སྟག་འབུམ་རྒྱལ་གྱི་ཁྱིའི་སྒྲུང་གཏམ་གསར་རྩོམ་སྐོར་གྱི་སྣང་ཚུལ་ཞིབ་འཇུག
རྩོམ་པ་པོ།:དཔལ་ལྡན་རྒྱ་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-10-13
ཀློག་གྲངས།:
ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་བོད་ཀྱི་རྩོམ་པ་བོ་གྲགས་ཅན་སྟག་འབུམ་རྒྱལ་གྱིས་བྲིས་པའི་ཁྱིའི་སྐོར་གྱི་སྒྲུང་གཏམ་གསར་རྩོམ་གྱི་སྣང་ཚུལ་ལ་དབྱེ་ཞིབ་དང་། ཁོང་གི་སྒྲུང་གཏམ་ལ་ཞིབ་འཇུག་བྱས་པའི་གནས་ཚུལ་ལ་རྩིས་ལེན་བགྱིས་ཤིང་། དེ་དག་ལས་ཁྱིའི་སྐོར་གྱི་སྒྲུང་གཏམ་ལ་ཞིབ་འཇུག་བགྱིས་པའི་གནས་བབ་ལ་བརྟག་ཅིང་དཔྱད་དེ། མི་གཤིས་དང་ཁྱི་གཤིས་ལྷན་དུ་བསྡུར་ནས་བྲིས་པའི་དགེ་མཚན་དང་། མི་དང་ཁྱིའི་ལས་དབང་གི་བཀོད་འབྲི་བརྒྱུད། ཚེ་སྲོག་འདྲ་མཉམ་གྱི་ལྟ་བ་མཚན་ཉིད་རིག་པའི་བསམ་བློའི་དགོངས་དོན་དང་བསྲེས་ནས་བསྟན་པའི་ཚུལ་ཞིབ་ཏུ་གླེང་ཡོད། དེ་བཞིན་ཁྱིའི་སྐོར་གྱི་སྒྲུང་གཏམ་གསར་རྩོམ་གྱི་རིག་གནས་རིན་ཐང་ཡང་ཞར་ལ་གླེང་ཡོད་དོ། །
གནད་ཚིག ཁྱིའི་སྒྲུང་གཏམ། གསར་རྩོམ། སྣང་ཚུལ།
སྟག་འབུམ་རྒྱལ་གྱིས་གསར་རྩོམ་བྱས་ནས་དུས་ཡུན་གང་འཚམ་ཞིག་ཕྱིན་ཅིང་། དུས་ཡུན་དེ་ཙམ་གྱི་རིང་ལ་བརྗོད་བྱ་ཁྱི་དང་འབྲེལ་བའི་སྒྲུང་གཏམ་གང་འཚམ་ཞིག་བྲིས་ཏེ། ཀློག་པ་བོ་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད་པར་མ་ཟད། ཁྱི་དང་འབྲེལ་བའི་འབྲོག་པའི་རིག་གནས་ཀྱི་སྣང་ཚུལ་མང་བོ་ཞིག་གསར་རྩོམ་ཁྲོད་ཀློག་མཁན་ཡོངས་ལ་ངོ་སྤྲོད་མཛད་ཡོད། སྤྱིའི་ཆ་ནས་བལྟས་ན། དེ་ནི་ཡུལ་ཁམས་རིག་གནས་ཀྱི་སྣང་ཚུལ་ཞིག་ཏུ་མངོན་ལ། རྩོམ་པ་བོ་རང་ངོས་ནས་བསམ་ན། དེ་ནི་མི་བུ་སྒེར་གྱི་འཚོ་བའི་གོམས་གཤིས་སུ་ཆགས་པའི་རིག་གནས་ཀྱི་བག་ཆགས་ཤིག་ཏུ་འདོད། རྣམ་ཀུན་རྩོམ་མཁན་གང་དེའི་བསམ་བློའི་རྟོགས་སད་ཉིད་དུས་རབས་ཀྱི་འཕེལ་འགྱུར་དང་སྤྱི་ཚོགས་ཀྱི་དར་རྒུད་ལ་འབྲེལ་ནས་ཡོད་མོད། གསར་རྩོམ་གྱི་རྟོག་འཆར་ནི་མི་རིགས་གང་དེའི་རིག་གནས་འབྲེལ་འདྲིས་དང་ཐོན་སྐྱེད་བྱེད་སྟངས་ལ་འབྲེལ་ནས་ཡོད་པས། རྩོམ་རིག་གི་འབྱུང་ཁུངས་འཚོ་བའི་གཏིང་ལས་འབྱུང་དགོས་པའི་གནད་དེ་ལ་ཐུག་ཅིང་། རྩོམ་རིག་གི་མཐར་ཐུག་ཚེ་སྲོག་གི་གཅེས་འཛིན་ལ་བཅོལ་དགོས་པའི་རྐྱེན་དེ་ལ་རག་ལས་སྙམ། དེ་ལྟར། རྩོམ་པ་བོ་སྟག་འབུམ་རྒྱལ་ལ་མཚོན་ན། འབྲོག་པའི་རིག་གནས་ཀྱི་བག་ཆགས་དང་དེས་བསྐྱེད་པའི་ཁོར་ཡུག་གི་ཉམས་ཞིབ་ཟབ་མོ་ཡོད། དེ་བས། མི་དང་ཁྱིའི་ལས་དབང་གཅིག་ལ་གཅིག་རྟེན་དུ་སྦྲེལ་ནས་འབྲི་དགོས་པའི་འགན་འཁྲི་རང་ལེན་བྱ་ཐུབ་པ་དང་། མི་གཤིས་དང་ཁྱི་གཤིས་ཤིན་ཏུ་ཉེ་བའི་རང་བཞིན་ལ་བསྙལ་ཏེ། ཕན་ཚུན་འདྲ་མཚུངས་ཀྱི་ཚུལ་གསར་རྩོམ་གྱི་སྲོག་ཤིང་དུ་བསླངས་པ་ལ། རིག་གནས་ཀྱི་རིན་ཐང་ཆེན་པོ་ལྡན་པར་འདོད་པར་མ་ཟད། མཛེས་དཔྱོད་ཀྱི་བར་སྟོང་ཤིན་ཏུ་ཡངས་པོ་ཞིག་ཡོད་པར་སྙམ་མོ། །
དང་པོ། སྟག་འབུམ་རྒྱལ་གྱི་ཁྱིའི་སྐོར་གྱི་སྒྲུང་གཏམ་གསར་རྩོམ་གྱི་གནས་ཚུལ་དབྱེ་ཞིབ།
སྟག་འབུམ་རྒྱལ་ནི་བོད་ཀྱི་རྩོམ་རིག་གི་གར་སྟེགས་སུ་འགྲེང་བའི་རྩོམ་པ་བོ་སྔ་གྲས་དང་རྒན་གྲས་སུ་གཏོགས། ཁོང་གིས་སྒྲུང་གཏམ་གསར་རྩོམ་གྱི་འོས་འགན་ཕྲག་ལ་འཁུར་བའི་ཞོར་དུ། འབྲོང་ཕྲུག་འོད་དཀར་གྱི་མིང་ཐོག་ནས་སྙན་ངག«སླར་ཡང་ཆས་པ»དང«འདི་ལྟ་བུའི་མཚན་མོ།» «སྟོན་དུས་ཀྱི་ཞིང་གྲོང་།» «དྲ་སྒོའི་ཕྱི་རོལ།» ལྷུག་རྩོམ«དཔྱིད་འགོའི་ཆར་བ་»སོགས་གསར་རྩོམ་མཛད་ཡོད། ཁོང་གི་གསར་རྩོམ་གྱི་ཤེད་ཤུགས་ཆེ་རུ་བསྒྲོན་ས་སྒྲུང་གཏམ་ཡིན་ཞིང་། གཡུར་དུ་ཟ་བའི་གྲུབ་འབྲས་ཐོགས་སའང་སྒྲུང་གཏམ་ཡིན། ཁོང་གི་སྒྲུང་གཏམ་གསར་རྩོམ་ཁྲོད། བརྗོད་བྱ་ཁྱིའི་སྐོར་ལ་བྲིས་པའི་སྒྲུང་གཏམ་དག་ནི་ཀློག་མཁན་ཀུན་གྱིས་དོ་སྣང་དང་དགའ་བསུ་ཆེས་ཆེར་ཐོབ་པའི་བརྩམས་ཆོས་གལ་ཆེན་དུ་ཆགས་ཡོད། མིག་སྔའི་བར་དུ་ཁོང་གིས་བྲིས་པའི་སྒྲུང་རིང་སྐོར་ལ«ལྷིང་འཇགས་ཀྱི་རྩྭ་ཐང»དང«རྒུད»སོགས་ཡོད་པ་དང་། སྒྲུང་འབྲིང་སྐོར་ལ«སྐྱབས་ལོ་དང་ཁོའི་རལ་བ།» «སྐྱོ་བ་མེད་པའི་ཕྱེ་མ་ལེབ།» «མེས་པོ་དང་ཁོའི་གསོས་པའི་ཁྱི་གུ་དག» «རྒྱང་དུ་གྱེས་པ»སོགས་ཡོད། སྒྲུང་ཐུང་སྐོར་ལ«ཚེས་རིས»དང«མི་ཚེའི་གླུ་དབྱངས» «ཉིན་གཅིག་གི་ཆོ་འཕྲུལ།» «སྒོ་ཁྱི»སོགས་དྲུག་ཅུ་ལྷག་ཡོད།
ཁོང་གིས་བརྩམས་པའི་སྒྲུང་གཏམ་ཐོག་མ་ནི་བཀྲ་བྷ་དང་མཉམ་འབྲེལ་གྱིས་བྲིས་པའི«མཚོ་སྐྱེས»ཞེས་པ་དེ་ཡིན་ལ། སྒྲུང་གཏམ་དེ༡༩༨༦ལོའི«ཟླ་ཟེར»དེབ་གཉིས་པར་འཁོད་ཡོད། དེའི་སྐོར་ལ་རྩོམ་པ་བོ་ཁོ་རང་ཉིད་ནས་ཀྱང་འདི་ལྟར་གསུངས་ཡོད་དེ། “༡༩༨༤ལོར་སྐུ་ཞབས་བཀྲ་བྷ་དང་ལྷན་དུ་བྲིས་པའི་སྒྲུང་གཏམ«མཚོ་སྐྱེས»ཞེས་པ་དེ«ཟླ་ཟེར»དུས་དེབ་ཏུ་བཀོད་པ་ནི་ངའི་ལྕགས་པར་ཏུ་བཏབ་པའི་སྒྲུང་གཏམ་ཐོག་མ་ཡིན་པས་གནོན་མི་ཐུབ་པའི་དགའ་སྤྲོ་སྐྱེས་ཤིང་། མུ་མཐུད་དུ་ཚོད་ལྟ་བྱེད་འདོད་པ་དང་རྩོམ་འབྲིའི་འདུན་པ་སྔར་བས་ཇེ་བརྟན་དུ་གྱུར”[1]ཅེས་ཕྱིར་དྲན་གྱི་གཏམ་གླེང་མཛད།
སྟག་འབུམ་རྒྱལ་གྱི་བརྩམས་ཆོས་ལས་ཁྱིའི་སྐོར་གྱི་སྒྲུང་གཏམ་སྔ་མ་ནི«སྒོ་ཁྱི»ཡིན། དེ༡༩༩༡ལོའི«རི་བོ་ཉི་ཟླ»དེབ་གཉིས་པའི་སྟེང་སྤེལ། ཁྱིའི་སྐོར་གྱི་སྒྲུང་གཏམ་གཉིས་པ་ནི་སྒྲུང་ཐུང«ཁྱི་རྒན»ཡིན།དེ༡༩༩༥ལོའི«གངས་རྒྱན་མེ་ཏོག»དེབ་གསུམ་པའི་སྟེང་སྤེལ།ཁྱིའི་སྐོར་གྱི་སྒྲུང་གཏམ་གསུམ་པ་ནི«ཁྱི་གུ་དམར་ལོ་དང་ཁོའི་ཁྱད་མཚར་གྱི་འགྲུལ་བཞུད»ཅེས་པ་དེ་ཡིན་པར་སྙམ། དེ༡༩༩༩ལོའི«མཆོད་དབྱངས»དེབ་གསུམ་པའི་སྟེང་སྤེལ། ལོ་རབས་དགུ་བཅུའི་ནང་ལ་བྲིས་པའི་ཁྱིའི་སྐོར་གྱི་སྒྲུང་གཏམ་དེ་དག་དུས་ཚོད་ཀྱི་གུང་བསྒྲིགས་ཏེ་ཞིབ་ཏུ་བརྟག་ན། རྩོམ་དེ་དག་དུས་དེབ་ཏུ་འཁོད་པའི་བར་ལ་ཆ་སྙོམས་མི་ལོ་བཞི་རེ་འགོར་འདུག ཟུར་དེ་ནས་བསམ་ན། རྩོམ་པ་བོ་ཁོང་ལ་ཁྱིའི་སྐོར་གྱི་སྒྲུང་གཏམ་འབྲི་བའི་དམིགས་བསལ་གྱི་འཆར་གཞི་དང་ཀུན་སློང་ཞིག་ཡོད་པ་འདྲ། དེའི་རྗེས་སུ་རིམ་གྱིས«ཁྱི་དང་བདག་པོ། ད་དུང་གཉེན་ཚན་དག»ཅེས་པ༢༠༠༤ལོའི«སྦྲང་ཆར»དེབ་གསུམ་པའི་སྟེང་སྤེལ་བ་དང་། «ཧཱ་པ་གསོས་པའི་ཟིན་བྲིས»ཞེས་པ༢༠༠༦ལོའི«སྦྲང་ཆར»དེབ་གཉིས་པའི་སྟེང་སྤེལ། «“མི་རྒྱ་བྷ།” “ཁྱི་རྒྱ་བྷ།”»ཞེས་པ༢༠༠༨ལོའི«སྦྲང་ཆར»དེབ་བཞི་བའི་སྟེང་སྤེལ།སྟོང་ལོ་གསར་བའི་ནང་ལ་བྲིས་པའི་ཁྱིའི་སྐོར་གྱི་སྒྲུང་གཏམ་དེ་དག་རྩོམ་སྤེལ་མཛད་པའི་དུས་ཚོད་ཀྱི་གོ་རིམ་བསྒྲིགས་ནས་བལྟས་ན། རྩོམ་དེ་དག་དུས་དེབ་ཏུ་འཁོད་པའི་བར་ལ་ཆ་སྙོམས་མི་ལོ་གཉིས་རེ་འགོར་འདུག ངོས་འདི་ནས་དཔྱད་ན། སྟོང་ལོ་གསར་བའི་ལོ་རབས་དེ་ནི་ཁོའི་ཁྱིའི་སྐོར་ལ་བྲིས་པའི་སྒྲུང་གཏམ་གྱི་བར་བརྒལ་ཆེ་ཤོས་ཤིག་ཏུ་ངོས་བཟུང་ཆོག་པར་སྙམ། གོང་གསལ་ལོ་རབས་དགུ་བཅུ་དང་སྟོང་ལོ་གསར་བའི་ནང་ལ་བྲིས་པའི་ཁྱིའི་སྐོར་གྱི་སྒྲུང་གཏམ་ལྷན་དུ་བཞག་སྟེ་བསམ་ན། ཁྱི་སྒྲུང་འབྲི་བའི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་པའི་སྣང་ཚུལ་མཐོང་སླ། དེ་བཞིན་སྒྲུང་འབྲིང«མེས་པོ་དང་ཁོས་གསོས་པའི་ཁྱི་གུ་དག»ཅེས་པ༢༠༡༢ལོའི«སྦྲང་ཆར»དེབ་དང་བོ་དང་གཉིས་པ་ལ་མུ་འགོད་བྱས་ཡོད། འདི་ནི་ཁོང་གིས་ཁྱིའི་སྐོར་ལ་བྲིས་པའི་སྒྲུང་ཆེས་རིང་གྲས་སུ་གཏོགས། སྒྲུང་འབྲིང«ཁྱི་མོ་བདེ་སྐྱིད»ཅེས་པ་༢༠༡༤ལོའི«སྦྲང་ཆར»དེབ་གཉིས་པའི་སྟེང་བཀོད་ཅིང་། སྒྲུང་ཐུང«རྨི་ལམ་ཁྲོད་ཀྱི་ཁྱི་མོ»ཞེས་པ་༢༠༡༥ལོའི«སྦྲང་ཆར»དེབ་གཉིས་པའི་སྟེང་བཀོད། སྒྲུང་ཐུང«ཁྱི་ལྡོམ»ཞེས་པ༢༠༡༥ལོའི«སྦྲང་ཆར»དེབ་བཞི་བའི་སྟེང་བཀོད་ཡོད། གཞན། སྒྲུང་ཐུང«ཁྱི་སྨྱོན»དང«ཁྱི་རྒན་ཆང་གིས་བཟི་སོང་།» «དོམ་བུ།» «ཁྱི་རྒན་དག་ཞིང་དུ་བསྐྱལ་སོང»སོགས་ཁོང་གི་ཁྱིའི་སྐོར་གྱི་སྒྲུང་གཏམ་ཕྱོགས་བསྒྲིགས«ཁྱི་རྒན»[2]དུ་བསྡུས་ཡོད། དེ་ལྟར་སྟོང་ལོ་བཅུ་བ་ནི་ཁོང་གི་ཁྱིའི་སྒྲུང་གཏམ་གསར་རྩོམ་གྱི་མཐོ་རླབས་ཤིག་ཏུ་ངོས་བཟུང་ཆོག་པར་སྙམ་སྟེ། ཏག་ཏག་ལོ་ངོ་བཅུའི་ནང་ལ་ཁྱིའི་སྐོར་གྱི་སྒྲུང་འབྲིང་གཉིས་བྲིས་ཤིང་། ལོ་གཉིས་རེའི་མཚམས་ནས«སྦྲང་ཆར»དུས་དེབ་སྟེང་སྤེལ་པའི་གནས་ཚུལ་འདུག་ལ། བསྟུད་མར་ཁྱིའི་སྐོར་གྱི་སྒྲུང་ཐུང་གཉིས་༢༠༡༥ལོའི«སྦྲང་ཆར»དེབ་གཉིས་པ་དང་བཞི་བའི་སྟེང་སྤེལ་པའི་གནས་ཚུལ་ཀྱང་ཐོན་ཡོད། སྟོང་ལོ་བཅུ་བའི་དུས་མཇུག་ཏུ་ཁྱིའི་སྐོར་གྱི་སྒྲུང་གཏམ་ཕྱོགས་བསྒྲིགས«ཁྱི་རྒན»ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། ཁོང་གིས་དུས་དེབ་སྟེང་སྤེལ་པའི་སྒྲུང་གཏམ་ཆེས་རྗེས་མ་ནི«དབང་གྲུབ་དང་ཁོའི་ཕ་རྒན»ཡིན་ཏེ། དེ་༢༠༢༢ལོའི«ཟླ་ཟེར»དེབ་དང་བོའི་སྟེང་སྤེལ། དེའི་ཚུན་དུ་བོད་ཀྱི་དུས་དེབ་སོ་སོར་ཁོང་གི་བརྩམས་ཆོས་སྤེལ་བའི་སྣང་ཚུལ་རེ་ཞིག་མ་མཐོང་།
