱི་བྱིས་པ་སྙིང་ལ་ཉེ་བ་ཁག་ཅིག་རེད། ནག་ཚང་མཁར་འབུམ་རྒྱལ་དང་ལྷ་མཁར་འབུམ་གཉིས་ཀྱིས་རིས་སྒྲུང་གི་རང་བཞིན་ལས་འཕྲོས་པའི་གཏམ་བཤད་གནད་ཅན་གནང་། དྲ་མིང་ལ་ཆུ་ཞེས་པ་དངོས་མིང་ལ་ཚེ་རིང་ལྷ་མོ་ཞུ་བ། ནམ་རྒྱུན་བྱིས་པའི་སློབ་གསོ་དང་དཔེ་ཀློག ཁོར་ཡུག་སྲུང་སྐྱོབ་ལ་དོ་སྣང་ཆེ་བ། དྲ་ལམ་ནས་ཁ་བརྡ་བྱས་མྱོང་བའི་བླ་བྲང་ཕྱོགས་ཀྱི་ཡུལ་སྐད་སྨྲ་བའི་རྐང་ཚའི་མནའ་མ་དེ་ཡང་ཚོགས་རར་སླེབས་འདུག་པ་ལྟར་མོས་མེ་ཏོག་ཅིག་ལག་ཏུ་བཟུང་ནས་ཚེ་མདོ་སྐྱིད་ལ་རྟེན་འབྲེལ་ཞུ་ཞོར་མཛོ་མོ་ལ་ལ་འགོས་སོང་། ལ་གང་ལ་བུད་སོང་ཟེར་བ་ལྟ་བུའི་བྱིས་པའི་སྒྲུང་གླུ་དག་ཡི་གེ་མི་ཤེས་པ་དག་གིས་བྲིས་པ་ཡིན་ཡང་། དེང་སང་ཡི་གེ་ཤེས་པ་དག་གིས་ཀྱང་དེ་འདྲ་འབྲི་དཀའ་བ་སོགས་ཀྱི་ཁྱད་ཆོས་གླེང་བ་སོགས་མདོར་ན་གཏམ་བཤད་པ་རྣམས་ཀྱིས་བྱིས་སྒྲུང་གི་ཁྱད་ཆོས་དང་ཞན་ཆའི་སྐོར་སྤྱི་ནས་བཤད་མཁན་དང་བྱེ་བྲག་གིས་བཤད་མཁན། གཞུང་ལུགས་ལ་སྦྱར་ནས་བཤད་མཁན་དང་། ཚེ་མདོ་སྐྱིད་ཀྱི་རིས་སྒྲུང་དེབ་ཕྲེང་གཉིས་ཀའི་དགེ་སྐྱོན་སྐོར་ཡང་གླེང་མཁན་བྱུང་བས་བགྲོ་གླེང་ཚོགས་འདུ་ཞེས་པ་འདི་འདྲ་ལོས་ཡིན་བསམ་པའི་ང་རྒྱལ་ཞིག་ཀྱང་སྐྱེས།བདག་གིས་ཚོགས་འདུར་མཇུག་སྡོམ་གྱི་ཚུལ་གྱིས། དེ་རིང་གི་གཏམ་བཤད་ཁྲོད་ཉན་རྒྱུ་དང་བསམ་རྒྱུ་ཡོད་པ། སློབ་སྦྱོང་བྱེད་ས། བསམ་བློ་གཏོང་སྟངས་གསར་བ་སོགས་གནད་ལ་འདུས་པའི་གཏམ་མང་པོ་འདུག་ཀྱང་དེ་དག་རེ་རེ་བཞིན་གྱི་ཁྱད་ཆོས་བཞག་ནས་སྤྱི་ཡོངས་ནས་ངོས་འཛིན་སྟངས་ཅུང་ནོར་ཡོད་པའི་དོན་དག་འགའ་ལ་གསལ་བཤད་ཙམ་བྱེད། དེ་ཡང་སྤྱིར་བཏང་མང་བ་ལ་ཚོད་མེད་ན་ཡང་བོད་ལ་བྱིས་སྒྲུང་མང་པོ་མི་འདུག་བསམ་པའི་སྐད་ཆ་དེ་བརྟག་དཔྱད་མ་བྱས་པའི་སྐྱོན་ཡོད་པ་རེད། ད་སྐབས་མདོ་དབུས་ཁམས་གསུམ་གྱི་རྩོམ་པ་པོ་ཚོས་བྲིས་པ་དང་བསྒྱུར་བའི་བྱིས་སྒྲུང་ལྔ་བརྒྱར་ཉེ་བ་ཡོད་པ་རེད་མོད། ད་རུང་མི་འདུག་ཟེར་མཁན་འདུག་པ་ནི་དོན་གྱིས་དོ་སྣང་དང་ལག་ལེན་མ་བྱས་པས་ལན་པ་དང་། དོན་དག་གང་ཞིག་ཡིན་ཡང་སྐྱོན་ཡོན་གཉིས་ཀྱི་ཕུང་བོ་ཞིག་ཡིན་ན་ཡང་། ཁ་སང་དེ་རིང་མང་པོ་ཞིག་གིས་ལས་གང་ཞིག་ཡིན་ཡང་སྐྱོན་ཁོ་ན་ལས་དགེ་མཚན་མི་མཐོང་བའི་ཁུལ་བྱེད་པ། བྱིས་སྒྲུང་ལ་རི་མོ་ཁོ་ནས་གྲུབ་པ། ཡི་གེ་ཁོ་ནས་གྲུབ་པ། ཡི་གེ་དང་རི་མོ་གཉིས་ཀས་གྲུབ་པ་སོགས་མང་པོ་ཡོད་པ་དང་། ཡི་གེ་མི་ཤེས་པའི་བྱིས་པ་དག་གིས་རི་མོ་བཀླག་ཆོག་པ། ཤེས་པ་དག་གིས་ཡི་གེ་བཀླག་ཆོག་པ། རི་མོ་ཡི་གེའི་རམ་འདེགས་དང་ཡི་གེ་རི་མོའི་རམ་འདེགས་བྱས་ནས་བཀླག་ཆོག་ཆོག་ཏུ་ཡོད་པ་དག་ལག་ལེན་མང་པོ་བྱེད་དགོས་པ། ཕ་མ་དང་དགེ་རྒན་དག་གིས་བྱིས་སྒྲུང་ཀློག་དགོས་པ་དང་ཀློག་སྟངས་ལ་སློབ་སྦྱོང་བྱེད་དགོས་པ། ཕ་མ་དང་དགེ་རྒན་གྱིས་བྱིས་པ་ཚོར་བཤད་ཤེས་ན་དཔེ་གཟུགས་སུ་གྲུབ་པའི་རིས་སྒྲུང་དག་གི་ཁྲོད་ནང་དོན་རྩ་བ་ནས་མི་ཡག་པ་མེད་པ་འདི་ཤེས་དགོས་པ་དང་། རཀ་ར་རིན་པོ་ཆེས། ཁྱོད་ཀྱི་ལག་ཏུ་གཞན་གྱིས་བྲིས་པའི་ཡི་གེ་ཞིག་ཡོང་བ་ཡིན་ན། དེ་ལ་ཞིབ་ཏུ་གཟིགས་དང་། དེ་ནི་མི་ཞིག་གིས་རྣམ་དཔྱོད་ཀྱི་རྩལ་བེད་སྤྱོད་བཏང་ནས་བྲིས་པ་ཡིན་སྟབས་ཁྱེད་ལ་བློ་སྐྱེད་སྤྲོད་ངེས་ཤིང་། ཁྱེད་ཀྱི་ལག་ཏུ་ཤོག་བུ་སྟོང་པ་ཞིག་དང་སྨྱུ་གུ་ཞིག་ཡོང་ན་དེའི་སྟེང་ཡི་གེ་རེ་འབྲི་གང་ཐུབ་ཀྱིས་དང་རང་གི་རྣམ་དཔྱོད་ཀྱི་རྩལ་ཇེ་ལེགས་སུ་འགྲོ་ངེས་ཡིན་གསུངས་པ་ལྟར་ང་ཚོའི་ངོས་ནས་ཀློག་པ་དང་འབྲི་བ་གཉིས་ཀའི་ཕྱོགས་ལ་ཁ་ནས་བཤད་པ་ཙམ་མིན་པར། འབད་པ་གང་ལེགས་བྱེད་དགོས། བྱིས་སྒྲུང་བཀླག་རྒྱུ་གལ་ཆེན་ཡིན་པ་ཚང་མས་ཤེས་པ་འདི་བཞིན། བྱིས་སྒྲུང་གང་ཞིག་བྱིས་པས་བཀླག་ན་མི་ཡག་པའི་ཚོར་སྣང་སྟེར་ན་ཡང་དགེ་རྒན་དང་ཕ་མ་བཤད་ལ་མཁས་ན་བྱིས་སྒྲུང་ཚང་མ་ཡག་པོ་རྐྱང་རྐྱང་ཡིན། བྱིས་པ་ཚོས་སྐད་ཆ་བཤད་ཤེས་པར་བྱ་རྒྱུ་དེ་ལས་ཀྱང་གལ་ཆེ་བ་དང་། བྱིས་པའི་མིག་ལམ་དུ་དཔེ་ཆ་གཙང་མ་ཞིག་བཞག ངག་ནས་སྐད་ཆ་གཙང་མ་ཞིག་བཤད། མི་སེམས་གཙང་མ་ཞིག་གྲུབ་པར་བྱས་ནས་སྤྱི་ཚོགས་གཙང་མ་ཞིག་ཆགས་པར་རམ་འདེགས་བྱེད་ནུས་མཁན་ཞིག་ཏུ་སྐྱེད་སྲིང་བྱེད་རྒྱུར་དོ་སྣང་བྱ་རྒྱུ་གལ་ཆེན་པོ་ཡིན་པ་སོགས་བཤད་ནས་ཚོགས་འདུའི་མཇུག་བསྡུས་པ་ཡིན།
འདུག་གནས་དང་གོ་ས་ཁྱད་མེད་ཀྱིས་གདོང་དང་གདོང་གཏད་ནས་གོ་རིམ་ཡོད་མེད་ཀྱི་སྐད་ཆ་ཅི་རིགས་བཤད་ཆོག་པའི་ཚོགས་འདུ་དེ་ཀུ་རེ་དང་ཧབ་ཆར་སྦྲགས་ནས་ཚོགས་རྒྱུར་འབད་བརྩོན་བྱས་པ་ལྟར་བགྲོ་གླེང་འཁྲུག་ཆ་དོད་པོ་བྱུང་། དུས་ཚོད་གཉིས་ལྷག་རིང་གི་ཚོགས་འདུ་དེ་ཡང་རིང་པོ་ཞིག་ཡིན་པའི་སྣང་བ་མ་སྐྱེས་པ་མ་ཟད། ཚོགས་ཞུགས་པ་ཚོར་ཡང་སྐྱེས་མེད་པ་ནི། མཇུག་སྡོམ་གྱི་སྐད་ཆ་བཤད་སྐབས་ཚོགས་ཞུགས་པ་དག་གི་གྲུང་ཤ་དོད་པའི་མིག་མདངས་ལས་མངོན་བྱུང་བས། ཚོགས་འདུ་ཡག་པོ་བྱུང་སོང་སྙམ་པའི་བདེ་སྣང་དེ་སེམས་པའི་གཏིང་ལ་སིམ། ཚོགས་ཞུགས་པ་ཚོས་མཉམ་པར་ལེན་པ་དང་སྐད་འཕྲིན་སྦྲེལ་བཞིན་པའི་ཁྲོད་ནས་ཅུང་ཟད་བསྡད་རྗེས་བྲེལ་བ་བཏང་བཅས་ང་རང་ཚོགས་ར་དང་ཁ་བྲལ་བ་ཡིན། ཚེ་མདོ་སྐྱིད་དང་མོའི་ནང་མི་གཉེན་ཉེ་ལས་གྲོགས་ཀུན་གྱིས་ཀྱང་བྲེལ་འཚུབ་དང་བཅས་དངོས་པོར་བསྡུ་གསོག་རྒྱག་གིན་འདུག་ན་ཡང་། ཁྱིམ་ལ་འབྱོར་ནས་ངལ་གསོ་དུས་སེམས་པ་དགའ་བདེས་ཁྱབ་ནས་ཡོད་པར་སྨོན་ནོ། །
༢༠༢༦ལོའི་ཟླ༡པོའི་ཚེས༢༡ཉིན།
རྩོམ་ཁུངས། མི་རྒོད་རྩོམ་རིག་འཕྲིན་སྟེགས།
འབྲེལ་ཡོད་འོས་སྦྱོར།
