སྙན་ངག་མྱོང་དཔྱད། མིག་གིས་སྐད་ཆ་ལབ་པའི་བུ་མོ།
རྩོམ་པ་པོ།:གཡུ་སྒྲོན་འཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-04-16
ཀློག་གྲངས།:
མིག་གིས་སྐད་ཆ་ལབ་པའི་བུ་མོ།
ཁ་བ་ལྷ་མོའི་སྙན་ངག«མིག་མདངས་ནི་སྐད་ཆ་ཡིན»ཞེས་པ་བལྟས་རྗེས།
གཡུ་སྒྲོན་འཚོ།
སྙན་ངག་གཞོགས་བཀོད།
མིག་མདངས་ནི་སྐད་ཆ་ཡིན།
ཁ་བ་ལྷ་མོ།
སྨྲ་བ་ལ་རྨ་ཁ་སོས་བྱེད་ཀྱི་ནུས་པ་མེད་ན
ད་ནི་ཁ་རོག་གེར་འདུག་ཨང
ཉི་ཟླ་སྐར་གསུམ་འཁོར་སའི་ནམ་མཁའ་ཁ་རོག་གེར་འདུག
རི་རབ་ཁང་ཁྱིམ་འདེགས་པའི་ས་གཞིའང་ཁ་རོག་གེར་འདུག
གནམ་ས་གཡོས་ཤིང་འགྲོ་བའི་རླུང་བུའང་མཐའ་མཇུག་བར་སྣང་ཁམས་ལ་འཐིམ་འགྲོ་དུས་སྨྲ་བ་མེད
བྲག་དང་རི་བོ་བསྒུལ་བར་བྱེད་པའི་རྒྱ་མཚོའང་མཐའ་མཇུག་རང་བྱུང་ཁམས་ནས་གཉིད་འགྲོ་དུས་སྨྲ་བ་མེད
མེ་ཏོག་ཅིག་སྐྱེས་ནས་འཆི་རག་བར་དུ་སྨྲ་བ་མེད་ཀྱང
མཛེས་སྡུག་གི་འདབ་མ་རེ་རེ་སྐད་ཆ་མིན་ནམ
སྐར་ཕྲན་ཞིག་ཤར་ནས་ནུབ་རག་བར་དུ་སྨྲ་བ་མེད་ཀྱང་
འོད་ཀྱི་ཟེར་མ་རེ་རེ་སྐད་ཆ་མིན་ནམ
སྨྲ་བ་མེད་ཀྱང་ཅི་སྐྱོན
སྨྲ་བ་མང་ནས་ཅི་བྱེད
མིག་མདངས་ནི་སྐད་ཆ་ཡིན
༢༠༡༧.༡༡.༡༢
སྙན་ངག་མྱོང་དཔྱད།
སྙན་ངག་འདི་ཀློག་དུས་ངའི་ཡིད་ངོར་རང་དབང་མེད་པར་དེ་སྔོན་བཀླགས་མྱོང་བའི་སྒྲུང་གཏམ་ཞིག་དྲན་འོང་། «སྨྲ་བ་མེད་པའི་འཚོ་བ»(东西成名之作《没有语言的生活》)ངས་དེ་ནི་གཅིག་བརྟེན་གཅིག་དྲན་གྱི་ཐོག་མའི་དྲན་རྟོག་འཕྲོས་ཚུལ་ཞིག་ཡིན་པ་ལས། འདི་གཉིས་ལ་འབྲེལ་བ་ཆེར་མེད་ངེས་སྙམ་ནས་སྣང་མེད་དུ་བསྐྱུར། ཡིན་ཡང་། སྙན་ངག་འདི་དང་འབྲེལ་ནས་ཅི་ཞིག་གླེང་སྙམ་གྱི་འདུན་པས་བསམ་བློ་ཡང་ཡང་གཏོང་དུས། བརྩམས་ཆོས་འདི་གཉིས་ལ་དངོས་གནས་འབྲེལ་བ་ངེས་ཅན་ཞིག་ལྡན་ཡོད་པ་ཚོར་ཡོང་སྟེ། མི་དང་མིའི་འབྲེལ་བ་དང་མི་དང་སྐད་ཆའི་འབྲེལ་བ། སྐད་ཆ་དང་འཚོ་བའི་འབྲེལ་བ། ནང་སེམས་དང་སྐད་ཆའི་འབྲེལ་བ་སོགས་ཕན་ཚུན་སྣོལ་མར་འཛིང་ཡོད་པའི་ནང་གནས་ཀྱི་འབྲེལ་བ་སྣ་ཚོགས་ཤིག་ཡོད་པ་ཚོར་ཐུབ། འདི་དག་ནི་ཚད་ངེས་ཅན་ཞིག་ནས་བཤད་ན་རྙོག་འཛིང་ཅན་གྱི་མཚན་ཉིད་རིག་པའི་གནད་དོན་གྱི་ཁོངས་སུའང་འདུ་བས། འདིར་དེ་དག་གི་ཞིབ་ཕྲའི་འགལ་འབྲེལ་ལ་ཞིབ་འཇུག་བྱེད་པའི་ངལ་བ་མང་པོ་ཞིག་ཁུར་དུ་ལེན་པའི་དགོས་པ་ཆུང་ལ་ཁུར་དུ་ཐེག་པའི་ནུས་པའང་མེད་པས་བསྐྱུར་ཆོག་མོད། བརྩམས་ཆོས་འདི་དག་གིས་སྨྲ་བ་མེད་པའི་སྒོ་ནས་མི་སེམས་ཀྱི་ཟབ་ས་ལ་རྨ་མེད་ཀྱི་གདུང་བ་བསྐྱེད་ཐུབ་ཅིང་ཟོལ་མེད་ཀྱི་དུངས་པའང་འདྲེན་ཐུབ་པའི་སྒྱུ་འཕྲུལ་ལྟ་བུའི་ནུས་པ་དག་ནི་དངོས་གནས་ཁ་རོག་གེར་བསྐྱུར་ཐབས་མེད་པ་ཞིག་རེད། དེ་བས། ངས་སྐད་ཆ་དང་འབྲེལ་བའི་སྙན་ངག་འདི་དང་། དེའི་ཕ་རོལ་གྱི་སྐད་ཆར་མ་ཤོང་བའི་མི་སེམས་ཀྱི་ཆགས་སྡང་ལ་ཉམས་མྱོང་ཐེངས་གཅིག་ཅིས་ཀྱང་བྱ་འདོད་པ་ཡིན།
སྤྱིར་ཁ་བ་ལྷ་མོ་ལགས་ནི་ང་ལ་མཚོན་ན་རྒྱུས་མངའ་ཆེན་པོ་ཡོད་པའི་སྙན་ངག་པ་ཞིག་མིན་མོད། ཁོ་མོའི་སྙན་དེབ«ཁ་བའི་རྣ་ཆ»དང་། «རླུང་དང་མེ་ཏོག»གཉིས་གཙོས་དུས་དེབ་དང་དྲ་སྒང་གང་རུང་ནས་མོའི་སྙན་ངག་མི་ཉུང་རེ་བཀླགས་མྱོང་བ་ལས་ཐོབ་པའི་བག་ཆགས་ལ་གཞི་བཅོལ་ནས་བཤད་ན། མོའི་སྙན་ངག་མང་ཆེ་ཤོས(སྙན་ངག་གི་ངོ་གདོང་ལྟར་གོ་བ་བླངས་ན།)ནི་སྤྱིར་བཏང་གི་འཚོ་བའི་གཏམ་རྒྱུད་སྣ་ཚོགས་དང་གཏམ་རྒྱུད་ཁྲོད་ཀྱི་མི་སྣ་མང་པོ་ལས་ཐོན་པའི་བྱུང་རིམ་སྟབས་བདེ་ཅན། ཡིད་བརྙན་བབ་ཆགས་ཅན། ཚོར་བ་རང་བྱུང་ལྷུན་གྲུབ་ཅན་གྱི་ཁྱད་ཆོས་མངོན་པར་གསལ་བ་ཞིག་ཏུ་སྣང་སོང་། མི་སྣ་དེ་དག་གི་འབྲེལ་འདྲེས་ལས་བྱུང་བའི་སྐབས་བབ་ཀྱི་ཚོར་འདུ་སྣ་ཚོགས་ཀྱང་སྐད་ཆ་དང་སྐད་ཆའི་ཕ་རོལ་ལས་མངོན་པའི“བརྗོད་པ”གང་ཞིག་གི་ཟོལ་གྱིས་ཕྱི་རུ་འཕྲོས་ཏེ། འཚོ་བའི་འབྲེལ་འདྲེས་མང་པོ་ཞིག“རྣམ་ཤེས”ལ་བརྟེན་ནས་ཡོངས་འགྲུབ་བྱེད་ཀྱིན་འདུག