གོང་གསལ་ནི་རྩོམ་པ་བོ་སྟག་འབུམ་རྒྱལ་གྱི་མི་ཚེའི་རྩོམ་འབྲིའི་གོ་རིམ་ཁྲོད་གསར་རྩོམ་གྱི་རྒྱུན་བསྐྱངས་པའི་རྩོལ་བ་ལས་འཁྲུངས་པའི་གྲུབ་འབྲས་ཡིན་ལ། ལྷག་པར་དུ། ཁོང་གིས་ཁྱིའི་སྐོར་ལ་བྲིས་པའི་སྒྲུང་གཏམ་དག་ལོགས་སུ་བཀར་ནས་དབྱེ་ཞིབ་དང་གུང་བསྒྲིལ་ནས། དེ་དག་མདོ་དབུས་མཐོ་སྒང་གི་རིག་གནས་ཀྱི་བརྡ་རྟགས་ཤིག་ཡིན་པའི་ངོས་ནས་འགྲེལ་ཚེ་དོན་སྙིང་ལྷག་ཏུ་ལྡན་པར་སྙམ་མོ། །
གཉིས་པ། སྟག་འབུམ་རྒྱལ་གྱི་ཁྱིའི་སྒྲུང་གཏམ་ཞིབ་འཇུག་གི་གནས་བབ།
སྟག་འབུམ་རྒྱལ་གྱིས་སྒྲུང་གཏམ་མང་དུ་བྲིས་ཤིང་བོད་ཡུལ་མདོ་དབུས་ཁམས་གསུམ་ལ་སྐད་གྲགས་ཆོད་ཡོད་མོད། ཁོང་གི་བརྩམས་སྒྲུང་ལ་ཞིབ་འཇུག་བགྱིས་པའི་གནས་ཚུལ་ལྟོས་བཅས་ཀྱིས་དེ་འདྲའི་ཡིད་ཚིམ་པའི་ཚད་དུ་སླེབས་མི་འདུག ཁོང་གི་སྒྲུང་གཏམ་ཐད་དུ་སྤེལ་བའི་དཔྱད་པ་སྔ་གྲས་ནི་ལྷ་རྒྱལ་ཚེ་རིང་གིས་བྲིས་པའི«<ནམ་དཀྱིལ་དུ་འོངས་པའི་འགྲུལ་བའི>སྐོར་གྱི་བཤད་པ»ཞེས་པ་དེ་ཡིན་པར་འདོད། དེ༡༩༩༡ལོའི«ཟླ་ཟེར»དེབ་དང་བོའི་སྟེང་བཀོད་ཡོད། དེའི་རྗེས་སུ་ཚེ་གྲུབ་ལགས་ཀྱིས་བྲིས་པའི«ཕྱིར་དྲན་དང་བསམ་གཞིགས་ཁྲོད་ཀྱི་རྟོགས་སད།-སྟག་འབུམ་རྒྱལ་གྱི་སྒྲུང་གཏམ<མི་ཚེའི་གླུ་དབྱངས>བཀླགས་རྗེས་ཀྱི་འཆར་སྣང»ཞེས་པ༡༩༩༥ལོའི«གངས་རྒྱན་མེ་ཏོག»དེབ་དང་བོའི་སྟེང་བཀོད། བདུད་ལྷ་རྒྱལ་གྱིས་བསྒྲིགས་པའི་བསླབ་དེབ«བོད་ཀྱི་རྩོམ་རིག་གསར་བའི་བརྩམས་ཆོས་བདམས་བཀོད་དང་དེ་དག་གི་བཤད་པ»[3]ཞེས་པའི་ནང་དུ་སྒྲུང་གཏམ«ཁྱི་རྒན»དང«ཉིན་གཅིག་གི་ཆོ་འཕྲུལ»གྱི་དཔྱད་པ་ཐུང་ངུ་རེ་བཀོད་ཡོད། རྣམ་སྲས་ཀྱིས་བརྩམས་པའི«དུས་སྐབས་གསར་པའི་བོད་ཀྱི་སྒྲུང་གཏམ་ལ་དཔྱད་པ་བློ་གསར་དགྱེས་པའི་དགའ་སྟོན»[4]ཞེས་པར«ལྷིང་འཇགས་ཀྱི་རྩྭ་ཐང»དང«སྒོ་ཁྱི།» «མི་ཚེའི་གླུ་དབྱངས»བཅས་ཀྱི་ཕྲན་བཤད་བཀོད་ཡོད། ལྷག་པ་ཆོས་འཕེལ་དང་བྱམས་པ་ཚུལ་ཁྲིམས་སོགས་ཀྱིས་བསྒྲིགས་པའི«བོད་ཀྱི་དེང་རྩོམ་སྤྱི་བཤད»[5]ཅེས་པའི་ནང་དུ«སྟག་འབུམ་རྒྱལ་དང་ལྷིང་འཇགས་ཀྱི་རྩྭ་ཐང»ཞེས་པའི་དཔྱད་པ་ཕྲན་བུ་ཞིག་བཀོད་ཡོད། ལྕགས་ཐར་གྱིས་བསྒྲིགས་པའི«བོད་རྩོམ་གསར་པའི་བརྩམས་ཆོས་བདམས་བཀོད»[6]ཞེས་པར་སྒྲུང་རིང«རྒུད»ཀྱི་དཔྱད་པ་ཐུང་ངུ་ཞིག་བསྡུས་ཡོད། པདྨ་དབང་རྒྱལ་དང་བསོད་ནམས་རྒྱལ་གཉིས་ཀྱིས་བསྒྲིགས་པའི«བོད་ཀྱི་དེང་རབས་རྩོམ་རིག་བརྩམས་ཆོས་བདམས་བཀོད»[7]ཞེས་པའི་ནང་དུ«ཁྱི་དང་བདག་པོ། ད་དུང་གཉེན་ཚན་དག»ཅེས་པ་བསྡུས་ཡོད། ཆོས་སྐྱོང་གིས་བརྩམས་པའི«ཟིང་ལོང་རྡེའུ་འགྲེམས»[8]ཞེས་པའི་རྩོམ་རིག་ཞིབ་འཇུག་གི་ཆེད་དེབ་ཁྲོད་དུ་རྩོམ་པ་བོ་དང་བརྩམས་ཆོས་བྱེ་བྲག་ཏུ་བརྗོད་པ་ལས«སྟག་འབུམ་རྒྱལ། ཁྱི་ལུས་ལ་ཞུགས་པའི་རྣམ་ཤེས»ཞེས་པའི་དཔྱད་གཏམ་ཚན་ཆུང་ཞིག་བཀོད་འདུག དེ་བཞིན་དཔྱད་རྩོམ་གྱི་སྐོར་ལ་རིམ་བཞིན་བསོད་ནམས་རྒྱལ་གྱིས་བྲིས་པའི«དོན་མེད་དུ་བཟོས་པའི་སྐྱོ་གར་དང་དེའི་མཇུག་འབྲས་སྣ་ཚོགས།-སྟག་འབུམ་རྒྱལ་གྱི་སྒྲུང་གཏམ<ཁྱི་དང་བདག་པོ། ད་དུང་གཉེན་ཚན་དག>ཅེས་པ་བཀླགས་པ»ཞེས་པ་༢༠༠༦ལོའི«སྦྲང་ཆར»དེབ་བཞི་བའི་སྟེང་བཀོད་ཡོད། བཀྲ་བྷས་བྲིས་པའི«སྟག་འབུམ་རྒྱལ་དང་ཁོའི་བརྩམས་སྒྲུང<ཉིན་གཅིག་གི་ཆོ་འཕྲུལ>»ཞེས་པ༢༠༠༩ལོའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དེབ་གསུམ་པའི་སྟེང་སྤེལ། རྡོ་རྗེ་དོན་གྲུབ་ཀྱིས་བྲིས་པའི«ཟུར་ཟ་དང་རབ་རྟོག-སྟག་འབུམ་རྒྱལ་གྱི་སྒྲུང་གཏམ<ཧཱ་པ་གསོས་པའི་ཟིན་བྲིས་>ལ་ཅུང་ཟད་དཔྱད་པ»ཞེས་པ༢༠༠༩ལོའི«སྦྲང་ཆར»དེབ་གསུམ་པའི་སྟེང་སྤེལ། ཕུན་ཚོགས་རྒྱལ་ལམ་མི་ལ་ཙི་ཙིས་བྲིས་པའི«འདུལ།-སྟག་འབུམ་རྒྱལ་གྱི་སྒྲུང་འབྲིང<ཁ་བ་མེད་པའི་དགུན་ཁ>ཡི་ནང་གི་མི་སྣ་ཁྱི་ཕྲུག་ཐར་གླེང་བ»ཞེས་པ༢༠༠༩ལོའི«སྦྲང་ཆར»དེབ་གསུམ་པའི་སྟེང་འཁོད། དཔལ་ལྡན་རྒྱ་མཚོ་སོགས་