logo

གཅན་རོང་བསྟན་འཛིན་མཆོག་གི«སྙན་ངག་གི་མེ་ཏོག»གླེང་བ།

རྩོམ་པ་པོ།:རྒྱ་ལོ་དོན་འགྲུབ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-03-24 ཀློག་གྲངས།:
གཅིག རྩོམ་པ་པོ་དང་བརྩམས་ཆོས་ངོ་སྤྲོད།
       སྙན་དེབ་འདིའི་རྩོམ་པ་པོ་གཅན་རོང་བསྟན་འཛིན་ལགས་ནི། སྤྱི་ལོ༡༩༦༢ལོར་རྨ་ལྷོ་ཁུལ་གཅན་ཚ་རྫོང་དགུ་རོང་ཁོག་གི་ཞིང་བའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐུ་འཁྲུངས། ཆུང་དུས་ནས་ཁྱིམ་དང་སློབ་ཆུང་སློབ་གསོ་མྱོང་བཞིན་སྤྱི་ལོ༡༩༧༦ལོར་རྒྱལ་ཁབ་ཀྱི་མཐོ་རྒྱུགས་ལམ་ལུགས་བཅོས་སྒྱུར་གྱི་གོ་སྐབས་བཟང་བོར་འཕྲད་དེ་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་དམའ་འབྲིང་དང་མཐོ་འབྲིང་ཟབ་སྦྱོང་འཛིན་གྲྭ་སོགས་ནས་ལོ་ངོ་བརྒྱད་ལ་ཐོས་བསམ་སློབ་སྦྱོང་བྱས་པ་དང་། དེ་ནས་མཚོ་སྔོན་དགེ་ཐོན་སློབ་ཆེན་དང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཞིབ་འཇུག་སློབ་གླིང་ཞིབ་འཇུག་འཛིན་གྲྭ་སོགས་ནས་ལོ་ངོ་དྲུག་སྟེ་ཁྱོན་མི་ལོ་ཉི་ཤུ་ཙམ་ལ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་གསོ་མྱང་བ་མ་ཟད། ཁྱད་པར་དུ་དགེ་རྒན་ཆེན་མོ་ལྷ་མོ་སྐྱབས་དང་རྒན་ལྕང་སྐྱ་རྡོ་རྗེ་ཚེ་རིང་། རོང་བོ་དགོན་པའི་དགེ་བའི་བཤེས་གཉེན་ཆེན་མོ་དགེ་འདུན་བསྟན་འཛིན་དང་དགེ་འདུན་རྒྱ་མཚོ། མཁས་དབང་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ། རྫོང་དཀར་ཆེ་བ་ཚང་། ཞབས་དཀར་སྐུ་གོང་མ། རྒྱལ་སྲས་བློ་གྲོས། དིལ་མཁྱེན་རིན་པོ་ཆེ། མཁས་དབང་བསམ་གྲུབ་རྒྱ་མཚོ་སོགས་མཁས་དབང་དགེ་རྒན་དམ་པ་སུམ་ཅུ་ལྷག་གི་དྲུང་དུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་ཀྱི་ཉིང་ཁུ་གང་མང་ལ་ཐོས་བསམ་མཛད་ཅིང་། ལོ་མང་པོར་སློབ་གསོ་སློབ་ཁྲིད་དང་སློབ་གསོ་དོ་དམ་གྱི་ཕྱག