འདི་ནི་གོང་དུ་བརྗོད་པའི«སྨྲ་བ་མེད་པའི་འཚོ་བའི»ཁྲོད་ཀྱི་མི་སྣ་ཁོ་ཚོ་དང་ཤིན་ཏུ་འདྲ་སྟེ། ཁོ་ཚོ་ལ་སྨྲ་བ་མེད་ཀྱང་འཚོ་བ་ཡོད། ཤེས་རབ་ཡོད། སྨྲེང་བ་ཡོད། བརྩེ་བ་ཡོད། གདུང་བ་ཡོད། ད་དུང་དེ་དག་གོ་བརྡ་སྤྲོད་པའི་ཐབས་ལམ་ཡང་སྣ་ཚོགས་ཡོད་དེ། མིག་མདངས་ནི་དེའི་ཁྲོད་ཀྱི“སྐད་ཆ”གཙོ་ཤོས་དེ་རེད། འོན་ཀྱང་། ཁོ་ཚོར་མི་འདྲ་ས་ཞིག་ཀྱང་མངོན་གསལ་དུ་ཡོད་ཅིང་། ཁོ་ཚོས་དེ་ལྟའི་དམིགས་བསལ་གྱི་གོ་བརྡ་སྤྲོད་སྟངས་ཁྱད་པར་བ་རེ་བེད་སྤྱོད་གཏོང་དགོས་པའི་རྒྱུ་མཚན་མི་འདྲ་སྟེ། བརྩམས་སྒྲུང་ཁྲོད་ཀྱི་མི་སྣ་དག་ནི་དབང་བོའི་འགོག་རྐྱེན་གྱི་དབང་གིས་དང་། སྙན་ངག་ཁྲོད་ཀྱི་མི་སྣ་དག་ནི་ཚོར་བའི་བཙན་གཉོམ་གྱི་དབང་གིས་སོ། །
ཁ་བ་ལྷ་མོའི་སྙན་ངག་ཁྲོད་དུ་མི་སེམས་ཀྱི་གོ་བརྡ་བརྗེ་རེས་ལ་སྐད་ཆ་སྨྲ་བ་ཕལ་བར་ལྷུང་བའི་སྒྱུ་རྩལ་གྱི་མཚོན་ཐབས་ཡན་གར་བ་ཞིག་ལྷུར་ལེན་བྱས་ཡོད་པའི་རྗེས་ཤུལ་མཐོང་ཐུབ། དཔེར་ན། མོའི་སྙན་ངག«འཕྲིན་ལ་འཕྲིན་ལན་བཏང་ཡོད།»ཅེས་པར“སེམས་གཏམ་སེམས་ནས་ལུས་སོང་ཡང/རང་གི་མངོན་ཆུང་ལ་སྡང་སེམས་ཀྱི་སྨྲེ་སྔགས་མ་འདོན/མིག་མདངས་དེ་དང་ཉམས་འགྱུར་དེའི་ལྟག་རྒྱབ་ནས/སྐད་ཆ་ནི་མ་གཞི་ནས་ལྷག་མ་རེད/ཁྱོད་ཀྱིས་ཅི་ཡང་མ་བརྗོད་ཀྱང/ཡོད་ཚད་བརྗོད་ཟིན་པ་དང་འདྲ་བྱུང/”ཞེས་བྱུང་བ་དང་། «གངས་འདབས་ཀྱི་སྨྲེང་འཐེན།»དུ། “ཁ་མ་གྲགས་པའི་ཚེ་རིང་དབང་ཕྱུག/མིག་ཟུང་གིས་སྐད་ཆ་བཤད་ནས་བུད་སོང/”(སྙན་དེབ«ཁ་བའི་རྣ་རྒྱན»གྱི་ཤོག་ངོས༨༣དང་༨༡)ཞེས་བྱུང་བ་ལྟ་བུ། འདི་དག་ནི“སེམས་པ་སེམས་ཀྱིས་ཤེས་པའི་”རྣམ་ཤེས་དག་ལ་མཚོན་ན་མིག་ཟུང་གི་རང་མདངས་ཁོ་ན་ནི་སྐད་ཆ་ཡོད་ཚད་ཀྱི་སྙིང་བོ་ཡིན་པའི་བདེན་དཔང་ཅི་ལ་མིན། ཡང་གཅིག་བཤད་ན། མི་དང་མིའི་འབྲེལ་འདྲེས(སྒོས་སུ་ཕོ་མོའི་འབྲེལ་འདྲེས)ཀྱི་ཐད་བུད་མེད་ཅིག་ཡིན་པའི་ཆ་ནས་སྐད་ཆའི་ཚབ་ལ་མིག་དམངས་ཀྱིས་གོ་བརྡ་སྤྲད་དགོས་ས་མང་པོ་ཞིག་ཡོད་པའི་དངོས་ཡོད་ཀྱིས་མོའི་སྙན་ངག་གསར་རྩོམ་གྱི་ལག་ལེན་ལ་ཤུགས་རྐྱེན་ཐེབས་སྲིད་པའི་མངོན་ཚུལ་ཞིག་ཀྱང་ཡིན་ངེས་སྙམ། གང་ལྟར། ཟུར་སྣེ་འདི་ནས་སྙན་ངག«མིག་མདངས་ནི་སྐད་ཆ་ཡིན»ཞེས་པ་འདིས་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་མཚོན་སྟངས་དེ་ལྷུར་ལེན་བྱས་ཚུལ་ལ་ཞིབ་ཏུ་བལྟས་ན།
སྤྱིར་སྐད་བརྡ་རིག་པའི་དགོངས་ཚུལ་ལྟར་ན། སྐད་ཆ་ལ་བྱེད་ནུས་སྣ་ཚོགས་ཤིག་མཆིས་ཏེ། སྐད་ཆ་ནི་རིག་གནས་ཆ་འཕྲིན་གྱི་རྟེན་གཞི་དང་། འཇིག་རྟེན་ངོས་འཛིན་གྱི་ཡོ་བྱད། མི་དང་མིའི་འབྲེལ་འདྲེས་དང་བསམ་བློ་བརྗེ་རེས་ཀྱི་ཡོ་བྱད་སོགས་བྱེད་ནུས་ཀྱིས་ཕྱུག་པ་ཞིག་ཡིན། མི་རྣམས་ཀྱིས་ཀྱང་ནང་སེམས་ཀྱི་འཆར་སྒོ་སྣ་ཚོགས་ཕྱི་ལུས་ཀྱི་རྣམ་འགྱུར་རམ་གཙོ་ཆེ་བ་ངག་གི་སྐད་ཆ་ལ་བརྟེན་ནས་ཕྱིར་མཚོན་བྱེད་ཀྱིན་ཡོད། ཡིན་ཡང་། བལྟས་ཚོད་དུ་སྙན་ངག་འདིས་ནི་སྐད་ཆའི་སྤྱིར་བཏང་གི་བྱེད་ནུས་ལ་གཏོར་གཤིག་བཏང་ནས་དེའི་འབྲེལ་འདྲེས་ཀྱི་ནུས་པ་ཉམས་ཞན་ཅན་དུ་བཏང་འདུག་སྟེ། སྙན་ངག་གི་ཚན་པ་དང་པོ་དང་གཉིས་པར། “སྐད་ཆ་ལ་ནང་སེམས་ཀྱི་རྨ་ཁ་གསོ་བའི་ནུས་པ་མེད”ན། སྐད་ཆ་དང་སྨྲ་བ་ལའང་དགོས་པ་ཉིང་དགོས་གང་ཡང་མེད་པས“ཁ་རོག་གེར་”ཁུ་སིམ་མེར་མི་སྡོད་རང་འདུག་ཡིན་པའི་འུ་ཐུག་གི་སྡོམ་ཚིག་ཅིག་བཞག་འདུག་མོད། སྡོམ་ཚིག་འདིས་ནི་སྐད་ཆ་སྨྲ་བའི་བྱེད་པ་དེ་ཁོ་ནའི་ནུས་པ་འཁོས་ཞན་དུ་བཏང་བ་ཙམ་ལས། དེའི་བརྗོད་དོན་སྟེ། སེམས་ཀྱི་འདོད་འདུན་ནམ་ཚོར་འདུ་གང་ཞིག་ཕ་རོལ་ལ་བརྡ་སྤྲོད་པར་འདོད་པའི་དམིགས་ཡུལ་དངོས་ལ་ཚད་བཀག་གང་ཡང་བཟོས་མེད། རྒྱུ་མཚན། འདི་ནི་ནང་སེམས་ཀྱི་ཟབ་ཟ་ན་ལུས་པའི་བརྗོད་དོན་དེ་སྒྱུ་རྩལ་གྱི་མཐོ་ས་ཞིག་ལ་བླངས་ནས་མཚོན་པར་བྱས་པ་ཞིག་ལས། སྤྱིར་བཏང་གི་སྐད་བརྡ་རིག་པའི་གཏན་ཚིགས་ཀྱི་སྒྲོམ་རྒྱ་ན་བསྡད་མེད་པ་ནི་ཤིན་ཏུ་གསལ་ཏེ། སྙན་ངག་གི་ཚན་པ་གསུམ་པར། “མེ་ཏོག་ཅིག་སྐྱེས་ནས་འཆི་རག་བར་དུ་སྨྲ་བ་མེད་ཀྱང/མཛེས་སྡུག་གི་འདབ་མ་རེ་རེ་སྐད་ཆ་མིན་ནམ/སྐར་ཕྲན་ཞིག་ཤར་ནས་ནུབ་རག་བར་དུ་སྨྲ་བ་མེད་ཀྱང/འོད་ཀྱི་ཟེར་མ་རེ་རེ་སྐད་ཆ་མིན་ནམ/སྨྲ་བ་མེད་ཀྱང་ཅི་སྐྱོན/སྨྲ་བ་མང་ནས་ཅི་བྱེད/མིག་མདངས་ནི་སྐད་ཆ་ཡིན”ཞེས་སྐད་ཆས་མཚོན་དགོས་པའམ་མཚོན་འོས་པའི་ནང་དོན་མང་པོ་ཞིག་སྐད་ཆའི་ཚབ་མར་རུང་བའི་ཆོས་དངོས་ཀྱི་རྣམ་འགྱུར་དང་ངོ་བོ་གཞན་ལ་བགོས་ནས་བསྟན་ཡོད་པས། ནང་སེམས་ལ་མཚོན་ན། སྨྲ་བསམ་བརྗོད་འདས་ཀྱི་ཚོར་བའི་འགྱུར་བག་དང་འདུ་དགོད་མང་པོ་ཞིག་བྱེ་བྲག་གི་སྐད་ཆའི་ཐབས་ལམ་འབའ་ཞིག་ལ་བརྟེན་ནས་མཚོན་སྙིང་འདོད་པའི་གུ་དོག་པའི་འཆིང་རྒྱ་ལས་གྲོལ་ཏེ། “སྨྲ་བ་མེད་པ་ནི་སྨྲ་བ་བརྒྱ་ལས་ལྷག”པའི་སྐབས་བབ་ཀྱི་སེམས་ཁམས་རྒྱུ་ཕྱོགས་ཁོ་ནར་དབང་སྩལ་ན། ད་གཟོད་ནང་སེམས་དང་ཕྱི་རོལ་འཇིག་རྟེན་གཉིས་བར་གྱི་རྣམ་ཤེས་ཀྱི་འབྲེལ་འདྲེས་ལེགས་འགྲུབ་འབྱུང་ཐུབ་པ་དེ་ལས་ལྷག་པའི་དབུགས་དབྱུང་ཞིག་ཡོད་མི་སྲིད།
ཆ་འདི་ནི་ཀློག་པ་པོ་ང་ལ་མཚོན་ནའང་སྙན་ངག་འདིའི་ཆེས་ཡི་གར་འོང་བའི་གནས་ཁོ་ནར་མཐོང་ཞིང་ཆེས་སེམས་ལ་སིམ་པའི་སྒྱུ་རྩལ་གྱི་རོ་བྲོ་མངར་མོ་དེ་རུ་སྣང་མོད། ཏག་ཏག་སྐབས་འདི་འདྲར་ངས་སྙན་ངག་འདིའི་ཀློང་ཁམས་ན་མངོན་ཆུང་གིས་སྨིན་པའི་མི་སེམས་ཀྱི་གསང་བ་འདི་དག་ཇི་མ་ཇི་བཞིན་ངག་ནས་འཁྲོལ་ཏེ་སྐད་ཆར་བཅོལ་ཐབས་མི་འདུག་པས་རེ་ཞིག་ཁ་རོག་གེར་མི་འདུག་ཀ་མེད་བྱུང་། སྣང་ཚུལ་འདི་ནི་ཏག་ཏག་སྙན་ངག་འདིའི་བསླུ་བྲིད་དང་མཛེས་པ་ར་སྤྲོད་བྱེད་པའི་ཉམས་ལེན་ཞིག་དང་ཇི་འདྲིའི་མཚུངས་ཨང་། སེམས་ལགས། སྨྲ་བ་མེད་པ་ཆགས་དུས་ནི་ཁྱོད་ལ་ཞི་གནས་ཐོབ་པའི་སྐབས་དེ་ཨེ་རེད། ་་་་་་
རེད་དེ། “གནམ་ས་གཡོས་ཤིང་འགྲོ་བའི་རླུང་བུའང་མཐའ་མཇུག་བར་སྣང་ཁམས་ལ་འཐིམ་འགྲོ་དུས་སྨྲ་བ་མེད/བྲག་དང་རི་བོ་བསྒུལ་བར་བྱེད་པའི་རྒྱ་མཚོའང་མཐའ་མཇུག་རང་བྱུང་ཁམས་ནས་གཉིད་འགྲོ་དུས་སྨྲ་བ་མེད”ན། ངའི་ནང་སེམས་ལ་གཡོ་སྐྱོམ་དྲག་ཏུ་སྟེར་བའི་སྙན་ངག་གི་ཚིག་འབྲུ་འདི་དག་ཀྱང་། མཐའ་འཇུག་རྟོག་མཐུན་གྱི་སྣང་བའི་ཁམས་དེ་ལ་ངང་གིས་སིམ་འགྲོ་དུས་ང་ལ་སྨྲ་བ་ཅི་ཞིག་ཡོད་དགོས་ཨང་།
རྣམ་ཤེས་ཀྱི་བཞུར་རྒྱུན་དྭངས་མ་ནི་སྐད་ཆ་ཡོད་ཚད་ཀྱི་ཉིང་ཁུ་རེད།
ཡོང་ཁུངས། ༢༠༢༣ལོའི«གངས་རྒྱན་མེ་ཏོག»དེབ་གསུམ་པར་བཀོད།
རྩོམ་པ་པོའི་ངོ་སྤྲོད།
གཡུ་སྒྲོན་འཚོ། མཚོ་སྔོན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་གི་མི། རྩོམ་རིག་ཤེས་རམས་ཞིབ་འཇུག་སློབ་མ། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། སྔ་ཕྱིར«སྦྲང་ཆར»དང«གངས་རྒྱན་མེ་ཏོག» «མཚོ་སྔོན་བོད་ཡིག་གསར་འགྱུར»སོགས་སུ་སྒྲུང་གཏམ་དང་། ལྷུག་རྩོམ། དཔྱད་རྩོམ། སྙན་ངག་ཕྲན་དཔྱད་གཙོས་སྦྱངས་རྩོམ་སྤེལ་མྱོང་། སྒྲུང་ཐུང་ཕྱོགས་བསྒྲིགས་ཀྱི་དེབ་ཐོག་མ«གཟིམས་པ་མེད་པའི་སྒྲོན་མེ»མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བོད་ཀྱི་བུད་མེད་རྩོམ་པ་པོའི་དཔེ་ཚོགས(ཁག་གཉིས་པ)སུ་བདམས་ནས་པར་སྐྲུན་བྱས། སྐབས་བཅུ་གཅིག་པའི“སྦྲང་ཆར་རྩོམ་རིག་བྱ་དགའ”ལས“སྦྲང་ཆར་སྨྱུག་གསར་བྱ་དགའ”ཐོབ། རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་དྲུག་པའི་ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ།
འབྲེལ་ཡོད་འོས་སྦྱོར།