ཀྱིས་བྲིས་པའི«ཡང་ལྕི།-རྩོམ་རིག་དཔྱད་གླེང་ལས«རྒུད»ཀྱི་སྐོར»ཞེས་པ༢༠༡༣ལོའི«སྦྲང་ཆར»དེབ་གསུམ་པའི་སྟེང་བཀོད། དེ་བཞིན། དཀོན་མཆོག་ནོར་བུས་བྲིས་པའི«ལས་དབང་གིས་བསླངས་པའི་ཁ་ཟུག་བརྩེགས་མ།-སྟག་འབུམ་རྒྱལ་གྱི་སྒྲུང་གཏམ<སྡུག་གི་ལོ་མ་ཆང་གིས་བངས་པ་མིན>ཞེས་པར་དཔྱད་པ»[9]དང་ལྕགས་རྡོར་རྒྱལ་གྱིས་བྲིས་པའི«དེང་རབས་ཀྱི་མིག་གིས་སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་ལ་འཁྱུག་ཙམ་ལྟ་བ།»[10] སྟག་བྷེས་བྲིས་པའི«<ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན>ཞེས་པའི་བྱུང་རིམ་གྱི་འཕེལ་འགྱུར་དང་བརྗོད་བྱའི་སྐོར་ལ་དཔྱད་པ།»[11] དཔལ་རྩལ་གྱིས་བྲིས་པའི«སྟག་འབུམ་རྒྱལ་གྱི་སྒྲུང་ཐུང<ཧཱ་པ་གསོ་པའི་ཟིན་ཐོ>བཀླགས་པའི་མྱོང་ཚོར་ཕྲན་བུ།»[12] དབང་མཆོག་འབུམ་གྱིས་བྲིས་པའི«སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་ཁྲོད་ཀྱི་མི་སྣའི་རང་གཤིས་ཀྱི་མངོན་སྟངས་ཤིག»[13] ཚེ་རིང་བཀྲ་ཤིས་ཀྱིས་བྲིས་པའི«རྒུད་པའི་མི་རབས།-སྟག་འབུམ་རྒྱལ་གྱི<མི་རབས་གསུམ་གྱི་རྨི་ལམ>གླེང་བ།»[14] ཚེ་རིང་རྡོ་རྗེས་བྲིས་པའི«འཚོ་བའི་བདེན་པ་དང་སྒྱུ་རྩལ་གྱི་རྟོག་བཟོ།-སྟག་འབུམ་རྒྱལ་གྱི་སྒྲུང་གཏམ<“མི་རྒྱ་བྷ།” “ཁྱི་རྒྱ་བྷ།”>ཞེས་པའི་ནང་གི་བུད་མེད་ཀྱི་སྣང་བརྙན་རགས་ཙམ་གླེང་བ།»[15] རིག་འཛིན་སྐྱབས་ཀྱིས་བྲིས་པའི«འཚོ་བའི་གར་གྱི་གསེང་སྟོང་ན། །སྐྱིད་སྡུག་ལོ་ཟླ་ཀུ་རེ་འདྲ། །-སྟག་འབུམ་རྒྱལ་གྱི་སྒྲུང་འབྲིང་<“མི་རྒྱ་བྷ།” “ཁྱི་རྒྱ་བྷ།”>བཀླགས་པའི་མྱོང་ཚོར།»[16] བསེ་ཆང་སངས་རྒྱས་དོན་གྲུབ་ཀྱིས་བྲིས་པའི«སྟག་འབུམ་རྒྱལ་གྱི་སྒྲུང་ཐུང་གི་མཇུག་བསྡུ་སྟངས་སྐོར་གླེང་བ།-ཉི་མ་ནུབ་ཁ་དང་དེའི་རྗེས་ཀྱི་མུན་པ་དང་སྦྱར་བའི་མཇུག་བསྡུ་སྟངས།»[17] ལྷ་མོ་བཀྲ་ཤིས་ཀྱིས་བྲིས་པའི«སྟག་འབུམ་རྒྱལ་གྱི་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་སྒྲུང་གཏམ་འགའ་ལ་ཟུར་ཙམ་དཔྱད་པ།»[18] འབྲོང་བུ་རྡོ་རྗེ་རིན་ཆེན་གྱིས་བྲིས་པའི«སྟག་འབུམ་རྒྱལ་གྱི“ཁྱིའི་སྒྲུང་གཏམ”ཁ་ཤས་བཀླགས་པའི་མྱོང་ཚོར»ཞེས་པ༢༠༡༦ལོའི«སྦྲང་ཆར»དེབ་གསུམ་པ་དང་བཞི་པར་བཀོད། ཚེ་དབང་རྣམ་རྒྱལ་གྱིས་བྲིས་པའི«བོད་ཀྱི་དེང་རབས་སྒྲུང་གཏམ་གྱི་དོན་བརྗོད་དབྱངས་འགྲོས་ལ་དཔྱད་པ།-«སྒྲོལ་མ་ཉེར་གཅིག»དང་སྟག་འབུམ་རྒྱལ་གྱི“ཁྱི་སྒྲུང་།” “གྲོ་ཞིང་ཁ”བཅས་གཞིར་བཟུང་བ»ཞེས་པ༢༠༢༢ལོའི«ཟླ་ཟེར»དེབ་དང་བོའི་སྟེང་སྤེལ། གཞན་ད་དུང་། དཔལ་ལྡན་རྒྱ་མཚོས་བྲིས་པའི«སྒྲུང་རིང«རྒུད»ཀྱི་རིག་གནས་རིན་ཐང་ལ་དཔྱད་པ»[19]སོགས་ཏེ། ཁོང་གི་སྒྲུང་གཏམ་ལ་དཔྱད་པ་བཏང་པའི་གནས་ཚུལ་དང་གནས་བབ་དེ་འདྲ་ཞིག་རེད།
གོང་གསལ་སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་ལ་ཞིབ་འཇུག་བྱས་པའི་དཔྱད་འབྲས་དེ་དག་གུང་བསྒྲིགས་ན། མིག་སྔའི་བར་ཁྱོན་བསྡོམས་ཁོང་གི་བརྩམས་ཆོས་བྱེ་བྲག་པ་ལ་དཔྱད་པ་བཏང་བའི་དཔྱད་རྩོམ་ཉི་ཤུ་རྩ་གཅིག་དང་། སྒྲུང་གཏམ་ཞིབ་འཇུག་བགྱིས་པའི་ཆེད་དེབ་གཅིག སློབ་ཆེན་དེང་རྩོམ་བསླབ་དེབ་ཏུ་བསྡུས་པའི་དཔྱད་པ་བཞི། རྒྱ་བོད་སྣ་འཛོམས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས་གཅིག་བཅས་ཡོད་ཅིང་། དེ་དག་ལས་དམིགས་བསལ་ཁྱིའི་སྐོར་ལ་དཔྱད་པ་བཏང་བའི་རྩོམ་བཅུ་ཡོད་ལ། དེ་དག་ལས་ཅུང་ཤུགས་རྐྱེན་ཆེ་བ་ནི་བསོད་ནམས་རྒྱལ་གྱིས་བྲིས་པའི«དོན་མེད་དུ་བཟོས་པའི་སྐྱོ་གར་དང་དེའི་མཇུག་འབྲས་སྣ་ཚོགས།-སྟག་འབུམ་རྒྱལ་གྱི་སྒྲུང་གཏམ<ཁྱི་དང་བདག་པོ། ད་དུང་གཉེན་ཚན་དག>ཅེས་པ་བཀླགས་པ»ཞེས་པ་དང་། རྡོ་རྗེ་དོན་གྲུབ་ཀྱིས་བྲིས་པའི«ཟུར་ཟ་དང་རབ་རྟོག-སྟག་འབུམ་རྒྱལ་གྱི་སྒྲུང་གཏམ<ཧཱ་པ་གསོས་པའི་པའི་ཟིན་བྲིས>ལ་ཅུང་ཟད་དཔྱད་པ།» དཔལ་རྩལ་གྱིས་བྲིས་པའི«སྟག་འབུམ་རྒྱལ་གྱི་སྒྲུང་ཐུང«ཧཱ་པ་གསོ་པའི་ཟིན་བྲིས»བཀླགས་པའི་མྱོང་ཚོར་ཕྲན་བུ།» ཚེ་རིང་རྡོ་རྗེས་བྲིས་པའི«འཚོ་བའི་བདེན་པ་དང་སྒྱུ་རྩལ་གྱི་རྟོག་བཟོ།-སྟག་འབུམ་རྒྱལ་གྱི་སྒྲུང་གཏམ<“མི་རྒྱ་བྷ།” “ཁྱི་རྒྱ་བྷ།”>ཞེས་པའི་ནང་གི་བུད་མེད