logo

༄༅། །པདྨ་ཚེ་བརྟན་གྱི་མི་ཚེའི་ལོ་རྒྱུས་དང་གསར་རྩོམ་ལོ་ཚིགས།

རྩོམ་པ་པོ།:ཚེ་རིང་བཀྲ་ཤིས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-06-03 ཀློག་གྲངས།:
ནང་དོན་གནད་བསྡུས། རྒན་པདྨ་ཚེ་བརྟན་ལགས་ཀྱི་མི་ཚེ་ཧྲིལ་བོའི་ཁྲོད་དུ་སློབ་གྲྭ་རིམ་པ་ནས་སློབ་གཉེར་ལ་འབད་པ་གཞིར་བྱས་ཏེ། སྒྲུང་གཏམ་གསར་རྩོམ་དང་ལོ་ཙཱ། གློག་བརྙན་འཁྲབ་ཁྲིད་དང་འཁྲབ་གཞུང་གསར་རྩོམ། གློག་བརྙན་ཕབ་སྐྲུན། འཆད་ཁྲིད་བགྲོ་གླེང་། ད་དུང་དགེ་རྒན་གྱི་བགྱི་བའང་དོན་དུ་གཉེར་བ་ནི་ཁོང་གི་མི་ཚེའི་བརྒྱུད་རིམ་ཁྲོད་ཀྱི་ཆེས་ཡིད་དབང་འཕྲོག་སའི་གནས་སུ་བརྗོད་རུང་སྟེ། ཁོང་དུས་ཡུན་རིང་བོར་འཚོ་མ་ཐུབ་པར་ན་སོ་ཆེས་དར་སྒང་ལ་ང་ཚོ་དང་གཏན་དུ་གྱེས་མོད། ཁོང་གིས་ལས་གང་ཞིག་བགྱིས་ནའང་བསུབ་མེད་ཀྱི་རྐང་རྗེས་རེ་རེ་རྗེས་རབས་ཚོའི་མིག་དཔེར་བཞག་འདུག འདིར་ཁུངས་ཐུབ་ཀྱི་རྒྱུ་ཆ་དག་རྩ་བར་བཟུང་སྟེ། མི་སྣའི་མཛད་རིམ་ལོ་ཚིགས་འབྲི་སྟངས་ཀྱི་རྩ་དོན་བླང་བྱར་བཟུང་ནས། ཁོང་གིས་གནས་གང་དག་ནས་སློབ་གཉེར་ཇི་འདྲ་གནང་བ་དང་། ལས་ཀ་གང་དག་གཉེར་བ། གཡུར་དུ་ཟ་བའི་གྲུབ་འབྲས་ཆེན་པོ་ཇི་འདྲ་རེག་པ་བཅས་སྤྱི་ལོའི་ལོ་ཚིགས་ལྟར་ཞིབ་གསལ་དུ་བརྗོད་ཡོད་དེ། ཐོག་མའི་སྡེ་བའི་སློབ་ཆུང་ནས་རྒྱལ་སའི་སློབ་གླིང་འགྲིམས་ཏེ་བོད་ཀྱི་འཁྲབ་ཁྲིད་པ་ཐོག་མར་གྱུར་པ་དང་། ཐོག་མའི་སྒྲུང་ཐུང«མི་དང་ཁྱི»སྤེལ་བ་ནས་རྒྱ་བོད་ཡིག་རིགས་གཉིས་ཀྱི་སྒྲུང་གཏམ་གང་མང་སྤེལ་ཏེ་རྒྱལ་ཁབ་ཕྱི་ནང་གི་ཀློག་པ་བོས་དགའ་བསུ་དང་ཁས་ལེན་ཐོབ་པའི་རྩོམ་པ་བོར་གྱུར་པ། ཐོག་མའི་བསྒྱུར་དེབ«མི་རོ་རྩེ་སྒྲུང»པར་དུ་བསྐྲུན་པ་ནས་ལོ་ཙཱ་བའི་མཚན་སྙན་ཐོབ་པ་དང་། ཐོག་མའི་གཏམ་རྒྱུད་གློག་བརྙན་ཐུང་གྲས«ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ» འཁྲབ་ཁྲིད་གནང་བ་ནས«སིང་སྤང་བཀྲ»བར་དུ་གཏམ་རྒྱུད་གློག་བརྙན་གཙོར་བྱས་ཏེ་དངོས་བཤུས་གློག་བརྙན་ཡང་ཕབ་སྐྲུན་གནང་བས། “བོད་ཡུལ་གྱི་རླབས་རྒྱུན་གསར་བའི་”སྣེ་ཁྲིད་པ་ཞེས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྙན་གྲགས་ཆེ་བའི་འཁྲབ་ཁྲིད་པར་གྱུར་པ། སློབ་འབྲིང་དང་སློབ་ཆེན་རིམ་པ་གང་མང་ནས་འཆད་ཁྲིད་དང་རྒྱལ་ཁབ་ཕྱི་ནང་གི་སྨྱན་བྱེད་བགྲང་ལས་འདས་པ་བརྒྱུད་ནས་གློག་བརྙན་སྐོར་བགྲོ་གླེང་གནང་བས་མཐོ་སྒང་གི་རོང་འབྲོག་མང་ཚོགས་ཀྱི་འཚོ་བ་རྣལ་མ་ནི་ཇི་འདྲ་ཞིག་ཡིན་པ་ཀུན་ལ་ངོ་སྤྲོད་གནང་མཁན་གཙོ་བོ་ལྟ་བུར་གྱུར་པ། ཐོག་མའི་སློབ་ཆུང་དགེ་རྒན་ནས་མཐའ་མར་མཐོ་རིམ་སློབ་གླིང་གི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་དུ་གྱུར་པ་བཅས་ནི་ཁོང་གི་བགྲང་བྱ་ང་གསུམ་རིང་གི་མཛད་པ་ལོ་རྒྱུས་རྣམས་ཡིན་ནོ། །
གནད་ཚིག པདྨ་ཚེ་བརྟན། མི་ཚེའི་ལོ་རྒྱུས། གསར་རྩོམ་ལོ་ཚིགས།

དང་བོ། ཕ་ཡུལ་ནས་གཉོམ་ལག་རྒྱས་པ།
       པདྨ་ཚེ་བརྟན་ལགས་ནི༡༩༦༩ལོའི་ཟླ༡༢པར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་མཛོ་སྣ་སྡེ་བ་ནས་སྐྱེས། ཆུང་དུས་ཁོའི་སྤོ་བོས(རྙིང་མའི་སྔགས་པ་ཞིག)པདྨ་ཚེ་བརྟན་ནི་ཁོ་རང་གི་ཞང་བོའི་སྐྱེ་བར་འདོད་དེ་ཆེད་དུ་གཉོར་སྐྱོང་གིས་ནར་སོན་པས། ཆུང་དུས་ནས་རིག་གནས་ཀྱི་བག་ཆགས་ཐོབ།
       ༡༩༧༥ལོ་ནས༡༩༨༡ལོའི་བར། མཛོ་སྣ་སྡེ་བ་ནས་སློབ་ཆུང་འགྲིམས་མོད། འོན་ཀྱང་སློབ་ཆུང་ལོ་རིམ་གསུམ་པའི་བར་དུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་གཉེར་གྱི་སྲིད་ཇུས་བསྐྱར་གསོ་མ་ཐོབ་པས། དེའི་རིང་དུ་རྒྱ་ཡིག་ཁོ་ན་བསླབ་ཅིང་། ལོ་རིམ་བཞི་བ་ནས་ད་གཟོད་དངོས་སུ་བོད་ཡིག་སློབ་འགོ་ཚུགས། སློབ་ཆུང་འགྲིམ་སྐབས་ཀྱི་ཉིན་ཞིག་ལ་ཆུ་བེད་འཛུགས་སྐྲུན་ཚོགས་པ་ཞིག་ཆུ་མཛོད་ཁང་བསྐྲུན་སའི་གནས་གཞི་ལེགས་པོ་ཞིག་གདམ་ཆེད་སྡེ་བ་དེར་སླེབས། སྐབས་དེར་ལས་བཟོ་རུ་ཁག་གིས«ང་ཚོའི་སྡེ་བའི་གཞོན་ནུ»(我们村里的年轻人》)དང་། «མི་ཚེ།»(《人生》) «ཙོའོ་ལོ།»(《佐罗》) «མོའུ་ཏིང་དུས་རབས»(《摩登时代》)སོགས་གློག་བརྙན་བསྟན་པས། ཁོ་ལ་བག་ཆགས་གཏིང་ཟབ་ཅིག་བཞག