་ལས་བསྐྱངས། སློབ་གསོ་ལག་ལེན་རྣམ་བཤད་དང་སློབ་གསོ་ཐབས་ལམ་རྣམ་བཤད་སོགས་སྤེལ་པར་བོད་ཀྱི་སློབ་གསོ་བ་གང་མང་གི་གདེང་འཇོག་ཆེན་པོ་ཐོབ་ཡོད་པ་རེད། «སྙན་ངག་གི་མེ་ཏོག»ཅེས་པ་འདི་ནི་རྒན་ཁོང་གི་ནང་སེམས་ཀྱི་དགའ་སྐྱོའི་ཚོར་བ་ཟབ་མོ་སྙན་ངག་གི་དབྱངས་རྟར་འཕོས་པའི་སྙན་དེབ་ཐོག་མ་ཡིན་ཞིང་། རྒྱན་གྱིས་སྤྲོས་སྟངས་སྲོལ་རྒྱུན་སྙན་ངག་དང་དེང་རབས་སྙན་ངག་རྩོམ་སྟངས་ཀྱི་སྒྱུ་རྩལ་ཟུང་དུ་འབྲེལ་ལ། བརྗོད་བྱའི་ཆ་ནས་ཕྱག་བྲིས་ཀྱི་ཁྱད་ཆོས་དང་ཡིག་གཟུགས་སྒྱུ་རྩལ། མི་ཚེའི་ཕྱིར་དྲན། སྐྱེ་ཁམས་ཚེ་ཐར། མཁས་པ་རྗེས་དྲན་སོགས་སྙན་རྩོམ་གྱི་འདབ་མ་དང་། མགུར་གླུ་ཡི་ཟེའུ་འབྲུ། ལྷུག་བརྗོད་ཀྱི་དྲི་བསུང་བཅས་ཚོམ་བུ་གསུམ་དུ་བཞད་ཅིང་། རང་ཉིད་དེབ་འདིའི་སྙན་རྩོམ་འཚོལ་སྡུད་ཀྱི་བྱ་བ་དང་ཡིག་གཏགས་ཀྱི་བྱ་བ། པར་སྒྲིག་གི་བྱ་བར་ཞུགས་པའི་ངོས་ཐད་ནས་བལྟས་ན། རྒན་ཁོང་གི་སྙན་དེབ་འདི་ལ་སྲོལ་རྒྱུན་གྱི་ཐུན་མིན་ཤེས་བྱ་དང་དེང་རབས་ཤེས་བྱ་གཉིས་ཀྱི་སྒྲིག་གཞི་འཛོམས་ཤིང་། ཁྱད་པར་དུ་ཁོང་གི་སྙན་རྩོམ་ལ་སྲོལ་རྒྱུན་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་དྲི་བསུང་ཞིམ་པོ་ཞིག་འཐུལ་ཡོད། ངས་བསམས་ན་འདི་ནི་རིག་གནས་ཀྱི་དུངས་ཞེན་དང་སློབ་གསོའི་རྒྱབ་ལྗོངས། རིག་གནས་ཀྱི་བག་ཆགས་ཟབ་མོ་ལས་འཁྲུངས་པའི་ནང་སེམས་ཀྱི་མེ་ཏོག་ཚོམ་པུ་ཞིག་རེད།
གཉིས། སྙན་ངག་གི་ཚོམ།
       སྙན་དེབ་འདི་ཐོག་མར་འཆམ་མཐུན་གྱི་རྟོགས་བརྗོད་ཅིག་གིས་མདུན་བསུས་ནས་སྙན་གཞུང་གི་སྒོ་ཕྱེས་ཤིང་། རྩོམ་པ་པོ་ཁོང་ལ་སྲོལ་རྒྱུན་བརྩེ་སེམས་འཆམ་མཐུན་རིག་གནས་ཀྱི་རྔམ་ཁ་འཐུག་པས། མཐུན་པ་སྤུན་བཞི་མཐུན་པའི་གཡང་གིས་དབུ་ཁྱུད་བྲིས་པ་རེད། ནང་བསྟན་གྱི་ཆ་ནས་བལྟས་ན་སྦྱོར་བ་སེམས་བསྐྱེད་དམ་པ། དངོས་གཞིའི་དམིགས་མེད་དམ་པ། རྗེས་ལ་བསྔོ་བ་དམ་པ་སོགས་སྦྱོར་དངོས་རྗེས་གསུམ་གྱི་སྲོལ་རྒྱུན་རྩོམ་སྲོལ་འདི་སྙན་རྩོམ་སྤྱི་ལ་ཁྱབ་ཅིང་། རྩོམ་རིག་གི་ཆ་ནས་རྩོམ་སྲོལ་བབ་ཆགས་པ་འདི་ཡང་སྔོན་བྱོན་མཁས་པའི་ཐོག་མའི་དགེ་བ་ཀླད་ཀྱི་གོ་དོན་དང་ཆ་འདྲ་བའི་རྩོམ་སྲོལ་ཞིག་ཡིན་པ་རེད། ཐོག་མར་མཐུན་བཞིའི་རྟོགས་བརྗོད་འཆམ་མཐུན་ཉི་གཞོན་ཅེས་པའི་མདུན་བསུས་ནས་ཕན་ཚུན་མཛའ་མཐུན་དང་། གཅིག་ཕན་གཅིག་གྲོགས། རྒན་པར་བརྩི་བཀུར། ཆུང་བར་བྱམས་སྐྱོང་། དེའི་སྟེང་དུ་ཞི་བ་དང་འཆམ་མཐུན་བྱེད་དགོས་ཚུལ་སོགས་མཐུན་བཞིའི་རྟོགས་བརྗོད་ཀྱི་ལམ་ནས་བསླབ་པའི་གཞི་ལྔ་ལྟ་བུའི་ལྟ་དགོངས་བཞག་སྟེ་བརྩམས་ཡོད་པ་མ་ཟད། «འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་ལ་བསྟོད་པ་འཇམ་དཔལ་དགྱེས་པའི་མཆོད་སྤྲིན»དང«དགུ་རོང་ཧོ་ཐོག་ཐུའི་རྟོགས་བརྗོད་འཇིགས་བྲལ་མ་»ལྟ་བུས་སྔོན་བྱོན་མཁས་པའི་ལུང་རྟོགས་ཡོན་ཏན་གྱི་ཆེ་བ་བརྗོད་ཡོད། ཁྱད་པར་དུ་མཁས་དབང་གང་གི་ཐོས་བསམ་སྒོམ་གསུམ་དང་མཁས་བཙུན་བཟང་གསུམ། འཆད་རྩོད་རྩོམ་གསུམ་སོགས་ཀྱི་ཡོན་ཏན་བླ་ན་འཕེར་བ་དག་རྩོམ་པ་པོ་ཁོང་གི་དགའ་གུས་སྤྲོ་གསུམ་གྱི་ཉམས་སྣང་ཤུགས་ཆེར་འདྲེས་ཡོད། ཁོང་གི་སྙན་རྩོམ་འདི་ནི་རྟོགས་བརྗོད་ཀྱི་རྩོམ་ལུས་ལ་བརྟེན་ནས་རང་ཅག་ན་གཞོན་རྣམས་ལ་གོ་བདེའི་ཚུལ་དུ་མཛད་བཟང་རྟོགས་བརྗོད་ཀྱི་ལམ་ནས་ཁ་གསལ་གོ་བདེའི་བརྩམས་ཡོད་ལ། འདིས་སྔ་རབས་ཀྱི་ཐོས་བསམ་སློབ་སྦྱོང་གི་ཕྱག་སྲོལ་བཟང་བོ་མཐོང་ཐུབ་ཅིང་མཁྱེན་རྩལ་གྱི་མོས་པ་རྙེད་ཐུབ་པ་རེད། སྙན་རྩོམ་འདིར་ཐོག་མར་མཆོད་པར་བརྗོད་པ་དང་རྩོམ་པར་དམ་བཅའ་བ། གཞུང་དངོས་བརྗོད་པ། བློ་ལྡན་ཉན་སྐུལ། བསྔོ་སྨོན་གྱིས་མཇུག་བསྐྱངས་པའི་ཚུལ་འདུས་ཡོད་པས། སྔ་རབས་བོད་ཀྱི་རྩོམ་པའི་རྣམ་གཞག་གི་ཆེ་བ་དང་རྩོམ་པ་པོའི་མཁྱེན་རྩལ་ལས་འཁྲུངས་པའི་སོར་རྩེ་ཤིན་ཏུ་ཡངས་པའི་ཚུལ་ལ་ངེས་པ་བསྐྱེད