་ཀྱི་སྣང་བརྙན་རགས་ཙམ་གླེང་བ།» རིག་འཛིན་སྐྱབས་ཀྱིས་བྲིས་པའི«འཚོ་བའི་གར་གྱི་གསེང་སྟོང་ན། །སྐྱིད་སྡུག་ལོ་ཟླ་ཀུ་རེ་འདྲ། །-སྟག་འབུམ་རྒྱལ་གྱི་སྒྲུང་འབྲིང་<“མི་རྒྱ་བྷ།” “ཁྱི་རྒྱ་བྷ།”>བཀླགས་པའི་མྱོང་ཚོར།» འབྲོང་བུ་རྡོ་རྗེ་རིན་ཆེན་གྱིས་བྲིས་པའི«སྟག་འབུམ་རྒྱལ་གྱི“ཁྱིའི་སྒྲུང་གཏམ”ཁ་ཤས་བཀླགས་པའི་མྱོང་ཚོར»སོགས་ཡིན། སྤྱིར་ཁོང་གིས་ཁྱིའི་སྐོར་ལ་བྲིས་པའི་སྒྲུང་གཏམ་ཁྱོན་བསྡོམས་བཅོ་ལྔ་ཡོད་ཅིང་། དེ་དག་ལས་ཁྱིའི་སྐོར་གྱི་སྒྲུང་གཏམ་ལ་དཔྱད་པ་བྲིས་པ་མང་ཤོས་སུ་ཆགས་པའི་བརྩམས་ཆོས་ནི«ཁྱི་དང་བདག་པོ། ད་དུང་གཉེན་ཚན་དག»ཅེས་པ་དེ་ཡིན་པར་སྣང་།
གོང་གསལ་ཁྱིའི་སྐོར་གྱི་དཔྱད་པ་དེ་དག་ཀྱང་བརྩམས་ཆོས་བྱེ་བྲག་པར་དཔྱད་པ་མ་གཏོགས་སྤྱིའི་ཆ་ནས་ཁྱི་ལ་དཔྱད་པ་བཏང་བ་ནི་འབྲོང་བུ་རྡོ་རྗེ་རིན་ཆེན་གྱིས་བྲིས་པའི«སྟག་འབུམ་རྒྱལ་གྱི“ཁྱིའི་སྒྲུང་གཏམ”ཁ་ཤས་བཀླགས་པའི་མྱོང་ཚོར»ཞེས་པ་དེ་གཅིག་པུ་རེད། ཁོང་གིས“སྟབས་བདེའི་སྒོ་ནས། སྟག་འབུམ་རྒྱལ་གྱི“ཁྱིའི་སྒྲུང་གཏམ” གྱི་གསར་རྩོམ་རྣམ་པ་རིགས་གཉིས་སུ་དབྱེ་ཡོད། རིགས་གཅིག་ནི་དོན་དངོས་སམ་དངོས་འབྲེལ་གྱི་ཉམས་མྱོང་བརྗོད་དོན་དུ་བྱས་པའི་དངོས་བྲིས་རང་བཞིན་ཅན་ཏེ། དཔེར་ན། «རྨི་ལམ་ཁྲོད་ཀྱི་ཁྱི་མོ»དང«མེས་པོ་དང་ཁོས་གསོས་པའི་ཁྱི་གུ་དག»ལྟ་བུ་དང་། ཅིག་ཤོས་ནི་སྟོང་བསམ་མམ་འཆར་ཡན་བརྗོད་བྱར་བཟུང་བའི་རྟོག་བཟོ་རང་བཞིན་ཅན་ལ་གཏོགས་པ་སྟེ། དཔེར་ན། «ཧཱ་པ་གསོས་པའི་ཟིན་བྲིས»དང«ཁྱི་མོ་བདེ་སྐྱིད»ལྟ་བུ་རེད”[20]ཅེས་བསྟན་ཡོད། འདི་ནི་མིག་སྔའི་བར་རྩོམ་པ་བོ་སྟག་འབུམ་རྒྱལ་གྱི་ཁྱིའི་སྐོར་གྱི་སྒྲུང་གཏམ་ལ་དཔྱད་པ་བཏང་བའི་དཔྱད་འབྲས་ལེགས་ཤོས་སུ་མཐོང་། ཡིན་ནའང་། དཔྱད་པའི་ནང་དུ་མ་ཚུད་པའི་ཁྱིའི་སྐོར་གྱི་སྒྲུང་གཏམ་ཀྱང«ཁྱི་སྨྱོན»དང་། «ཁྱི་རྒན་ཆང་གིས་བཟི་སོང་།» «ཁྱི་རྒན་དག་ཞིང་དུ་བསྐྱལ་སོང་།» «ཁྱི་གུ་དམར་ལོ་དང་ཁོའི་ཁྱད་མཚར་གྱི་འགྲུལ་བཞུད»སོགས་ཡོད།
ཆོས་སྐྱོང་གིས་བརྩམས་པའི«ཟིང་ལོང་རྡེའུ་འགྲེམས»ལས་ཀྱང་། “ཁོང་གི་སྒོ་ཁྱིའི་རིགས་ཀྱི་མུ་འབྲེལ་སྒྲུང་གཏམ་དེ་དག་ལ་མཚོན་ན། སྒོ་ཁྱི་དང་ཧྭ་པ་སོགས་དུད་འགྲོའི་རིགས་ཀྱི་སྣང་བརྙན་སྣ་ཚོགས་ལ་བརྟེན་ཏེ། བསྡུས་བརྗོད་དང་རབ་རྟོག་གི་ལམ་ནས་བོད་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཁྱད་ཆོས་དང་ཡུལ་སྲོལ་གོམས་གཤིས། ཀུན་སྤྱོད་ཚད་གཞི། མིག་སྔའི་སྤྱི་ཚོགས་སུ་གནས་པའི་གནད་དོན་ཅི་རིགས་སམ་ཡང་ན་གང་ཟག་མིའི་གཟུགས་འགྱུར་གྱི་སྣང་ཚུལ་མང་པོར་སྒྱུ་རྩལ་གྱི་ལམ་ནས་སུན་འབྱིན་དང་ཟུར་ཟ་བྱེད་པ་གཙོར་བཏོན་འདུག”[21]ཅེས་པ་ལྟར། སྟག་འབུམ་རྒྱལ་གྱི་ཁྱིའི་སྐོར་གྱི་སྒྲུང་གཏམ་དེ་དག་ལ་བྱེ་བྲག་གི་བརྗོད་བྱ་དང་སྒྱུ་རྩལ་ཁྱད་ཆོས། མཚོན་ཐབས་སོགས་ཡོད་པར་མ་ཟད། སྤྱིའི་ཆ་ནས་ཐུན་མོང་བའི་རིག་གནས་ཀྱི་རིན་ཐང་ཀྱང་ཡོད་པར་འདོད། ཁྱིའི་སྐོར་གྱི་སྒྲུང་གཏམ་དེ་དག་ལ་མངའ་བའི་སྤྱིའི་ཐུན་མོང་གི་རིག་གནས་ཀྱི་རིན་ཐང་ཤེས་དགོས་ཚེ། ཐོག་མར་སྒྲུང་གཏམ་དེ་དག་ཁྲོད་ཀྱི་ཁྱིའི་བྱེ་བྲག་གི་སྣང་བརྙན་ལ་དབྱེ་ཞིབ་དང་བརྗོད་དོན་ལ་ཞིབ་འཇུག་བགྱི་དགོས་སོ། །
གསུམ་པ། སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་ཁྲོད་ཀྱི་ཁྱིའི་གཤིས་ཀ་དང་ལས་དབང་དབྱེ་ཞིབ།
བོད་ཀྱི་ཀློག་པ་བོ་དང་དཔྱད་བརྗོད་པའི་ཁྲོད། སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་ཁྲོད་ཀྱི་ཁྱིའི་ལས་དབང་ནི་མིའི་ལས་དབང་དང་སྦྱར་ནས་དཔྱད་པ་དང་། ཁྱིའི་གཤིས་ཀ་དང་མིའི་གཤིས་ཀ་སྦྲེལ་ནས་གླེང་མཁན་ཡང་ཧ་ཅང་མང་། ཁོའི་སྨྱུག་འོག་གི་ཁྱི་དེ་དག་གི་ལས་དབང་ག་འདྲ་ཞིག་ཡིན་པའམ། དེ་དག་གི་སྐྱིད་སྡུག་དང་སྐྱེ་འཆི་ལ་དོ་སྣང་བྱེད་པ་ནི་ཁྱི་རྟེན་སའི་མི་རིགས་གང་དེའི་རིག་གནས་དང་སྐྱེ་ཁམས། ཡུལ་སྲོལ་སོགས་ལ་འབྲེལ་ཞིང་། ཁྱི་ནི་རིག་གནས་བརྡ་རྟགས་གལ་ཆེན་ཞིག་ཡིན་པ་དང་ཁྱིའི་འཚོ་སྟངས་དང་ལས་དབང་ནི་ཐད་ཀར་མིའི་ལས་དབང་དང་འབྲེལ་འདུག་པས། ཁྱི་ལ་དོ་སྣང་བྱེད་པ་ནི་དོན་གྱིས་མི་ལ་དོ་སྣང་བྱེད་པ་ཡིན། “ད་ལྟའི་དུས་འདིར་སྟག་འབུམ་རྒྱལ་ཟེར་ན་སྒོ་ཁྱིའི་སྣང་བརྙན་སྐོར་ཞིག་རང་བཞིན་ཤུགས་སུ་དྲན་འོངས་པ་དང་། སྒོ་ཁྱིའི་སྐོར་གྱི་སྒྲུང་གཏམ་ཟེར་ན་སྟག་འབུམ་རྒྱལ་ཁོང་གི་གསར་རྩོམ་གྱི་རྟགས་མཚན་དང་ཁེ་དབང་ལྟ་བུར་གྱུར་པའི་སྣང་ཚུལ་ཁྱད་པར་བ་ཞིག་བྱུང་བར་མངོན”[22]ཞེས་པ་བཞིན། ཁྱི་བརྗོད་བྱ་བྱས་པའི་སྒྲུང་གཏམ་གྱིས་ཁོང་གི་སྒྲུང་གཏམ་གསར་རྩོམ་གྱི་ཆ་ཤས་གལ་ཆེན་ཟིན་ཡོད། ཁྱིའི་སྐོར་གྱི་སྒྲུང་གཏམ་ལ་ཞིབ་འཇུག་བགྱི་པར་རིན་ཐང་ངེས་ཅན་ཡོད་པར་སྙམ་ལ། ལྷག་པར་དུ། སྟག་འབུམ་རྒྱལ་གྱི་ཁྱིའི་སྐོར་གྱི་སྒྲུང་གཏམ་དེ་དག་ཁྱི་གཤིས་དང་མི་གཤིས་ལྷན་དུ་སྡེབ་ནས་དཔྱད་པ་དང་ཞིབ་འཇུག་གནང་བའི་གནས་ཚུལ་དམིགས་བསལ་ཡང་རེ་འགའ་ཡོད་དེ། «སྟག་འབུམ་རྒྱལ་གྱི་སྒྲུང་རྩོམ་ཞིབ་འཇུག»ལས། “དོན་སྙིང་ཆེ་གེ་མོ་ཞིག་གི་ངོས་ནས་ཁྱིའི་རིགས་མི་འདྲ་བ་གསུམ་གྱི་བརྗོད་གཞི་དེ་དངོས་ཡོད་འཚོ་བའི་ཁྲོད་ཀྱི་མི་ཡི་རིགས་མི་འདྲ་བ་གསུམ་དང་སྦྱར་ཏེ་བཤད་ན། སྒོ་ཁྱིའི་རིགས་ལ་དགའ་བའི་མི་ཡི་སྟེང་ནས་སྒོ་ཁྱི་བཞིན་དགྲ་གཉེན་དང་བདག་གཞན་གྱི་དབྱེ་བ་གསལ་ཞིང་། ཆགས་སྡང་རིས་སུ་ཐོན་པའི་མི་གཤིས་ཡོད་པའི་རིགས་ཤིག་མཐོང་ཐུབ་ལ། ཁྱི་རྒན་གྱི་རིགས་ལ་དགའ་བའི་མི་ཡི་སྟེང་ནས་ཁྱི་རྒན་བཞིན་བཟའ་བཏུང་འབའ་ཞིག་ལས་འཚོ་བའི་དགོས་མཁོ་གཞན་དང་མི་ཚེའི་རིན་ཐང་གཞན་འཚོལ་སྙེག་གི་འདུན་པ་ཉག་ཕྲ་བའི་རིགས་ཤིག་རྙེད་ཐུབ། དེ་མིན་ཧཱ་པའི་རིགས་ལ་དགའ་བའི་མི་ཡི་སྟེང་ནས་ཧཱ་པ་བཞིན་གྲགས་སྐམ་འུད་རྗེས་འབྲངས་པར་དགའ་ཞིང་། རྒྱུ་དང་འབྱོར་བ། ཐོབ་དང་གོ་སའི་མདུན་དུ་རང་གི་ཚེ་གཅིག་གི་དྲིན་ཅན་ཡང་རྒྱབ་ཏུ་འདོར་བར་ངོ་ཚ་བྲལ་ཞིང་ཁྲེལ་གཞུང་སྤངས་པའི་རིགས་ཤིག་མཐོང་ཐུབ།”[23]ཅེས་དང་། “དེ་དག་གི་ནང་དོན་ཕྱོགས་གཅིག་ཏུ་བསྡུས་ན་རྩ་བའི་ཆ་ནས་ཁྱིའི་རིགས་མི་འདྲ་བ་གསུམ་འབྲི་བཞེངས་བྱས་ཡོད། དེ་དག་ནི་སྒོ་ཁྱི་དང་ཁྱི་རྒན། ཧཱ་པ་བཅས་རིགས་གསུམ་སྟེ་རྩོམ་གྱི་མཚན་བྱང་ནས་ཀྱང་བསྟན་ཡོད།”[24]ཅེས་ཁྱི་ལ་རིགས་གསུམ་དུ་དབྱེ་ནས་དཔྱད་ཡོད་མོད། རྗེས་སོར་བརྩམས་པའི་ཁོང་གི་སྒྲུང་གཏམ་དེ་དག་བཀླགས་ན། ཁྱིའི་རིགས་མི་འདྲ་བ་འགའ་གསར་དུ་ཐོན་ཡོད་དེ། ཁྱི་སྨྱོན་དང་ཁྱི་མོ། ཁྱི་ལྡོམ་སོགས་འབྲི་བཞེངས་བྱས་ཡོད། གང་ལྟར། ཁོང་གི་ཁྱིའི་སྐོར་གྱི་སྒྲུང་གཏམ་ལ་ཁྱི་གཤིས་དང་མི་གཤིས་ལྷན་དུ་སྦྱར་ནས་དཔྱད་པ་བཏང་བ་ཅུང་མང་། «ང་ནི་སྐྱེ་བ་སྔོན་མར་ཁྱི་ཞིག་ཡིན་ཡང་སྲིད»ཅེས་པ་ལས་ཀྱང་། “སྤྱིར་བཏང་དུ་བཤད་ན་ཁྱི་གཤིས་ཀྱི་ཕྱེད་ཀ་ནི་མི་གཤིས་ཡིན་ལ། གལ་ཏེ་ཁྱི་གཤིས་དང་འབྲེལ་བའི་མི་གཤིས་དེའང་ཡལ་བར་དོར་ཚེ་ད་ནི་སྤྱང་ཀི་རུ་གྱུར་པ་མ་ཡིན་ནམ། མི་གཤིས་དང་ཁྱི་གཤིས་ལ་བར་ཐག་ངེས་ཅན་ཞིག་ཡོད་ནའང་། ལན་རེར་བསམ་བློ་བཏང་ན་མི་གཤིས་ཀྱི་ཕྱེད་ཀའང་ཁྱི་གཤིས་ཡིན་པའི་བསམ་ཚུལ་སྐྱེས་འོང་། ཚང་མས་ཁྱི་བཟང་བོ་ཞིག་རེད་ཅེས་འཆད་དུས་ཁྱི་དེར་མི་གཤིས་ཀྱི་ཆ་མང་ཙམ་ཡོད་པར་གོ་བ་དང་། མི་དེ་ངན་པ་ཞིག་རེད་ཅེ་ནའང་མི་དེར་ཁྱི་གཤིས་ཀྱི་ཆ་མང་ཙམ་འདྲེས་ཡོད་པའི་ནང་དོན་རེད། དོན་དངོས་སུ་འདི་ཡང་ང་ནར་སོན་པའི་བརྒྱུད་རིམ་ཁྲོད་ཀྱི་མི་དང་ཁྱི་ཡི་འབྲེལ་བའི་སྐོར་གྱི་བསམ་གཞིག་ཅིག་ཡིན། སྒྲུང་གཏམ་གསར་རྩོམ་བྱས་པ་ནས་བཟུང་། ངས་བསམ་གཞིག་དེའི་རིགས་ཟུར་མང་བོའི་སྒོ་ནས་རང་ཉིད་ཀྱི་རྩོམ་འབྲིའི་ཀློང་དུ་བསྟིམས་ཏེ། དེ་ལ་སྔ་ན་མེད་པའི་ཁ་དོག་གི་མཛེས་སྤྲས་བྱས་པ་ཡིན།”[25]ཞེས་མི་གཤིས་དང་ཁྱི་གཤིས་ཀྱི་ཆ་ལ་ཞིབ་ཚགས་སྒོས་དགེ་སྡིག་ལེགས་ཉེས་ཀྱི་ཚུལ་གྱིས་རྩོམ་པ་བོ་ཁོ་རང་ངོས་ནས་ཀྱང་རྟོག་ཞིབ་མཛད་ཡོད་པས། དེ་ལྟར་དཔྱད་པ་གཏོང་བའང་དོན་དང་མཐུན་པ་ཞིག་རེད།