       ༡༩༨༡ལོ་ནས༡༩༨༤ལོའི་བར། པདྨ་ཚེ་བརྟན་རང་ཡུལ་དང་བར་ཐག་སྤྱི་ལེ་ལྔ་བརྒལ་བའི་ཁྲི་ཀ་རྫོང་མི་རིགས་སློབ་འབྲིང་དུ་ཆས་ཏེ་སློབ་གཉེར་བྱས་ཤིང་། སློབ་གྲྭ་དེ་ནས་ཁོར་དངོས་སུ་རྒྱའི་རིག་གནས་དང་རྒྱའི་སྐད་ཡིག་སྦྱོང་རྒྱུའི་གོ་སྐབས་རེག་པས། དཔེ་ཀློག་གི་འདུན་པའང་རྒྱུན་བསྲིངས་པར་གྱུར། ༡༩༨༤ལོ་ནས་༡༩༨༧ལོའི་བར། སློབ་འབྲིང་མཐར་ཕྱིན་རྗེས། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབྲིང་རིམ་མི་རིགས་དགེ་འོས་སློབ་གྲྭར་རྒྱུགས་འཕྲོད། སློབ་གྲྭ་དེ་ནས་མཁས་དབང་དོན་གྲུབ་རྒྱལ་དང་འཕྲད་པས་ཁོང་གི་ཤུགས་རྐྱེན་དང་སྣེ་སྟོན་འོག་རྩོམ་རིག་གསར་རྩོམ་གྱི་འདུན་པ་ཡིད་དུ་སྦྲུམ་ཞིང་། ནམ་རྒྱུན་གཟའ་མཇུག་ལ་སླེབས་ཚེ་ཁོ་རང་ཁུལ་མང་ཚོགས་སྒྱུ་རྩལ་ཁང་དུ་ཆས་ཏེ་དཔེ་ཀློག་རྒྱ་ཆེན་པོ་བྱེད་པའམ་ཡང་ན་རྫོང་མཁར་གྱི་གློག་བརྙན་ཁང་འགྲིམས་ཏེ་གློག་བརྙན་གང་མང་ལ་བལྟས། ༡༩༨༧ལོ་ནས༡༩༩༡ལོའི་བར། འབྲིང་རིམ་ཆེད་གཉེར་སློབ་གྲྭ་ནས་མཐར་ཕྱིན་རྗེས། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལྷ་ཁང་ཐང་སློབ་ཁུལ་དུ་ལས་བགོ་བྱས་པས་དེར་དགེ་རྒན་གྱི་བྱ་བ་གཉེར། སློབ་ཆུང་དུ་དགེ་རྒན་བྱེད་རིང་པདྨ་ཚེ་བརྟན་གྱིས་རིག་ཚན་སོ་སོའི་སློབ་ཁྲིད་བྱེད་ཅིང་། ཟླ་ཕོག་དམངས་སྒོར༩༩ཙམ་ཡིན། སློབ་ཁྲིད་ཀྱི་ཞོར་དུ་དཔེ་ཀློག་དང་རྩོམ་ཡིག་བྲིས་ཏེ་ཁེར་རྐྱང་གི་སྐྱོ་ངལ་སེལ། ལོ་ངོ་བཞི་བོ་དེའི་རིང་དུ། ཁོ་ཀྲུང་ཕྱིའི་རྩོམ་རིག་བརྩམས་ཆོས་འབོར་ཆེན་ལ་འཕྲད་ཅིང་དཔེ་ཀློག་ཀྱང་རྒྱ་ཆེན་བྱས། དཔེ་ཀློག་ལས་བྱུང་བའི་ཉམས་མྱོང་དག་ཚོད་ལྟའི་ཚུལ་དུ་རང་ཉིད་ཀྱི་རྩོམ་རིག་གསར་རྩོམ་གྱི་ལག་ལེན་ཁྲོད་སྤྱོད་འགོ་ཚུགས་ཤིང་། སྒྲུང་གཏམ་ཐོག་མ«མི་དང་ཁྱི»ཞེས་པའང་དེ་དུས་གསར་རྩོམ་བྱས། 
གཉིས་པ། ཕྱི་ཡུལ་ནས་སློབ་གཉེར་གནང་བ།
       ༡༩༩༡ལོའི་ཟླ༩བར། ནུབ་བྱང་མི་རིགས་སློབ་ཆེན་འགྲིམ་སྟེ་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ལ་སློབ་གཉེར་བྱས། སྐབས་དེར་སྦྱང་བྱའི་རིག་ཚན་གྱི་ཁྱབ་ཁོངས་ཕུན་སུམ་ཚོགས་ཤིང་རྣམ་གྲངས་ཀྱང་མང་སྟེ། རྩོམ་རིག་ལ་སློབ་གཉེར་བྱ་དགོས་པར་མ་ཟད། ད་དུང་ལོ་རྒྱུས་དང་། སྐད་ཡིག ཆོས་ལུགས། དམངས་སྲོལ་སོགས་ཀྱི་ཤེས་བྱར་སྦྱང་དགོས་ལ། གཞན་སྐར་རྩིས་ཀྱང་སྦྱངས། ༡༩༩༢ལོར། སློབ་ཆེན་ལོ་རིམ་དང་བོའི་སྐབས་སུ། བོད་ཡིག་གི་སྒྲུང་ཐུང་ཐོག་མ«མི་དང་ཁྱི»ཞེས་པ«བོད་ལྗོངས་རྩོམ་རིག»དུས་དེབ་ཏུ་སྤེལ།
       ༡༩༩༥ལོའི་ཟླ༦པར་སློབ་ཆེན་མཐར་ཕྱིན་རྗེས། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མི་དོན་ཅུས་སུ་ལས་བགོ་བྱས་ཤིང་། ལོ་དེའི་ཟླ༡༠བར་ཆུང་མ་གཡུ་སྒྲོན་འཚོ་དང་གཉེན་བསྒྲིགས། ༡༩༩༧ལོར། བོད་ཡིག་གི་སྒྲུང་ཐུང«བསླུ་བྲིད»ཅེས་པ«བོད་ལྗོངས་རྩོམ་རིག»དུས་དེབ་དུ་སྤེལ། སྒྲུང་ཐུང་འདི་ལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་དང་བོའི་རྩོམ་རིག་གསར་རྩོམ་གྱི་བྱ་དགའ་ཨང་གཉིས་པ་ཐོབ། ཟླ་༤བར་བུ་ཆུང་འཇིགས་མེད་འཕྲིན་ལས་སྐྱེས།
       ༡༩༩༩ལོར། བོད་ཡིག་གི་སྒྲུང་ཐུང«གངས»ཞེས་པ«སྦྲང་ཆར»དུ་སྤེལ། སྒྲུང་ཐུང་འདི་ལ་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཞི་བའི་རྩོམ་རིག་སྒྱུ་རྩལ་གསར་རྩོམ་གྱི་ཕུལ་བྱུང་བྱ་དགའ་ཐོབ། ༢༠༠༠ལོར། ནུབ་བྱང་མི་རིགས་སློབ་ཆེན་ནས་བོད་རྒྱ་རྩོམ་རིག་ལོ་ཙཱའི་ཆེད་ལས་ཀྱི་རབ་འབྱམས་པའི་བསླབ་གནས་གཉེར། སྐབས་དེར་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ནས་དངོས་སྦྱོང་བྱས། དེ་དུས་ཐེངས་ཤིག་ལ་པེ་ཅིང་གློག་བརྙན་སློབ་གླིང་དུ་ཆས་ཤིང་ཕྱིར་སླེབས་རྗེས་རང་ཉིད་གློག་བརྙན་ལ་དགའ་ཞེན་ཟབ་པ་དང་། ཡར་སྔོན་གྱི་མཐོ་སྒང་གི་རོང་འབྲོག་མང་ཚོགས་བརྗོད་གཞིར་བྱས་པའི་གློག་བརྙན་དག་ནི་དངོས་ཡོད་དང་རིང་དུ་གྱེས་འདུག་པ་དང་། ཕ་སྐད་ཀྱི་ལམ་ནས་གློག་བརྙན་ཕབ་སྐྲུན་གྱི་འདུན་པ་དྲག་པོ་ཡོད་ཚུལ་སོགས་ཤོག་ངོས་གསུམ་བཞི་ཙམ་ལོངས་པའི་རེ་ཞུ་ཡི་གེ་ཞིག་བྲིས་ཏེ་ཕུལ་བས། མཐར་རོགས་སྐྱོར་ལས་གཞིའི་ཆོག་མཆན་ཐོབ་ཅིང་། པེ་ཅིང་གློག་བརྙན་སློབ་གླིང་དུ་སློབ་གཉེར་གྱི་གོ་སྐབས་བྱུང་། ༢༠༠༡ལོར། བོད་ཡིག་གི་སྒྲུང་ཐུང«སློང་མོ་བ»ཞེས་པ་སྤེལ་ཅིང་། སྒྲུང་གཏམ་འདི་ལ་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་སྒྱུ་རྩལ་བརྩམས་ཆོས་ཀྱི་ཕུལ་བྱུང་བྱ་དགའ་ཐོབ། སྒྲུང་གཏམ«གངས»ནི་རླུང་འཕྲིན་སྒྲུང་གཏམ་དུ་བཅོས་ཤིང་། ཞིང་ལྗོངས་ལྔའི་རླུང་འཕྲིན་སྒྲུང་གཏམ་དཔྱད་འདེམས་ཁྲོད་བྱ་དགའ་ཨང་དང་བོ་ཐོབ།