་ཐུབ། དེར་མ་ཟད་སྙན་ངག་གི་ཚོམ་ལས་སྙན་ངག་མེ་ལོང་ལས་རིང་དུ་འདས་པའི་རྒྱན་ཁྱད་པར་ཅན་ཞིག་བཀོལ་ཡོད་པ་ནི«ཐོག་མཐའ་བར་དགེའི་ཟུང་ལྡན»ཞེས་པ་དེ་ཡིན། རྒྱུ་མཚན་ནི་ད་སྔ་ང་ཚོས་རྒྱུན་པར་བཀོལ་སྤྱོད་བྱེད་པ་ནི་མཐའ་ཐོག་སྦྱར་བའི་ཟུང་ལྡན་གྱི་རྒྱན་མ་གཏོགས་སུ་གྱུར་བའི་ཐོག་མཐའ་བར་གསུམ་ཟུང་ལྡན་གྱི་རྒྱན་འདི་ལྟ་བུ་མཐོང་དཀོན་པ་ལྟ་བུ་རེད། དཔེར་ན། “པདྨ་ལས་འཁྲུངས་པདྨ་བཞད་པའི་སྐུ། །པདྨའི་དགོངས་གཏེར་པདྨ་སྟོང་ལྡན་གསུང་། །པདྨའི་མཁྱེན་བརྩེ་པདྨ་རྒྱལ་བོའི་ཐུགས། །པདྨ་སུ་བྷར་པདྨའི་ངོ་མཚར་འབར། །”ཞེས་པ་ལྟ་བུ་ལ་མཚོན་ན་སྔར་མཐོང་མ་མྱོང་བའི་མཐའ་ཐོག་བར་གསུམ་ཟུང་ལྡན་གྱི་རྒྱན་ཁྱད་པར་ཅན་ཞིག་བྲིས་ཡོད་ལ། འདིའི་ནང་དུ་ཁྱབ་བདག་རྫོགས་ཆེན་པ་པདྨ་སྐལ་བཟང་རིན་པོ་ཆེའི་དགོངས་པ་རང་ཤར་དུ་བྱུང་བའི་ནང་ལུང་རྟོགས་ཀྱི་ཡོན་ཏན་དང་ཕྱི་ངག་གི་ཕྲེང་བར་སྤེལ་ཡོད་པ་འདིས་གཅིག་ནས་རང་ཅག་ན་གཞོན་རྣམས་ལ་རྩོམ་ལུས་གསར་བ་ཞིག་དང་རེ་བའི་ཁེངས་ཡོད་པ་མངོན་ཐུབ་པས་རྩོམ་རྩལ་ཁྱད་པར་ཅན་འདི་ལ་སློབ་སྦྱོང་དང་ལག་ལེན་བྱེད་དགོས་སྙམ། གཉིས་ནས་སྙན་རྩོམ་གྱི་ཚིག་ལ་ཆོད་ཆེ་བ་དང་གསལ་བ། བརྗོད་བདེ་བ། ཚིག་སྙོམས་ཤིང་ཞི་བའི་སྒོ་ནས་རྩོམ་མཁན་གང་གི་མོས་པ་ལ་དྲངས་ཡོད། གསུམ་ནས་བཀླགས་པ་ཙམ་གྱིས་སྲོལ་རྒྱུན་རྩོམ་ཉམས་ཀྱི་ཞིང་ཁམས་སུ་འཁྲིད་པའི་མཁྱེན་རྩལ་ཐུན་མོང་མ་ཡིན་པ་ཕྱིར་མངོན་ཡོད།
གསུམ། མགུར་གླུའི་ཚོམ།
       སྤྱིར་མགུར་གླུ་ཟེར་བ་ནི་ནང་གི་མཁྱེན་རྩལ་ཕྱིའི་དབྱངས་རྟ་ལ་སྦྱར་བ་ཞིག་ལ་ཟེར་ཞིང་། རྒན་ཁོང་གི་མགུར་གླུ་ནི་ཀུན་རྟོག་དང་ཡིད་བརྙན་གྱིས་ཕྱུགས་ཤིང་། རྗེ་མི་ལ་རས་པ་སོགས་ཀྱི་མགུར་གླུ་ལ་བསམ་གཞིགས་དང་རོལ་མྱོང་རེ་བྱས་ཚེ། སྔོན་བྱུང་གི་རྩོམ་པ་པོས་རི་ཁྲོད་དང་དབེན་པའི་གནས་འགྲིམ་ནས་རྟོགས་པ་རང་རྒྱུ་ལ་གྲོལ་ཡོད་པ་དང་ཉམས་རྟོགས་ཀྱི་སྣང་བ་བརྡོལ་བའི་ཡིད་འགྱུར་སྣ་ཚོགས་གསལ་ལམ་མེར་ཤར་ཡོང་བ་རེད། དེ་དང་ཆ་འདྲ་བ་རྒན་ཁོང་གི་མགུར་གླུ་ལ་བསམ་གཞིགས་གང་མང་བཏང་ན་ཡང་གནའ་རབས་ཀྱི་མགུར་གླུའི་ཁྱད་ཆོས་མངོན་ཐུབ། །དཔེར་ན། “རྫ་རྒན་ཚོགས་ལ་ཐོན་པ་འདི། །པདྨ་རྒྱལ་བོའི་བཀའ་ལུང་ཡིན། །འཇའ་ཚོན་གོས་ཆེན་གྱོན་པ་འདི། །དཔལ་གཡང་རྒྱས་པའི་ལྕགས་ཀྱུ་ཡིན། །རིན་ཆེན་རྣམ་ལྔའི་རྒྱན་ཆ་འདི། །ཡོན་ཏན་འབར་བའི་དཔལ་དར་ཡིན། །འཛུམ་དཀར་ཞལ་རས་སྟོན་པ་འདི། །ལྷ་འབངས་འཆམ་པའི་རྟེན་འབྲེལ་ཡིན། །”ཞེས་པ་ལྟ་བུ་ལ་མཚོན་ན་བཀླག་མ་ཐག་ཏུ་རང་ཉིད་དངོས་སུ་སྲིན་པོ་རྫ་རྒན་གྱི་ཉེ་འདབས་སུ་སླེབས་ཡོད་པ་ལྟ་བུའི་ཚོར་བ་རྣོན་པོ་ཞིག་ངང་གིས་སྟེར་ཐུབ། །ཕྱིའི་གནས་ཡུལ་ཀྱི་ཆེ་བ་བརྗོད་པ་དང་ནང་སེམས་ཀྱིས་རྫ་རྒན་འདི་ལ་བསྟོད་པའི་མཆོད་སྤྲིན་འབུལ་བཞིན་ཡོད། ཡང་དྲན་མགུར་ལྟ་བུ་ལ་མཚོན་ན། “ཕྱི་རུ་སོ་སོ་ཐར་བའི་རྩ་ལག་ཀུན་བརྟན་ཅིང་། །ནང་དུ་བྱང་སེམས་བསླབ་པའི་མེ་ཏོག་འབུམ་བཞད་པའི། །གསང་བ་སྔགས་ཀྱི་སྡོམ་པའི་འབྲས་ཁུར་གྱིས་དུད་པ། །སྐུ་གསུམ་དཔག་བསམ་ལྗོན་པའི་གྲིབ་བསིལ་དེ་དྲན་བྱུང་། །”ཞེས་པའི་མགུར་གླུ་འདི་ལས་ཁྱབ་བདག་རྫོགས་ཆེན་པ་པདྨ་སྐལ་བཟང་གིས་འཆད་རྩོད་རྩོམ་དང་མཁས་བཙུན་བཟང་གསུམ། ཕྱི་ནང་གསང་གསུམ་ཀྱི་ཡོན་ཏན་བརྗོད་པའི་མེ་ཏོག་གི་མཆོད་ཕྲེང་ཕུལ་ཡོད་པ་ལྟ་བུ། མདོར་ན་དཔྱིད་ཀྱི་རྒྱལ་མོ་སླེབས་པ་དང་མཉམ་དུ་ཁྱབ་བདག་བླ་མ་དྲན་པའི་དྲན་མགུར་ཞིག་ཡིན་པ་རེད། དེར་མ་ཟད«ཕ་མ་དྲན་གླུ»ལྟ་བུ་ལ་མཚོན་ན་ཡང་རང་ལ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་གནང་མཁན་ལུས་ངག་ཡིད་གསུམ་གྱིས་བརྩེ་བར་བསྐྱངས་པའི་ཕ་མའི་བཀའ་དྲིན་རྗེས་སུ་དྲན་པའི་གདུང་འབོད་ཀྱིས་སྙན་འཇེབས་ངག་གི་རྒྱུད་དུ་དྲངས་ཡོད་པ་ཞིག་གོ །
གསུམ། ལྷུག་རྩོམ་གྱི་ཚོམ།
       ལྷུག་རྩོམ་གྱི་ཚོམ་འདི་ནི་སྙན་དེབ་འདིའི་མཐའ་མའི་ལེའུ་ཡིན་ཞིང་། ཐོག་མར་པཎ་ཆེན་མཆོག་གི་ཕྱག་བྲིས་ཀྱི་མདུན་བསུས་ནས་རྒྱལ་གཅེས་ཆོས་གཅེས་དང་དམངས་གཅེས་སློབ་གཅེས་ཀྱི་དུས་རབས་ཤིག་གི་མི་ཆེན་དམ་པ་པཎ་ཆེན་སྣང་བ་མཐའ་ཡས་ཆོས་ཀྱི་རྒྱལ་མཚན་མཆོག་གིས་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ལ་གནང་བའི་ཕྱག་བྲིས་ལ་ཟུར་ཚད་མི་འདྲ་བ་ནས་འགྲེལ་བཤད་རྒྱབ་ཡོད་ལ། དེང་རབས་འདྲ་མཉམ་སློབ་གསོའི་དགོངས་དོན་ལྟར་སློབ་མ་ཡོད་ཚད་ཀྱི་སྤུས་ཚད་ཀྱི་ཕྱོགས་སོ་སོ་འདྲ་མཉམ་ཡིན་དགོས་པ་མ་ཟད། ཤེས་ནུས་སྤྱོད་གསུམ་ལྷན་དུ་འདུས་པའམ་དེ་དག་ངོ་བོ་གཅིག་ཏུ་གྱུར་པ་ནི། ནོར་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་འཇོན་ནུས་ཀྱི་གཏེར་ཁ་ལས་བྱུང་བའི་ཡོན་ཏན་རིན་པོ་ཆེ་དེ་ཡིན་པ་ཡོན་ཏན་གྱིས་ཟུང་ལྡན་རྒྱན་གྱི་སྔོན་བསུས་ནས་བསྟན་ཡོད་པ་རེད། ཁྱད་པར་དུ་དགེ་སློབ་ཁྱིམ་བདག་ནས་སྤྱི་ཚོགས་ཧྲིལ་བོར་ཚད་ལྡན་གྱི་སློབ་གྲྭ་ཞིག་གི་ཚད་གཞི་དང་། ཚད་ལྡན་གྱི་འཇོན་ཐང་ཅན་ཞིག་གི་རེ་སྙེག་ཕྱག་བྲིས་ཤོ་ལོ་ཀ་གཉིས་སུ་བཀོད་པ་ནི། ནམ་ཡང་འཛད་མཐའ་མེད་པའི་སློབ་གསོ་ལག་ལེན་དང་ཐབས་ལམ་གྱི་འོད་ཆེན་ཉི་ཟླ་ཟུང་གཅིག་ཡིན་པ་ཡང་བསྟན་ཡོད། དེ་ལས«མི་ཡུལ་གྱི་དག་ཞིང་ལྷ་ཡུལ་གྱི་ཕོ་བྲང»འདི་ལ་མཚོན་ན་བཀླགས་ཐེངས་རེ་རེ་ནི་ཤེས་རིག་གི་གཏེར་སྒོ་འབྱེད་ཐེངས་རེ་རེ་ཡིན་པ་དང་། རྒྱུ་མཚན་ནི་རྨ་ཀླུང་སྔོན་མོའི་བཞུར་སྒྲ་ལ་ཉན་ནས་ནར་སོན་ཞིང་། རྨ་ཆུ་ལི་མས་སྐོམ་གདུང་སེལ་ནས་ལང་ཚོ་རྒྱས་པའི་ང་དང་ང་ལྟ་བུའི་ན་གཞོན་རྣམས་ལ་མཚོན་ན་དགུ་རོང་ལྔ་རིག་འོད་གསལ་ཕོ་བྲང་གི་མཚམས་སྦྱོར་འདི་ལས་གཅན་ཚ་བྲག་ཁང་སྣ་ཁའི་ས་དབྱིབས་མ་ཧཱ་གསེར་གྱི་རུས་སྦལ་སེར་པོ་ན་ལ་བགྲད་འདྲ་བདུད་བཙན་ཀླུ་གསུམ་གནས་པའི་བྲག་ཕུག་གཉན་པོ་ཁང་བ་ལྟ་བུ་ཤར་གྱི་སྣ་ཁར་གནས་སྒོ་སྲུང་བའི་ཚུལ་དུ་ཡོད་པ་ལ་བརྟེན་ནས་བྲག་ཁང་སྣ་ཁ་ཞེས་པའི་ས་མིང་ཆགས་པ་དང་ཤར་ལྷོ་ནུབ་བྱང་གིས་ཕྱི་ནང་གསང་བའི་འགལ་རྐྱེན་བཟློག་པ་སྟེ་སའི་སྲུང་བ་རྣམ་བཞིའི་ལང་ཚོ་རྫོགས་པ་གང་གི་འདབ་རོལ་ཏུ་རྨ་གཡང་ཕྱུག་མོ་གཡས་སྐོར་གྱིས་ཕྱིའི་ལྕགས་རིའི་ཚུལ་དུ་འབབ་པ་སོགས་གསལ་བོར་ཤེས་ཐུབ་པ་མ་ཟད། དགུ་རོང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྗེས་དང་དགུ་རོང་ཕོ་བྲང་གི་ལོ་རྒྱུས་ཡང་རྡོ་ལ་རི་མོ་བརྐོས་པ་ཇི་བཞིན་གླེགས་བམ་ངོས་སུ་བཀོལ་ཡོད། ཕར་ལྟོས་ན་སྤྱིར་བཏང་གི་ཕོ་བྲང་ཞིག་ཡིན་རུང་། གདན་ས་འདི་རུ་དགུ་རོང་སྐུ་ཕྲེང་སྔ་ཕྱི་གཙོས་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། མདོ་རིན་པོ་ཆེ། གཏེར་སྟོན་བསོད་རྒྱལ་རིན་པོ་ཆེ། དིལ་མགོ་མཁྱེན་བརྩེ། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། མཁན་ཆེན་པདྨ་ཚེ་དབང་། རྫོགས་ཆེན་པདྨ་སྐལ་བཟང་སོགས་ཀྱིས་སྐལ་ལྡན་བུ་སློབ་རྣམས་ལ་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ལུང་ཐམས་ཅད་ཀྱི་སྤྱི་མདོ། མན་ངག་ཀུན་འདུས་ཀྱི་རྩ་བའི་དབང་ལུང་ཁྲིད་གསུམ་གྱི་ཆོས་འཁོར་ཡང་བསྐོར་མྱོང་བས། ཕོ་བྲང་འདི་ནི་རིག་གནས་ཀྱི་བྲོ་ར་ཞིག་དང་། གསང་ཆེན་བསྟན་པའི་རྒྱལ་མཚན་ཞིག་ཏུ་གྱུར་ཡོད།  ཕོ་བྲང་འདི་ལ་དད་པའི་མིག་གིས་བལྟས་ན་ཕྱི་མདོ་ལུགས་ལྟར་ན་གཙུག་ལག་ཁང་གི་མཚན་ཉིད་ཚང་ཞིང་། ནང་གསང་བ་སྔགས་ལྟར་ན་གཞལ་ཡས་ཁང་གི་བཀོད་པ་ལྷུན་གྱིས་རྫོགས་པ་དང་། ཡང་གསང་བླ་མེད་ལྟར་ན་རང་བྱུང་དཀྱིལ་འཁོར་མངོན་པར་བཀྲ་བའི་གདན་ས་ཁྱད་པར་ཅན་ཞིག་ཡིན་པས། ཕོ་བྲང་འདི་ན་རིག་གནས་ཀྱི་གཏེར་ཁ་དང་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་ཞིག་ཡོད་པས། ལྷུག་རྩོམ་འདི་རུ་ཁ་གསལ་གོ་བདེའི་ངང་ནས་དགུ་རོང་ཕོ་བྲང་གི་ལོ་རྒྱུས་དང་བཅས་མིག་འདུན་དུ་བཤམས་ཡོད་པ་རེད།  དེར་མ་ཟད«རྫོགས་བྲིས་ཀྱི་ཁྱད་ཆོས་བརྗོད་པ་བཅུ་དྲུག་ལྷ་མོའི་འཇོ་སྒེག» «སྐལ་བཟང་ལེགས་སྐྱེས་དད་གསུམ་སྙེ་མ» «སྨན་སྐུ་ཞིག་ལ་མཇལ་བའི་ཚོར་སྣང» «མཆོད་སྡོང་འཇའ་གཟུགས་མ» «སྒོ་བྱང་གི་མེ་ཏོག»སོགས་ལ་མཚོན་ན་ཡང་རིམ་བཞིན་བརྗོད་དོན་ཁ་གསལ་ལ།  རྗོད་བྱེད་ཀྱི་ཚིག་སྦྱོར་རྣ་བར་སྙན་ཞིང་ཡིད་འཕྲོག་པ་སོགས་ཀྱི་ཁྱད་ཆོས་ཡོད་པས། གཞི་རིམ་མང་ཚོགས་ཀུན་གྱི་གོ་སླ་བ་དང་ཀྲུང་ཧྭའི་རིག་གནས་རྒྱུད་འཛིན་ཡར་སྐུལ་དང་སྤྱི་ཚོགས་འཆམ་མཐུན་བཅས་ལ་ཤུགས་ནས་འབྲས་བུ་མི་དམན་པ་ཐོན་ཡོད།
མཇུག་སྡུད་པ།
       རྒན་གཅན་རོང་བསྟན་འཛིན་གྱི«སྙན་ངག་གི་མེ་ཏོག»འདི་ལ་མཚོན་ན་གོང་ནས་བརྗོད་ཟིན་པ་ལྟར་སྙན་རྩོམ་གྱི་འདབ་མ་དང་མགུར་གླུ་ཡི་ཟེའུ་འབྲུ། ལྷུག་བརྗོད་ཀྱི་དྲི་བསུང་བཅས་ཚོམ་བུ་གསུམ་དུ་བཞད་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་ཡར་སྐུལ་དང་གཞི་རིམ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས། སྲོལ་རྒྱུན་ཀུན་སྤྱོད་དཔལ་ཡོན་གྱི་བསམ་བློ་རྒྱུན་འཛིན་ཡར་སྐུལ། གནའ་དེང་རིག་གཞུང་དང་སྙན་ངག་གི་དགོངས་སྲོག་མཉམ་འདྲེས་བཅས་ལ་ཐུན་མོང་མ་ཡིན་པའི་ཕན་ནུས་ཐོན་ངེས་པ་རེད། སྒྱུ་རྩལ་གྱི་ཁྱད་ཆོས་ཐད་ནས་ཚིག་རྒྱན་གྱི་སྦྱོར་ལུགས་ངོ་མཚར་བ་དང་སྙན་ངག་མེ་ལོང་གི་སྦྱོར་ཚུལ་ལས་རིང་དུ་འདས་པ། བརྗོད་བྱའི་ལུས་ལ་རིང་ཐུང་གྲིམ་ལྷོད་རན་པའི་སྒེག་ཆ་དང་། རྗོད་བྱེད་དོན་རྒྱན་དང་གབ་རྒྱན། ཟུང་ལྡན་གྱི་རྒྱན་གྱིས་གང་ལ་གང་འཚམ་དུ་སྤྲས་པའི་མཛེས་ཆ་ཡོད་ཅིང་། བརྗོད་འདོད་སྲོག་གི་རིག་པ་བཏང་ལྷོད་དང་འཇམ་རྩུབ། རྣོ་བུལ་གྱ་ནོམ་པ་ལ། གནའ་དེང་ཤེས་རབ་ཀྱི་ལང་ཚོ་བ་མ་ཟད། སྙན་ངག་གི་མཛེས་ཉམས་ཕུལ་དུ་བྱུང་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད་དོ། །
འབྲེལ་ཡོད་འོས་སྦྱོར།