གསུམ་པ། འཛམ་གླིང་ལ་སྙན་གྲགས་རྒྱས་པ།
       ༢༠༠༢ལོར། པེ་ཅིང་གློག་བརྙན་སློབ་གླིང་གི་རྩོམ་རིག་སྡེ་ཁག་གི་གློག་བརྙན་འཁྲབ་ཁྲིད་པའི་ཆེད་ལས་འཛིན་གྲྭར་ཞུགས་ཏེ། གློག་བརྙན་གྱི་ཆེད་ལས་ཤེས་བྱ་འཐུས་ཚང་བར་སྦྱོང་འགོ་ཚུགས་ཤིང་། གློག་བརྙན་ཕབ་སྐྲུན་གྱི་ཚོད་ལྟའང་བྱས་པས། ཁོང་ནི་པེ་ཅིང་གློག་བརྙན་སློབ་གླིང་ནས་སྐྱེད་སྲིང་གནང་བའི་བོད་ཀྱི་འཁྲབ་ཁྲིད་པ་ཐོག་མར་གྱུར། དེ་ནས་འཁྲབ་གཞུང་རྩོམ་འབྲི་དང་། འཁྲབ་ཁྲིད་གཅིག་ལྕོགས་ཀྱི་འགོ་ཚུགས་ཏེ་གཏམ་རྒྱུད་གློག་བརྙན་ཐུང་གྲས་ཐོག་མ«ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ»ཕབ་སྐྲུན་བྱས། གློག་བརྙན་ཐུང་གྲས་འདི་ལ་སྐབས་བཞི་བའི་སློབ་ཆེན་སློབ་མའི་གློག་བརྙན་དུས་སྟོན་གྱི་འགྲན་སྡུར་ཚན་པའི་ཆེད་ལས་སྡེ་ཚན་གྱི་གཏམ་རྒྱུད་གློག་བརྙན་རིགས་ཀྱི་ཕུལ་བྱུང་བྱ་དགའ་དང་། པེ་ཅིང་གློག་བརྙན་སློབ་གླིང་གི་སྐབས་དང་བོའི་གསེར་ཡིག་རྟགས་མའི་གློག་བརྙན་གྱི་ཕུལ་བྱུང་བྱ་དགའ། སྐབས་དང་བོའི་པེ་ཅིང་རྒྱལ་སྤྱིའིDVགླེང་སྟེགས་ཀྱི་གཏམ་རྒྱུད་གློག་བརྙན་གྱི་བྱ་དགའ། ཡ་ཤེ་ཡ(亚西亚)རྒྱལ་སྤྱིའི་གློག་བརྙན་ཐུང་གྲས་དུས་སྟོན་གྱི་དཔྱད་ཞིབ་ཚོགས་པའི་བྱ་དགའ་བཅས་ཐོབ།
       ༢༠༠༣ལོར། ཀྲུང་གོའི་དེང་རབས་རྩོམ་རིག་ཞིབ་འཇུག་ཚོགས་པ་དང་། ཀྲུང་གོའི་དེང་རབས་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་ཞིབ་འཇུག་ཚོགས་པས་མཉམ་འབྲེལ་སྒོས་སྐབས་ལྔ་བའི་ཀྲུང་གོའི་དེང་རབས་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་གྱི་གསར་ཐོན་འཇོན་མིའི་བྱ་དགའ་ཐོབ། ༢༠༠༤ལོར། སྒྲུང་གཏམ«ཆོས་སྒྲོན་དང་མོའི་བུ་བློ་ལྡན»སྤེལ་ཅིང་། བརྩམས་ཆོས་འདི་ལ་སྐབས་བཞི་བའི་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ། ཟླ་༨པར། «མཇུག་མཐའི་སེར་སྲུང་བ»ཞེས་པ་འོས་འདེམ་གྲོས་འཆར་དུ་ཚུད་དེ། ༢༠༠༤ལོའི་གསར་ཐོན་འཁྲབ་ཁྲིད་པའི་འཆར་གཞིའི་གྲས་སུ་བདམས། དེ་ནས། Discoveryརྒྱབ་སྐྱོར་འོག་རིང་ཚད་སྐར་མ༣༠ཅན་གྱི་དངོས་བཤུས་གློག་བརྙན་འདི་ཕབ་སྐྲུན་ལེགས་འགྲུབ་བྱུང་། ཟླ་༡༡པར། རྩོམ་རིག་སྡེ་ཁག་གི་མཐར་ཕྱིན་བརྩམས་ཆོས་ཏེ། གཏམ་རྒྱུད་གློག་བརྙན་ཐུང་གྲས«རྩྭ་ཐང»འཁྲབ་ཁྲིད་ལེགས་འགྲུབ་བྱུང་། གློག་བརྙན་འདི་ལ་སྐབས་གསུམ་པའི་པེ་ཅིང་གློག་བརྙན་སློབ་གླིང་གི་རྒྱལ་སྤྱིའི་སློབ་མའི་གློག་བརྙན་འགྲེམ་སྟོན་ལས་གློག་བརྙན་ཐུང་གྲས་ཀྱི་ཆེས་མཐོའི་བྱ་དགའ་ཐོབ། ༢༠༠༥ལོར། སྒྲུང་གཏམ«སྙན་ངག་པ་དུར་ཁྲོད་རྗེས་སུ་དྲན་པ»སྤེལ། བརྩམས་ཆོས་འདི་ལ་སྐབས་གཉིས་པའི་མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་རྩོམ་རིག་བྱ་དགའ་ལས་རྩོམ་རིག་གི་སྐར་ཆེན་ཞེས་པའི་བྱ་དགའ་ཐོབ། ཟླ༡༡པར། ཆེས་ཐོག་མའི་གཏམ་རྒྱུད་གློག་བརྙན་རིང་གྲས«ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ»ཧྥ་རན་སིའི་ནན་ཐེ་གླིང་ཆེན་གསུམ(南特三大洲)གྱི་གློག་བརྙན་དུས་སྟོན་སྟེང་ཐོག་མའི་གཟིགས་འབུལ་བྱས། གློག་བརྙན་འདི་ལ་སྐབས༢༤བའི་ཝུན་ཀེ་ཧྭའི(温哥华)རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་སྟག་འབྲུག(龙虎)ཅེས་པའི་དམིགས་བསལ་འོས་མིང་གི་བྱ་དགའ་དང་། སྐབས༡༠བའི་ཧྥུའུ་ཧྲན(釜山)རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་རླབས་རྒྱུན་གསར་བའི་དམིགས་བསལ་བྱ་དགའ། སྐབས༣༠བའི་ཞང་ཀང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་རྒྱལ་སྤྱིའི་གློག་བརྙན་དཔྱད་གླེང་བའི་མནའ་འབྲེལ་བྱ་དགའ། སྐབས༣༠བའི་ཞང་ཀང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གནམ་བདག་ཆོས་ལུགས་ཀྱི་རིག་གནས་བྱ་དགའ་ལས་དམིགས་བསལ་གཟེངས་རྟགས། སྐབས༡༣པའི་པེ་ཅིང་གི་སློབ་ཆེན་སློབ་མའི་ཆེས་མཐོའི་བརྩམས་ཆོས་ཐོག་མའི་བྱ་དགའ། སྐབས༢༥བའི་ཀྲུང་གོའི་གློག་བརྙན་གསེར་བྱ་རྟགས་མའི་འཁྲབ་ཁྲིད་པའི་ཆེས་མཐོའི་བརྩམས་ཆོས་ཐོག་མའི་བྱ་དགའ། སྐབས༩བའི་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་ཡ་གླིང་གི་གསར་ཐོན་མི་སྣ་དང་། ཁྱད་འཕགས་འཁྲབ་ཁྲིད་པའི་བྱ་དགའ། སྐབས༨པའི་ཁྲང་ཁྲོན(长春)གློག་བརྙན་དུས་སྟོན་གྱི་དཔྱད་འདེམས་ཚོགས་པའི་དམིགས་བསལ་བྱ་དགའ། སྐབས་དང་བོའི་ཀྲུང་གོའི་གློག་བརྙན་འཕྲིན་སློབ་གླིང་བྱ་དགའི་མཐོང་ཚོར་སྒྱུ་རྩལ་གྱི་ལོ་འཁོར་བྱ་དགའ་སོགས་ཐོབ།
       ༢༠༠༦ལོར། བོད་ཀྱི་སྙན་ངག་པ་དབང་ཕྱུག་ཚེ་བརྟན་དང་མཉམ་འབྲེལ་གྱིས་བརྩམས་པའི་རྣམ་ཐར་རིང་གྲས«སློབ་དཔོན་བོད་ཡུལ་ན་བཞུགས»ཞེས་པ་པར་དུ་བསྐྲུན། ཀྲུང་དབྱང་མི་རིགས་སློབ་ཆེན་ནས་གློག་བརྙན«ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ»ཕབ་སྐྲུན་ལེགས་འགྲུབ་ཀྱི་མཛད་སྒོ་དང་བགྲོ་གླེང་སྤེལ། ༢༠༠༧ལོར། «ཀ་ཐོག་ཆོས་ཚོགས་ཆེན་མོ»དང་། ཀྲུང་གོའི་དགོན་ཆེན་དང་སྐྱེས་ཆེན་དམ་པ་ཞེས་པའི་མུ་འབྲེལ་དངོས་བཤུས་གློག་བརྙན་ལས«བསམ་ཡས་དགོན་པ»ཞེས་པ་གཉིས་ཕབ་སྐྲུན་ལེགས་འགྲུབ་བྱུང་། ཟླ༥བའི་ཚེས༢༢ཉིན། ལྷོ་ནུབ་མི་རིགས་སློབ་ཆེན་ནས་གློག་བརྙན«ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ»གྱི་ཕབ་སྐྲུན་བརྒྱུད་རིམ་དང་འབྲེལ་ཏེ། བོད་བརྙན་སྐོར་གྱི་འཆད་ཁྲིད་གནང་། ཟླ༡༡པའི་ཚེས༡༦ནས༡༨ཉིན་རིང་། པདྨ་ཚེ་བརྟན་དང་སྨན་བླ་སྐྱབས་སོགས་གློག་བརྙན«འཚོལ»གྱི་ཕབ་སྐྲུན་ཚོགས་པས་ཀན་ལྷོ་འཕྲོད་བསྟེན་སློབ་གྲྭ་དང་། གཙོས་མི་རིགས་དགེ་ཐོན་ཆེད་གཉེར་སློབ་གྲྭ། ཀན་ལྷོ་དགེ་ཐོན་སློབ་གྲྭ་བཅས་ནས་དགེ་སློབ་དག་ལ་གློག་བརྙན་ཐུང་གྲས«རྩྭ་ཐང»བསྟན་པ་དང་། དེ་འབྲེལ་གྱི་འཆད་ཁྲིད་གནང་། ༢༠༠༨ལོའི་ཟླ༧པར། «༡༩༨༣ལོར་རྐང་སྣམ་དུང་ཆེན་ཁ་ལྷབ་ལྷུབ་ཏུ་གཡོ་བ»ཞེས་པའི་རྒྱ་སྐད་ཀྱི་གློག་བརྙན་ཕབ་སྐྲུན་ལེགས་འགྲུབ་བྱུང་། ༢༠༠༩ལོའི་ཟླ༥བར། ཆེས་ཐོག་མའི་བསྒྱུར་རྩོམ་དེབ«མི་རོ་རྩེ་སྒྲུང»མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། ཟླ༦པར། འཁྲབ་ཁྲིད་སྡེ་ཁག་གི་མཐར་ཕྱིན་བརྩམས་ཆོས«འཚོལ»ཞེས་པ་ཕབ་སྐྲུན་ལེགས་འགྲུབ་བྱུང་སྟེ། པེ་ཅིང་གློག་བརྙན་སློབ་གླིང་གི་སྒྱུ་རྩལ་རབ་འབྱམས་པའི་བསླབ་གནས་ཐོབ་ཅིང་། གློག་བརྙན་འདི་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་ཐོག་མའི་གཟུགས་འབུལ་བྱས་ལ། སྐབས༡༢པའི་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གསེར་གྱི་མཚན་གནས་ཅན་གྱི་བྱ་དགའ་ལས་དཔྱད་འདེམས་ཚོགས་པའི་ཆེས་མཐོའི་བྱ་དགའ་དང་། སྐབས༧པའི་མཱན་ཀུའུ(曼谷)རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ལས་ཅིན་ཅི་ནཱ་ལིས་དཔྱད་འདེམས་ཚོགས་པའི་ཆེས་མཐོའི་བྱ་དགའ་སོགས་ཐོབ། ཟླ༡༠བར་བོད་ཡིག་གི་སྒྲུང་གཏམ་ཕྱོགས་བསྒྲིགས་ཐོག་མ«བསླུ་བྲིད»ཅེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
       ༢༠༡༠ལོའི་ཟླ༢པར། ཀྲུང་གོའི་དགོན་ཆེན་དང་སྐྱེས་ཆེན་དམ་པ་ཞེས་པའི་མུ་འབྲེལ་དངོས་བཤུས་གློག་བརྙན་ལས«ལོ་ངོ་སྟོང་གི་བྱང་ཆུབ་ལམ»ཞེས་པའི་ཚན་པ་སྟེ། «ཀྲུང་གོའི་དགོན་ཆེན་དང་སྐྱེས་ཆེན་དམ་པ་ཞེས་པ་ལས་རི་བོ་རྩེ་ལྔའི་སྤྱན་རས་གཟིགས་ཀྱི་སྒྲུབ་ཕུག»ཅེས་པའི་ཕབ་སྐྲུན་དུ་ཞུགས་ཏེ་ལེགས་འགྲུབ་བྱུང་། ༢༠༡༡ལོའི་ཟླ་༣པར། གཏམ་རྒྱུད་གློག་བརྙན་རིང་གྲས«ཁྱི་རྒན»ཞེས་པ་ཞང་ཀང་གློག་བརྙན་དུས་སྟོན་དུ་ཐོག་མར་གཟིགས་འབུལ་བྱས། གློག་བརྙན་འདི་ལ་སྐབས་༡༢པའི་ཐོ་ཁེའོ(东京)FILMeXརྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གློག་བརྙན་རྩེ་གྲའི་བྱ་དགའ་དང་། སྐབས༣༥བའི་ཞང་ཀང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་ཡ་གླིང་ཨང་ཀིའི་འགྲན་སྡུར(数码竞赛)སྡེ་ཚན་གྱི་བྱ་དགའ། སྐབས༡༥བའི་པུའུ་ལུའུ་ཁི་ལིན(布鲁克林)རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གློག་བརྙན་རྩེ་གྲའི་བྱ་དགའ། སྐབས༥བའི་ཧྲུའུ་ཨར་ཨང་ཀིའི་གློག་བརྙན་དུས་སྟོན་གྱི་དམར་ལྗང་དཀར་གསུམ་གྱི་མདོག་འགྱུར་ད་བྱའི(红、绿、白变色龙)གློག་བརྙན་རྩེ་གྲའི་བྱ་དགའ། སྐབས་༨པའི་ཀྲུང་གོའི་ཁེར་ཚུགས་བརྙན་པར་ལོ་འཁོར་འགྲེམ་སྟོན་གྱི་དཔྱད་འདེམས་ཚོགས་པའི་བྱ་དགའ། སྐབས༥བའི་ཁྲོན་ཆིན་དམངས་ཁྲོད(重庆民间)གློག་བརྙན་འགྲེམ་སྟོན་ལས་ཡ་གླིང་གློག་བརྙན་དཔྱད་འདེམས་པའི་མནའ་འབྲེལ་བྱ་དགའ་དང་གློག་བརྙན་རིང་གྲས་རྩེ་གྲ་ཅན་གྱི་བྱ་དགའ་སོགས་ཐོབ། ཟླ༦པར། ཆེས་ཐོག་མའི་རྒྱ་ཡིག་གི་སྒྲུང་གཏམ་ཕྱོགས་བསྒྲིགས«ཡུལ་གྱར་རྡུང་ལེན་པ་ཞིག་གི་རྨི་ལམ»ཞེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
       ༢༠༡༢ལོར། ཟླ༣པར། སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་ཕྱོགས་བསྒྲིགས«མི་ཚེའི་གླུ་དབྱངས»ཞེས་པ་རྒྱ་ཡིག་ཏུ་བསྒྱུར་ཏེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཟླ༦པར། བོད་ཡིག་གི་སྒྲུང་གཏམ་ཕྱོགས་བསྒྲིགས«གྲོང་ཁྱེར་གྱི་འཚོ་བ»ཞེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། ༢༠༡༣ལོར། ཟླ༡པར། ཧྥ་ཡིག་གི་སྒྲུང་གཏམ་ཕྱོགས་བསྒྲིགས«གངས»ཞེས་པ་པར་དུ་བསྐྲུན། ཟླ༡༢པར། ཉི་ཧོང་སྐད་ཀྱི་སྒྲུང་གཏམ་ཕྱོགས་བསྒྲིགས«འཚོལ»པར་དུ་བསྐྲུན། ༢༠༡༤ལོར། ཟླ༡པར། བསྒྱུར་དེབ«མི་རོ་རྩེ་སྒྲུང»བསྐྱར་དཔར་བྱས། ཟླ༣པར། རྒྱ་ཡིག་གི་སྒྲུང་གཏམ་ཕྱོགས་བསྒྲིགས«ལྷིང་འཇགས་ངང་མ་ཎི་རྡོ་འབུམ་བརྐོས་པ»ཞེས་པ་པར་དུ་བསྐྲུན། ཟླ་༦པར། གཏམ་རྒྱུད་གློག་བརྙན«གཡང་མདའ»ཞེས་པ་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་གཟིགས་འབུལ་གནང་། གློག་བརྙན་འདི་སྐབས་བརྒྱད་པའིFIRSTན་གཞོན་གློག་བརྙན་འགྲེམ་སྟོན་གྱི་དབུ་འབྱེད་མཛད་སྒོར་བསྟན་བྱའི་གློག་བརྙན་དུ་བདམས་ཤིང་། སྐབས་༡༧པའི་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གསེར་གྱི་མཚན་གནས(金爵)རྟགས་མའི་བརྙན་ལེན་རྩེ་གྲའི་བྱ་དགའ་དང་། སྐབས་༦པའི་ཀྲུང་གོའི་གློག་བརྙན་འཁྲབ་ཁྲིད་པའི་ལྷན་ཚོགས་ཀྱི་ལོ་འཁོར་འཁྲབ་གཞུང་གི་བྱ་དགའི་འོས་མིང་། སྐབས་༥བའི་པེ་ཅིང་མི་རིགས་གློག་བརྙན་འགྲེམ་སྟོན་གྱི་ཁྱད་འཕགས་མཛད་རྗེས་ཅན་གྱི་གསེར་གྱི་སྒྲོན་ཤིང་ལོ་མའི(金杉叶)བྱ་དགའ། སྐབས༣༢པའི་སྨི་ལན(米兰)རྒྱལ་སྤྱིའི་ལུས་རྩལ་གློག་བརྙན་འཕྲིན་དུས་སྟོན་སྟེང་གླིང་ཡོངས་ཀྱི་རྟིང་རྩོད་འགྲན་སྡུར་ལས་གཏམ་རྒྱུད་གློག་བརྙན་རྩེ་གྲ་གསེར་གྱི་མེ་ཏོག་གི་འཁོར་ལོ་དང་། འཇའ་འོད་རིང་མོ། ན་གཞོན་དཔྱད་འདེམས་པའི་བྱ་དགའ་རྩེ་གྲ་བཅས་ཐོབ། ཟླ༡༠བའི་ཚེས༢༠ཉིན་ནུབ་བྱང་དགེ་འོས་སློབ་ཆེན་ནས་གློག་བརྙན་གྱི་འཁྲབ་གཞུང་རྩོམ་འབྲི་དང་ཕབ་ལེན་ཐབས་རྩལ་སྐོར་ནས་འཆད་ཁྲིད་བགྲོ་གླེང་གནང་།
       ༢༠༡༥ལོར། ཚོན་མེད་གཏམ་རྒྱུད་གློག་བརྙན་རིང་གྲས་ཐོག་མ«ཐར་ལོ»ཝེ་ཉི་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་གཟིགས་འབུལ་བྱས། གློག་བརྙན་འདི་སྐབས༧༢པའི་ཝེ་ཉི་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ལས་ས་ངོས་སྙོམས་ཐིག(地平线)གི་འགྲན་སྡུར་ཞེས་པའི་སྡེ་ཚན་དུ་ཚུད་ཅིང་། སྐབས་༥༢པའི་གསེར་གྱི་རྟ་མཆོག་རྟགས་མའི་འཁྲབ་གཞུང་བཅོས་སྒྲིག་རྩེ་གྲའི་བྱ་དགའ། སྐབས༣༡པའི་གསེར་བྱ་རྟགས་མའི་མ་རྩ་ཆུང་འབྲིང་གི(中小成本)གཏམ་རྒྱུད་གློག་བརྙན་རྩེ་གྲ་ཅན། སྐབས་༡༢པའི་ཀྲུང་གོའི་ཁེར་ཚུགས་བརྙན་པར་འགྲེམ་སྟོན་གྱི་ལོ་འཁོར་གློག་བརྙན་རྩེ་གྲའི་བྱ་དགའ། སྐབས༡༧པའི་ཧྭ་སྐད(华语)གློག་བརྙན་སྨྱན་བྱེད་བྱ་དགའ་ཆེན་མོའི་འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ། སྐབས་༨པའི་ན་གཞོན་གློག་བརྙན་ལག་དེབ་གྱི་ལོ་འཁོར་འཁྲབ་ཁྲིད་པ་དང་ལོ་འཁོར་གློག་བརྙན་གྱི་བྱ་དགའ། སྐབས་༩བའི་ཡ་ཐའེ(亚太)གློག་བརྙན་ཆེས་མཐོའི་བྱ་དགའ་ལས་བརྙན་ལེན་གྱི་ཁྱད་འཕགས་བྱ་དགའ། སྐབས༥བའི་ཁུན་ཁ་ལན་ཧྭ(昆卡兰花)གློག་བརྙན་དུས་སྟོན་རྒྱལ་སྤྱིའི་འགྲན་སྡུར་སྡེ་ཚན་གྱི་གློག་བརྙན་རྩེ་གྲའི་བྱ་དགའ། སྐབས༡༦པའི་ཐོ་ཁེའོFILMeXརྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གློག་བརྙན་རྩེ་གྲའི་བྱ་དགའ་དང་། སློབ་མའི་དཔྱད་འདེམས་ཚོགས་པའི་བྱ་དགའ། སྐབས༢༢པའི་ཝེ་སུའུ་ཨེར(维苏尔)ཡ་གླིང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གསེར་གྱི་རྐང་གསུམ་འཁོར་ལོའི་གློག་བརྙན་རྩེ་གྲའི་བྱ་དགའ། སྐབས༢༢པའི་དབྱི་ཐ་ལིའིLessiniaརྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ། སྐབས་དང་བོའི་དབྱི་ཐ་ལི་དང་ཀྲུང་གོའི་གློག་བརྙན་དུས་སྟོན་གྱི་གཏམ་རྒྱུད་རྩེ་གྲ་ཅན་གྱི་བྱ་དགའ་སོགས་ཐོབ།
       ༢༠༢༦ལོར། ཟླ༥བར། རྒྱ་ཡིག་གི་སྒྲུང་གཏམ་ཕྱོགས་བསྒྲིགས«ཐར་ལོ»ཧྭ་ཁྲིན་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཟླ༦པར། སྐབས༡༩བའི་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་འགྲན་སྡུར་གཙོ་བོའི་སྡེ་ཚན་ལས་གསེར་གྱི་མཚན་གནས་བྱ་དགའི་རྒྱལ་སྤྱིའི་དཔྱད་འདེམས་ཚོགས་པའི་དཔྱད་འདེམས་པའི་འགན་འཁུར། ཟླ༧པར་བོད་ཡིག་གི་སྒྲུང་གཏམ་ཕྱོགས་བསྒྲིགས«གངས»ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཟླ༡༡པར། སྐབས་གསུམ་པའི་ལིན་ཅིན་ལན(林斤澜)སྒྲུང་ཐུང་བྱ་དགའ་ལས་ཕུལ་བྱུང་སྒྲུང་གཏམ་རྩོམ་པ་བོའི་བྱ་དགའ་ཐོབ། ཟླ༡༢པར་གློག་བརྙན«ཐར་ལོ»ཡོངས་ཁྱབ་གཟིགས་འབུལ་བྱས། ༢༠༡༧ལོར། ཟླ༦པར། ཚུགས་རྙིང(繁体)རྒྱ་ཡིག་གི་སྒྲུང་གཏམ་ཕྱོགས་བསྒྲིགས«ལྷིང་འཇགས་ངང་མ་ཎི་རྡོ་འབུམ་བརྐོས»པར་དུ་བསྐྲུན། ཟླ༩བར། དབྱིན་ཡིག་གི་པར་གཞིའི་སྒྲུང་གཏམ་དང་འཁྲབ་གཞུང་བཅོས་སྒྲིག«གངས»པར་དུ་བསྐྲུན།
       ༢༠༡༨ལོར། ཟླ༡པར། སྒྲུང་ཐུང«དབུགས་ལྒང» ༢༠༡༧ལོའི«གྲུབ་འབྲས»དུས་དེབ་ཀྱི་མིག་དཔེའི་ཨང་རིམ་ལས་སྒྲུང་ཐུང་གི་མིག་དཔེའི(ཆེད་མཁས་ཀྱི་མིག་དཔེ་ཅན།)ཨང་རིམ་དྲུག་པ་ཟིན། ཟླ༦པའི་ཚེས༡༤དང༡༥ཉིན་ལ། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་ནས་གློག་བརྙན«ཐར་ལོ»བསྟན་པ་དང་དེ་འབྲེལ་གྱི་འཆད་ཁྲིད་བགྲོ་གླེང་གནང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་སྐད་ཡིག་རིག་གནས་སློབ་གླིང་གི་དགེ་སློབ་དག་ལའང་བོད་སྐད་གློག་བརྙན་ཕབ་སྐྲུན་དང་རིག་གནས་ཀྱི་མཚོན་ཚུལ་སོགས་ཀྱི་སྐོར་ནས་འཆད་ཁྲིད་གནང་། ཟླ༧པར། རྒྱ་ཡིག་གི་སྒྲུང་ཐུང་ཕྱོགས་བསྒྲིགས«ལུག་གཅིག་ལྔ་ལམ་དུ་བརྫངས»ཞེས་པ་ཧྭ་ཁྲིན་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཟླ༩བར། གཏམ་རྒྱུད་གློག་བརྙན་རིང་གྲས«ལག་དམར»ཞེས་པ་ཝེ་ཉི་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་ཐོག་མའི་གཟིགས་འབུལ་བྱས། གློག་བརྙན་འདི་ལ་སྐབས༧༥བའི་ཝེ་ཉི་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་ས་ངོས་སྙོམས་ཐིག་སྡེ་ཚན་ལས་འཁྲབ་གཞུང་རྩེ་གྲའི་བྱ་དགའ་དང་། སྐབས༡༩བའི་ཐོ་ཁེའོFILMeXརྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་དཔྱད་ཞིབ་ཚོགསས་པའི་ཆེས་མཐོའི་བྱ་དགའ། སྐབས༢༥བའི་ཝེ་སུའུ་ཨེར་ཡ་གླིང་གློག་བརྙན་དུས་སྟོན་གྱི་གློག་བརྙན་རྩེ་གྲ་གསེར་གྱི་རྐང་གསུམ་འཁོར་ལོ་རྟགས་མ་དང་པ་ལིས་ཤར་ཕྱོགས་སྐད་བརྡའི་སློབ་གླིང་གི་བྱ་དགའ་ཐོབ། ཟླ་༩བར། དབྱིན་ཡིག་གི་སྒྲུང་གཏམ་ཕྱོགས་བསྒྲིགས«བསླུ་བྲིད»པར་དུ་བསྐྲུན། ཟླ༡༠བར། ལྷོ་ཁོ་རེ་ཡའི་ཡི་གེའི་སྒྲུང་གཏམ་ཕྱོགས་བསྒྲིགས«ལྷིང་འཇགས་ངང་མ་ཎི་རྡོ་འབུམ་བརྐོས»ཞེས་པ་པར་དུ་བསྐྲུན། ཟླ༡༢པར། «ལྷོ་ཕྱོགས་མི་སྣའི་གཟའ་རེའི་དུས་དེབ»ཀྱི༢༠༡༨ལོའི་ཡིད་དབང་འཕྲོག་པའི་མི་སྣ་ཞེས་པའི་མཚན་སྙན་ཐོབ།
       ༢༠༡༩ལོར། ཟླ༤བར། གློག་བརྙན«ལག་གདམར»ཡོངས་ཁྱབ་ཏུ་གཟིགས་འབུལ་བྱས། ཟླ༥བའི་ཚེས༢༧ཉིན་གྱི་དགོང་མོར་ཀན་སུའུ་ཞིང་ཆེན་གློག་བརྙན་ཚོགས་པའི་གདན་ཞུ་ལྟར་གློག་བརྙན«ལག་གདམར»ཞེས་པའི་སྐོར་ནས་འཆད་ཁྲིད་བགྲོ་གླེང་གནང་། ཚེས་༢༨ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༣པར་ནུབ་བྱང་དགེ་འོས་སློབ་ཆེན་ནས་འཆད་ཁྲིད་བགྲོ་གླེང་གནང་། ཟླ༦པར། རྒྱ་ཡིག་གི་སྒྲུང་གཏམ་ཕྱོགས་བསྒྲིགས«ཨོ་རྒྱན་གྱི་སོ»ཧྭ་ཁྲིན་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཟླ༦པར། ལུང་རིན་ཆེན་དང་མཉམ་འབྲེལ་གྱིས་བརྩམས་པའི་གློག་བརྙན་རྩོམ་རིག་འཁྲབ་གཞུང«གནམ་མཚོ»ཞེས་པ«ཀྲུང་གོའི་རྩོམ་པ་བོ»དུས་དེབ་འདོན་ཐེངས་དྲུག་པར་སྤེལ། བརྩམས་ཆོས་འདི་ལ་སྐབས་དང་བོའི་དཔའ་བོའི་བུ་རྒྱུད(英雄儿女)རྟགས་མའི་གློག་བརྙན་འཁྲབ་གཞུང་རྩོམ་བསྡུའི་བྱ་དགའ་ཨང་གཉིས་པ་དང་། སྐབས་དང་བོའི་ནས་འབྲུ་རྩོམ་རིག་བྱ་དགའི་གློག་བརྙན་འཁྲབ་གཞུང་གི་བྱ་དགའ་སོགས་ཐོབ། ཚེས༡༠ཉིན། སི་ཁྲོན་དགེ་འོས་སློབ་ཆེན་གྱི་གློག་བརྙན་འཕྲིན་དང་སྨྱན་བྱེད་སློབ་གླིང་ནས་པདྨ་ཚེ་བརྟན་གྱི་གློག་བརྙན་དང་སྒྲུང་གཏམ་གསར་རྩོམ་ཐད་ཀྱི་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་ཚོགས་པ་དང་ཁོང་ལ་སློབ་གླིང་དེའི་གདན་ཞུའི་དགེ་རྒན་ཆེན་མོའི་དཔང་ཡིག་གནང་། ཚེས༡༣ཉིན། ལྷོ་ནུབ་མི་རིགས་སློབ་ཆེན་ནས་འཆད་ཁྲིད་བྱས། ཟླ༨པར། སྒྲུང་གཏམ«དབུགས་ལྒང»ལ་སྐབས༧པའི་ཧྭ་ཁྲིན་རྩོམ་རིག་བྱ་དགའ་ལས་སྒྲུང་འབྲིང་དང་སྒྲུང་ཐུང་སྐོར་གྱི་བྱ་དགའ་ཐོབ། ཟླ་༨པར། གཏམ་རྒྱུད་གློག་བརྙན་རིང་གྲས«དབུགས་ལྒང»ཝེ་ཉི་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་ཐོག་མར་གཟིགས་འབུལ་བྱས། གློག་བརྙན་འདི་ལ་སྐབས༢༣པའི་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གློག་བརྙན་འཕྲིན་སྨྱན་བྱེད་ཆེས་མཐོའི་བྱ་དགའ་ལས་དོ་ཁུར་ཆེས་ཆེ་བའི་སྨྱན་བྱེད་འཁྲབ་ཁྲིད་པའི་བྱ་དགའ་དང་། དོ་ཁུར་ཆེས་ཆེ་བའི་སྨྱན་བྱེད་འཁྲབ་གཞུང་གི་བྱ་དགའ། སྐབས༥༥བའི་ཀྲི་ཅ་ཀོ(芝加哥)རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་ཆེས་མཐོའི་འཁྲབ་གཞུང་གི་བྱ་དགའ། སྐབས༢༢པའི་ཐོ་ཁེའོ་FILMeXརྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གློག་བརྙན་རྩེ་གྲ། སྐབས༥༠བའི་གོ་ཨཱ(果阿)རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་དཔྱད་ཞིབ་ཚོགས་པའི་བྱ་དགའ་ཆེན་མོ་དང་དངུལ་གྱི་རྨ་བྱ་རྟགས་མའི་བྱ་དགའ། སྐབས༢པའི་ཧེ་ནན(海南)གླིང་ཕྲན་གྱི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ལས་གསེར་གྱི་བེ་ཏའི(金椰)བྱ་དགའ་ཞེས་པ་ལས་གློག་བརྙན་རྩེ་གྲ་དང་བུད་མེད་འཁྲབ་སྟོན་པ་རྩེ་གྲའི་བྱ་དགའ། སྐབས༡༢པའི་ན་གཞོན་གློག་བརྙན་ལག་དེབ་ཅེས་པའི་ལོ་འཁོར་འཁྲབ་ཁྲིད་པའི་བྱ་དགའ། སྐབས༡༢པའི་ཧོ་ལན་གྱི་ཡ་གླིང་གློག་བརྙན་དུས་སྟོན་གྱི་དཔྱད་ཞིབ་ཚོགས་པའི་གློག་བརྙན་རྩེ་གྲ། སྐབས༡༣པའི་ལིས་སི་པིན་དང་ཨེ་སི་ཐའོ་ལིས་ཨར(里斯本和埃斯托利尔)རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གློག་བརྙན་རྩེ་གྲའི་བྱ་དགའ་སོགས་ཐོབ། ཟླ༡༠བར། སྐབས༢༤བའི་ཧྥུའུ་ཧྲན(釜山)རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་ཡ་གླིང་གི་སྐར་ཆེན་ཏེ་ཕུལ་བྱུང་མཐོང་རྒྱ་ཅན་གྱི་འཁྲབ་ཁྲིད་པའི་བྱ་དགའ་ཐོབ། ཟླ༡༢པར། FIRSTན་གཞོན་གློག་བརྙན་འགྲེམ་སྟོན་ལས་སྦྱོང་བརྡར་སྒར་ཁའི་གློག་བརྙན་ཐུང་གྲས«འཚོ་བ་ཇི་བཞིན»ཞེས་པའི་འཁྲབ་གཞུང་རྩོམ་འབྲི་དང་རྩོམ་རིག་བློ་འདྲིའི་འགན་འཁུར།
       ༢༠༢༠ལོར། ཟླ༥བར། རྒྱ་ཡིག་གི་སྒྲུང་གཏམ་ཕྱོགས་བསྒྲིགས«དབུགས་ལྒང»པར་དུ་བསྐྲུན། ཟླ༩བར། སྒྲུང་ཐུང«ཨོ་རྒྱན་གྱི་སོ»ལ༢༠༢༠ལོའི་ལྷོ་རྒྱུད་རྩོམ་རིག་དུས་སྟོན་ལས་ཧྭ་སྐད་རྩོམ་རིག་སྨྱན་བྱེད་ཀྱི་ཆེས་མཐོའི་བྱ་དགའ་ལས་ལོ་འཁོར་སྒྲུང་གཏམ་རྩོམ་པ་བོའི་བྱ་དགའ་ཐོབ། ཟླ༡༠བའི་ཚེས༣༡ཉིན་གྱི་ཕྱི་དྲོ་ཆུ་ཚོད༡༤ནས༡༧བར་པེ་ཅིང་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་སློབ་མ་རྣམས་ལ་འཁྲབ་ཁྲིད་པའི་སྦྱང་བྱ་ཞེས་པའི་སློབ་ཁྲིད་སྐབས་དང་བོ་ཚོགས། ཟླ༡༡པར། པེ་ཅིང་གློག་བརྙན་སློབ་གླིང་གི་སྒྱུ་རྩལ་སློབ་གླིང་ནས་པདྨ་ཚེ་བརྟན་གྱི་གློག་བརྙན་ལས་སྒྲུབ་ཁང་གི་མཛུབ་སྟོན་དགེ་རྒན་གྱི་འགན་ཁུར། ཟླ༡༡པར། གློག་བརྙན«དབུགས་ལྒང»ཉི་ཧོང་ནས་ཡོངས་ཁྱབ་གཟིགས་འབུལ་བྱས། ཟླ༡༢པར། ཉི་ཧོང་སྐད་ཀྱི་པར་གཞིའི་སྒྲུང་གཏམ་ཕྱོགས་བསྒྲིགས«དབུགས་ལྒང»པར་དུ་བསྐྲུན།
       ༢༠༢༡ལོར། ཟླ༡པར། གློག་བརྙན་འཕྲིན་སྟོན་ཞོར་དུ་བཏོན་པའི་དེབ«དབུགས་ལྒང་། གློག་བརྙན་རྗེས་དྲན་པར་གཞི»པར་དུ་བསྐྲུན། ཟླ༤བར། ༢༠༢༠ལོའི་དར་སྲོལ་ཆེ་བའི་རིག་གནས་དུས་སྟོན་གྱི་ལོ་འཁོར་གློག་བརྙན་མི་སྣའི་མཚན་སྙན་ཐོབ། ཟླ་༦པའི་ཚེས་༢༥ཉིན། པེ་ཅིང་སློབ་ཆེན་སྒྱུ་རྩལ་སློབ་གླིང་གློག་བརྙན་ལས་སྒྲུང་ཁང་ནས་གློག་བརྙན་ཕབ་སྐྲུན་སྐོར་གྱི་སློབ་ཁྲིད་མཇུག་རྫོགས། ཟླ་༡༢པར། ཀྲུང་གོའི་མཛེས་རྩལ་སློབ་གླིང་དུ་ལས་ཞུགས་བྱས་ཤིང་། གློག་བརྙན་འཕྲིན་དང་འགུལ་རིས་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་དུ་བསྐོས། ༢༠༢༢ལོར། ཟླ༣པར། རྒྱ་ཡིག་གི་སྒྲུང་གཏམ་ཕྱོགས་བསྒྲིགས«ཕྱེད་ཙམ་ལས་མ་གླེང་བའི་གཏམ་རྒྱུད»ཅེས་པ་ཧྭ་ཁྲིན་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཟླ་༨པར་ཧྥ་ཡིག་གི་སྒྲུང་གཏམ་ཕྱོགས་བསྒྲིགས«ལུག་གཅིག་ལྔ་ལམ་དུ་བརྫངས»པར་དུ་བསྐྲུན། ཟླ་༨པར། སྐབས་དྲུག་པའི་ཕིན་ཡའོ(平遥)རྒྱལ་སྤྱིའི་གློག་བརྙན་འགྲེམ་སྟོན་ལས་གནས་སྤོའི(迁徙)འཆར་གཞི་སྟེ་རྩོམ་རིག་ནས་གློག་བརྙན་ཞེས་པའི་འོས་སྦྱོར་ཨུ་ཡོན་ཚོགས་པའི་ཨུ་ཡོན་གྱི་འགན་ཁུར། ཟླ༡༡པར། སྐབས་དགུ་བའི་དར་གོས་ཚོང་ལམ་གྱི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གསེར་གྱི་དར་གོས་འགྲུལ་ལམ་བྱ་དགའི་དཔྱད་འདེམས་པའི་འགན་ཁུར། ཟླ༡༢པའི་ཚེས༡༣ཉིན་གྱི་ཕྱི་དྲོ་ཆུ་ཚོད༡:༣༠ནས་ཆུ་ཚོད༡༨བར་ཀྲུང་གོའི་མཛེས་རྩལ་སློབ་གླིང་གློག་བརྙན་སློབ་གླིང་ནས་པདྨ་ཚེ་བརྟན་གྱི་སྒྱུ་རྩལ་གསར་རྩོམ་བགྲོ་གླེང་ཚོགས་འདུ་ཚོགས།
       ༢༠༢༣ལོར། ཟླ༡པར། སྐབས་དགུ་བའི་དར་གོས་ཚོང་ལམ་གྱི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་མཁས་པ་ཆེན་མོའི་འཛིན་གྲྭའི་དམིགས་གསལ་ལས་འཆར་དུ་ཞུགས། ཟླ༣པར། འཁྲབ་ཁྲིད་དང་འཁྲབ་གཞུང་རྩོམ་འབྲི། ཕབ་སྐྲུན་པའི་འགན་ཁུར་བའི་གློག་བརྙན་རིང་གྲས«སིང་སྤང་བཀྲ»ལེགས་པར་གྲུབ། ཟླ་༤བར། སྐབསས༡༣པའི་པེ་ཅིང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་མ་འོངས་པར་དོ་སྣང་བྱེད་ཅེས་པའི་སྡེ་ཚན་གྱི་རྒྱལ་སྤྱིའི་དཔྱད་ཞིབ་ཚོགས་པའི་ཀྲུའུ་ཞིའི་འགན་ཁུར། ཟླ་༤བར། སྐབས་དྲུག་པའི་རེ་བའི་རྒྱལ་ཁམས་ཀྱི་རྩོམ་རིག་བྱ་དགའི་དཔྱད་ཞིབ་ཚོགས་པའི་དཔྱད་ཞིབ་པའི་འགན་ཁུར། ཟླ༥བའི་ཚེས༨ཉིན། ནད་གཞིའི་དབང་གིས་ཚེ་ལས་འདས། ཟླ༩བར། འཁྲབ་ཁྲིད་དང་འཁྲབ་གཞུང་རྩོམ་འབྲི། ཕབ་སྐྲུན་པའི་འགན་ཁུར་བའི་གློག་བརྙན«གསའ»ཞེས་པ་ཝེ་ཉི་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་ཐོག་མར་གཟིགས་འབུལ་བྱས། དེ་ལ་སྐབས་༣༦པའི་ཐོ་ཁེའོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གློག་བརྙན་རྩེ་གྲའི་བྱ་དགའ་དང་། སྐབསས་༥བའི་ཧེ་ནན་གླིང་ཕྲན་གྱི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ལས་གསེར་གྱི་བེ་ཏའི་བྱ་དགའི་འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ། སྐབས་༣༠བའི་ཝེ་སུའུ་ཨར་ཡ་གླིང་གློག་བརྙན་དུས་སྟོན་གྱི་གློག་བརྙན་རྩེ་གྲའི་གསེར་གྱི་རྐང་གསུམ་འཁོར་ལོ་རྟགས་མ་དང་དཔྱད་འདེམས་པའི་དམིགས་བསལ་གཟེངས་བསྟོད་བྱ་དགའ། སྐབས༡༧པའི་ཡ་གླིང་གི་ཆེས་མཐོའི་གློག་བརྙན་བྱ་དགའ་ལས་འཁྲབ་གཞུང་རྩེ་གྲའི་བྱ་དགའ་སོགས་ཐོབ།
       ༢༠༢༤ལོར། ཟླ༣པར། གློག་བརྙན«གསའ»ལ་སྐབས༡༧པའི་ཡ་གླིང་གློག་བརྙན་དུས་སྟོན་གྱི་འཁྲབ་གཞུང་རྩེ་གྲ་དང་བརྙན་ལེན་རྩེ་གྲའི་བྱ་དགའ་ཐོབ། ཟླ༤བར། གློག་བརྙན«གསའ»ཡོངས་ཁྱབ་གཟིགས་འབུལ་བྱས། ཟླ༥བར། སྒྲུང་གཏམ་ཕྱོགསས་བསྒྲིགས«གསོམ་ཤིང་གི་བསུང་ངད»དང་བསྒྱུར་རྩོམ་ཕྱོགས་བསྒྲིགས«མི་རོ་རྩེ་སྒྲུང་། མི་རབས་ནས་མི་རབས་བརྒྱུད་པའི་བོད་ཡུལ་གྱི་དམངས་ཁྲོད་གཏམ་རྒྱུད»གཉིས་པར་དུ་བསྐྲུན། ཟླ༩བར། གློག་བརྙན«གསའ»ལ་སྐབས༡༩བའི་ཁྲང་ཁྲོན(长春)གློག་བརྙན་དུས་སྟོན་ལས་གསེར་གྱི་ཡུ་མོ་རྟགས་མའི་རོལ་མོ་རྩེ་གྲའི་བྱ་དགའ་ཐོབ། ༢༠༢༥ལོར། ཟླ༤བར། གློག་བརྙན«གསའ»ལ་སྐབས༢༠བའི་ཀྲུང་གོའི་གློག་བརྙན་ཧྭ་པིའོ(华表)བྱ་དགའི་གྲངས་ཉུང་མི་རིགས་བརྗོད་གཞིར་བྱས་པའི་ཕུལ་བྱུང་གློག་བརྙན་གྱི་བྱ་དགའ་དང་། ཟླ༦པར། ཀྲུང་གོའི་གློག་བརྙན་འཁྲབ་ཁྲིད་པ་ལྷན་ཚོགས་ཀྱི༢༠༢༤ལོའི་ལོ་འཁོར་མཚན་སྙན་གཟེངས་བསྟོད་ལས་ལོ་འཁོར་འཁྲབ་ཁྲིད་པའི་བྱ་དགའི་འོས་མིང་དུ་ཚུད་དོ། །

① རྒན་པདྨ་ཚེ་བརྟན་ལ་བོད་ཀྱི་འཁྲབ་ཁྲིད་པ་ཐོག་མའི་མཚན་སྙན་སྩོལ་མཁན་ནི་ཁོ་རང་སློབ་ཞུགས་སྐབས་འཛིན་བདག་དགེ་རྒན་སུའུ་མུའུ་ཡིན་ཞིང་། དེའི་སྐོར་དགེ་རྒན་སུའུ་མུའུས་བྲིས་པའི་པདྨ་ཚེ་བརྟན་རྗེས་དྲན་ཞེས་པར་གསལ།

རྩོམ་པ་བོ་ངོ་སྤྲོད། ཚེ་རིང་བཀྲ་ཤིས། ཕ་ཡུལ་ཀན་སུའུ་གཙོས་ཡིན། ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི«ཀན་ལྷོའི་མི་རིགས་རིག་གནས་ཞིབ་འཇུག(བོད་ཡིག་)»རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་ཡིན། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་བོད་སྐད་ཡིག་རྩོམ་རིག་དང་རྩོམ་སྒྲིག་རིག་པ་ཡིན།


རྩོམ་ཁུངས«ཀན་ལྷོའི་མི་རིགས་རིག་གནས་ཞིབ་འཇུག» 2025ལོའི་དེབ་གསུམ་པ་ལས་དྲངས།
འབྲེལ་ཡོད་འོས་སྦྱོར།