རྩོམ་པ་བོས་མི་གཤིས་ཀྱི་ལེགས་ཉེས་དགེ་སྡིག་དེ་དག་ཁྱིའི་གཤིས་ཀའི་སྟེང་ལ་འཕོས་པར་བྱས་ཏེ་བྲིས་ཡོད་པ་དང་། ཁྱིའི་ལེགས་ཆ་དང་ཡོན་ཏན་མིའི་སྟེང་ལ་བཅོལ་ནས་བྲིས་པའང་ཡོད། དེ་ལས་ཀྱང་རྩོམ་པ་བོས་ཁྱི་དེ་དག་གི་འཆི་རྐྱེན་ལ་མནོ་བསམ་ཟབ་མོ་བཏང་ཡོད་པའི་ཚོར་བ་སྟེར། དཔེར་ན། ཐོག་མའི་ཁྱིའི་སྐོར་གྱི་སྒྲུང་གཏམ«སྒོ་ཁྱི»དང«ཁྱི་རྒན།» «ཁྱི་དང་བདག་པོ། ད་དུང་གཉེན་ཚན་དག»ལས་ཁྱི་དེ་དག་གི་མཇུག་འབྲས་སྐྱོ་གར་ཅན་དུ་བྲིས་ཡོད་ཅིང་། འཆི་བའི་སྐྱོ་གར་གྱི་ངོས་སུ་བསྟར་ནས་བྲིས་ཡོད། བྱེ་བྲག་ཏུ་ཕབ་ན་ཁྱི་དེ་དག་རྟ་རྒན་དང་གཡག་རྒན། སྤྱང་རྒན་སོགས་སྲོག་ཆགས་ཀྱིས་བསད་པའི་སྣང་ཚུལ་གསལ་སྣང་གི་ལམ་ནས་བྲིས་ཡོད། བར་དུ་བྲིས་པའི་ཁྱིའི་སྐོར་གྱི་སྒྲུང་གཏམ«ཧཱ་པ་གསོས་པའི་ཟིན་བྲིས»དང་། «“མི་རྒྱ་བྷ།” “ཁྱི་རྒྱ་བྷ།”» «མེས་པོ་དང་ཁོས་གསོས་པའི་ཁྱི་གུ་དག»ལས་ཁྱིའི་ལས་དབང་དེ་སྔར་བཞིན་འཆི་བའི་སྐྱོ་གར་གྱི་ངོས་སུ་གཏད་ནས་བྲིས་ཡོད་པ་འདྲ་ནའང་།ཁྱི་གསོད་མཁན་གྱི་ལག་དམར་དེ་དག་ལ་འགྱུར་བ་ཅུང་ཟད་བྱུང་འདུག་པའི་ཉམས་ཡོད་དེ། ཐོག་མའི་སྲོག་ཆགས་ཀྱི་རྣམ་པ་ནས་རིམ་བཞིན་རབ་རིབ་ཀྱི་མི་རུ་གྱུར་འདུག་ཀྱང་། ཐད་ཀར་མིས་གསོད་པའི་ཉམས་རིས་གསལ་སྣང་གི་ལམ་ནས་བྲིས་མེད་པར་བརྒྱུད་པའི་ལམ་ནས་དུག་འཕེན་པའམ་རྫས་བཀོལ་ནས་གསོད་པའི་སྦྱོར་བའི་སྟེང་ལ་བཀལ་ཡོད། མཇུག་མཐའི«ཁྱི་ལྡོམ།»དང«ཁྱི་རྒན་ཆང་གིས་བཟི་སོང་།»«རྨི་ལམ་ཁྲོད་ཀྱི་ཁྱི་མོ»སོགས་ཀྱི་ཁྲོད་དུ་ཁྱིའི་ལས་དབང་ལ་འགྱུར་བ་ཆེན་པོ་བྱུང་དུ་བཅུག་ཡོད་དེ། འཆི་བའི་སྐྱོ་གར་གྱི་རྣམ་པས་བྲིས་མེད་པར་བསྲུང་བའི་སྤྲོ་གར་གྱི་རྣམ་པར་བསྒྱུར་ནས་བྲིས་འདུག་པ་སྒྲུང་གཏམ་ཞིབ་ཚགས་ཀྱིས་ཀློག་མཁན་ཞིག་ཡིན་ན་ཚོར་ཡོང་ངེས། ངོས་འདི་ནས་དཔྱད་ན། རྩོམ་པ་བོ་སྟག་འབུམ་རྒྱལ་གྱིས་ཁྱིའི་སྐོར་གྱི་སྒྲུང་གཏམ་མང་དུ་བྲིས་པ་ལས་མི་གཤིས་སྔོག་འདོན་གྱི་བསམ་བློ་ནི་ཅུང་ཟད་འཁོས་ཆུང་དུ་འཁུམས། ཁོས་དམིགས་ཡུལ་ཡོད་པའི་སྒོ་ནས་ཁྱིའི་ལས་དབང་གི་སྐོར་གསར་རྩོམ་མང་དུ་མཛད་པ་ལ་ཡིད་ཀྱི་གཏད་སོ་ཞིག་དང་རིག་གནས་ཀྱི་དམིགས་པ་གཞན་ཞིག་ཡོད་པར་འདོད། དེ་ནི་ཡུལ་མདོ་དབུས་མཐོ་སྒང་གི་གནས་སུ་འཚོ་བའི་མི་དང་ཁྱི་གཉིས་ནི་གཅིག་ལ་གཅིག་བརྟེན་གྱི་གྲོགས་སུ་ཡོད་པ་དང་། འཚོ་བའི་དཀའ་ཚེགས་ཀྱི་མདུན་ནས་མཉམ་དུ་ལས་དབང་ལ་གདོང་གཏད་པའི་དཔའ་གདེང་གི་ཆ་དེ་ནི་འབྲོག་པའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཁྱིའི་ལས་དབང་གི་སྐྱོ་གར་སྣ་ཚོགས་ནི་འབྲོག་པའི་རིག་གནས་ཀྱི་དར་རྒུད་དང་འབྲེལ་འདུག་པས་མིའི་རིགས་ཀྱི་སྐྱོ་གར་དུ་བགྲང་ཆོག ཁོའི་སྒྲུང་གཏམ་ཁྲོད་ཀྱི་ཁྱི་དེ་དག་གི་ལས་དབང་ནི་སྣང་མེད་ནས་སྣང་ཡོད་དང་། སྣང་ཡོད་ནས་སྲུང་སྐྱོང་གི་ཚད་དུ་བསླངས་ཤིང་། དེ་ལྟ་བུའི་རིག་གནས་ཀྱི་སྣང་ཚུལ་ལ་དོ་ཁུར་དང་བརྩི་སྲུང་གི་འདུ་ཤེས་ཆེ་རུ་བསྐྱེད་ནས་བསམ་གཞིགས་ནན་མོ་གཏོང་བ་ནི་མིའི་འཚོ་བའི་བདེ་སྡུག་དང་ལས་དབང་ལ་ཐུགས་ཁུར་བྱེད་པའི་བསམ་བློའི་ཁུངས་སུ་འདོད། དེ་ལྟར། རྩོམ་པ་བོ་ཁོང་གིས་ཁྱིའི་དོན་མེད་ཀྱི་སྐྱོ་གར་བྲིས་པའི་རྗེས་སུ། ཁྱིའི་ལས་དབང་དང་སྐྱིད་སྡུག་མཉམ་རོལ་གྱི་བསམ་པའི་འདུ་ཤེས་ཆེ་རུ་བསྒྲོན་ཏེ། མི་དང་ཁྱིའི་འཚོ་བའི་མཐོང་སྣེ་འདྲ་མཉམ་དུ་བྱས་ནས་དོ་ཁུར་གནང་པའི་ཤུགས་སུ་མིའི་བདེ་སྡུག་ཁུར་དུ་བླངས་པའི་མི་ཇུས་ཀྱི་ཐུགས་དཀྱེལ་ཡངས་པོ་དང་འགན་འཁྲི་ལྕི་མོ་མཚོན་པར་བགྱིས་ཡོད་དོ། །
བཞི་པ། སྟག་འབུམ་རྒྱལ་གྱི་ཁྱིའི་སྒྲུང་གཏམ་གྱི་རིག་གནས་རིན་ཐང་།
སྒྱུ་རྩལ་རྩོམ་རིག་ཁྲོད་དུ་རིག་གནས་ཀྱི་གྲུབ་ཆ་ཤིན་ཏུ་མང་དགོས་པ་ཡིན། རྩོམ་པ་བོ་དང་སྒྱུ་རྩལ་བ་གང་ཡིན་ཡང་སྒྱུ་རྩལ་བརྩམས་ཆོས་གསར་རྩོམ་གྱི་བློས་བསླངས་ཁྲོད་དུ། ཐོག་མར་བརྩམས་ཆོས་ནང་གི་མི་སྣའི་གཤིས་ཀ་དང་སྣང་བརྙན། སྤྱི་ཚོགས་གོ་བབ་སོགས་ཐག་ཆོད་པར་བྱ་དགོས་ཤིང་། དེ་དག་རིམ་པར་བརྒྱུད་པའི་ཁྲོད་ནས་རིག་གནས་དཔེ་གཞིར་འཛིན་པའི་འོས་འགན་ཕྲག་དུ་ལེན་དགོས། ཁྱད་པར་དུ་མི་རིགས་གང་དེའི་རིག་གནས་ཀྱི་ངོ་བོ་མི་སྣའི་སྣང་བརྙན་བཞེངས་བསྐྲུན་གྱི་སྟེང་ནས་ཚུར་སྣང་བྱེད་དགོས་པ་དང་། བརྩམས་ཆོས་ཀྱི་བརྗོད་བྱའི་གདམ་གསེས་དང་ནང་དོན་གྱི་བཀྲམ་ཚུལ། བྱུང་རིམ་གྱི་སྒྲིག་གཞི་ལ་སོགས་པ་རྩོམ་པ་བོའི་རང་སྟེང་གི་རིག་གནས་བག་ཆགས་དང་འཚོ་བའི་གནས་སྟངས། ཐོན་སྐྱེད་བྱེད་སྟངས། སྐད་ཆའི་བསམ་གཞིགས་སོགས་ལ་འབྲེལ་ནས་ཡོད། དེ་དག་ལས་ཀྱང་ཆེས་གཙོ་གནད་དུ་གྱུར་པ་ནི། མི་རིགས་ཤིག་གི་སྲོལ་རྒྱུན་རིག་གནས་ཀྱིས་རྩོམ་པ་བོ་ལ་ཐེབས་པའི་ཤུགས་རྐྱེན་ནི་བརྩམས་ཆོས་ལས་སྣང་བའི་སྒྱུ་རྩལ་གྱི་མཚོན་སྟངས་བླ་ན་མེད་པ་དེ་ཡིན། སྒྱུ་རྩལ་བརྩམས་ཆོས་གང་ཡིན་རུང་དེ་ལྟ་བུའི་རིག་གནས་ཀྱི་མཚོན་རྟགས་དང་ཤུལ་རྗེས་མངོན་དགོས་པ་ཡིན། གསལ་བོར་བཤད་ན། མི་རིགས་རང་གི་ཡུལ་ཆོས་དང་འབྲེལ་བའི་ཐོན་སྐྱེད་བྱེད་སྟངས་ཀྱི་རྣམ་པ་དང་འདུ་ཤེས་འཛིན་སྟངས་ཐད་ཀྱི་བསམ་བློའི་གོ་རྟོགས་བརྩམས་ཆོས་ལས་མངོན་དགོས།
རིག་གནས་ཞེས་པར་གོ་དོན་དང་འགྲེལ་ཚུལ་སྣ་ཚོགས་ཡོད། དེ་དག་རིག་གནས་སྤྱི་དོན་དང་རིག་གནས་རིག་པའི་གཞུང་ལུགས་སུ་གསལ་བས་འདིར་གླེང་བར་མི་བྱ། རིག་གནས་ཀྱི་འབྱུང་རྐྱེན་གཙོ་བོ་ནུབ་གླིང་བས་ཞིང་ལས་རྨོ་འདེབས་དང་འབྲེལ་བར་འདོད། དེ་བཞིན་དུ། རིག་གནས་ནི་མི་དང་རང་བྱུང་གི་འབྲེལ་བ། མི་དང་སྤྱི་ཚོགས་ཀྱི་འབྲེལ་བ། མི་དང་བདག་གི་འབྲེལ་བ་བཅས་ཀྱི་སྤྱི་དོན་ཞིག་ལ་འདོད་མཁན་ཀྱང་མང་། རིག་གནས་ནི་ཤེས་པའི་གནས་སྟངས་ཁྱད་པར་ཅན་ཞིག་ཡིན་ལ། དེ་ནི་ཚེ་སྲོག་གི་ངོས་འཛིན་དང་རིན་ཐང་ཡང་ཡིན། དེ་བས། ཚེ་སྲོག་གི་འདུ་བྱེད་ལས་མགོ་བརྩམས་པའི་རིག་གནས་ལྟ་གྲུབ་དེ་ནི་གལ་ཆེན་ཡིན་པར་འདོད་དེ། བོད་མིའི་དད་མོས་དང་རིག་གནས་ཀྱི་ངོས་སོ་སོ་ནས་ཆའམ་ཟུང་གིས་འཕེལ་སྟོབས་མཚོན་པའི་རིག་གནས་སྣང་ཚུལ་ཡོད་ལ། དེ་ཡིས་དར་པ་དང་འཕེལ་བའི་མངའ་ཐང་སོགས་མཚོན།
སྣོད་བཅུད་ཟུང་དུ་སྡེབ་པའི་རྟེན་འབྲེལ་གྱི་ཆ། ལྷ་མི་གཉེན་དུ་སྡེབས་པའི་ཟིལ་ཤུགས་ཀྱི་སྟོབས། རི་ཆུ་མཉམ་དུ་འདུས་པའི་མཛེས་སྡུག་གི་ཁམས། གནམ་ས་གའུ་སྦྱར་བའི་ངོ་མཚར་གྱི་རྟགས། དེ་བཞིན་སྤྲེའུ་དང་སྲིན་མོ་སྡེབ་པ་ལས་བོད་ཀྱི་མི་རྒྱུད་འཕོས་ཚུལ། མི་ཁྱི་གྲོགས་སུ་སྡེབ་པའི་འཚོ་གནས་འཛིན་བསྲུང་སོགས་ཟུང་དུ་བཏབ་པ་དེ་དག་ནི་དར་བ་དང་འཕེལ་བའི་ཆར་ངོས་འཛིན་ཞིང་། དར་འཕེལ་གནས་གསུམ་གྱི་དོན་དུ་བལྟ་བའི་རིག་གནས་སྣང་ཚུལ་ཡན་གར་བ་དེ་འདྲ་ནི་བོད་མའི་དད་ཞེན་འདུ་ཤེས་ལས་འཕོས་པའི་ངོས་འཛིན་ཁྱད་པར་བ་ཞིག་ཡིན། དེ་ལྟར། བོད་མི་རིགས་ལ་མཚོན་ན། སྒོ་ཁའི་ཁྱི་དང་གོ་ཁའི་མི་གཉིས་ནི་གྲོགས་སུ་སྡེབ་ཅིང་། མི་ཁྱི་གཉིས་ནི་ལྷན་དུ་འགྲོགས་པའི་བརྩེ་བ་ལྡན་པ་བཅས་སྲོག་ཆགས་ཀུན་ལས་ཁྱི་ནི་མི་དང་འདྲིས་སླ་བའི་མིའི་རིགས་ཀྱི་གྲོགས་པོ་བློ་ཆོད་ཅིག་ལ་བརྩི་བའི་འདུ་ཤེས་གནའ་སྔ་མོའི་དུས་ནས་བཟུང་ཡོད་པ་ཀུན་ལ་གསལ་བ་བཞིན་ཡིན། སྔགས་ཕྱོགས་ནས། ཁྲོ་བ་མེད་པ་ཁྱི་ཡི་མཚན་ཉིད་ཅེས་ཁྱི་ནི་བདག་པོ་ལ་བློ་དཀར་བའི་སྲོག་ཆགས་བརྩེ་བ་ཅན་ཞིག་ཏུ་བགྲང་། གང་དེ་བདག་པོས་ཇི་ལྟར་རྡུང་ཞིང་རྡེག་ནའང་ཕྱིར་ངོ་ལོག་དང་ཁྲོ་བ་འཛིན་པའི་བློ་ངན་ཡེ་ནས་མེད་པར་བདག་པོ་ལ་བརྩེ་བ་མཐར་ཐུག་གློད་མཁན་ཁྱི་ཡིན་པར་བསྟན་ཡོད། མདོ་ཕྱོགས་ནས། མི་ལུས་ལེན་ཁ་ཁྱི་ལུས་ཞེས་མི་ཁྱི་གཉིས་ལ་འདྲ་མཉམ་གྱི་ལྟ་བ་འཛིན་ཞིང་འཆི་འཕོའི་རྣམ་ཤེས་ཀྱི་ངོས་སུའང་མཉམ་གནས་ལྷན་འདུས་ཀྱི་སྐྱེ་བ་བརྗེ་རུང་བའི་དགོངས་པ་བསྟན་ཡོད། དོན་དེ་དག་གཅིག་ཏུ་དྲིལ་ནས་དཔྱད་ན། བོད་མི་རྣམས་གཙོ་བྱས་འཛམ་གླིང་ཡུལ་གྲུ་ཀུན་གྱི་མི་ཕལ་མོ་ཆེ་ཁྱི་ལ་དགའ་དོན་ནི་ཁྱིས་མི་ལ་སྲི་ཞུ་ཙམ་བསྒྲུབ་པའི་ལས་ཀྱི་དོན་ཕྲན་བུའི་སྟེང་ན་མེད་པར་ཁྱི་རྣམས་ཀྱིས་བདག་པོ་ལ་དྲིན་གཟོ་ཤེས་པའི་མཛའ་གཅུགས་ཡིད་རྟོན་གྱི་སྟེང་ན་ཡོད་པར་འདོད་ཅིང་། རྣམ་དཀར་ལྷག་བསམ་གྱིས་ཀུན་ནས་བསྲུང་བའི་ཁྲེལ་དང་ངོ་ཚའི་སྟེང་དུ་ཡོད་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། རྩོམ་པ་བོ་སྟག་འབུམ་རྒྱལ་ཁོང་རང་ངོས་ནས། “ཁྱི་ནི་མིའི་རིགས་ཀྱི་བློས་ཐུབ་གྲོགས་པོ་ཡིན་ཟེར་བ་ལྟར། ཁྱི་ནི་ནམ་རྒྱུན་དུ་མི་དང་འབྲེལ་འདྲིས་ཆེ་བའི་སྲོག་ཆགས་ཤིག་ཡིན་པར་མ་ཟད། མི་ཡི་སེམས་དོན་རྟོགས་ཤིང་བདག་གཞན་གྱི་དབྱེ་བ་ཧ་ཅང་གསལ་བའི་སྲོག་ཆགས་ཤིག་ཀྱང་ཡིན་པ་རེད། དེ་བས་ན། ང་ཚོས་སྒྲུང་གཏམ་འབྲི་བའི་གོ་རིམ་ཁྲོད་དུའང་མི་ཡི་ཆགས་ཞེན་གྱི་ལྟ་བས་ཁྱི་ལ་གདེང་འཇོག་བྱེད་པའམ་ཁྱི་ཡི་རྣམ་པ་གཡར་ནས་མི་ལ་དཔྱད་འཇོག་དང་འཚོ་བར་རྒྱུས་ལོན་རེ་བྱས་ན་མི་འཚམ་པ་ཅི་ཡང་མེད་སྙམ།”[26]ཞེས་བརྗོད་པས་ཀྱང་མི་དང་ཁྱིའི་བར་གྱི་རིག་གནས་བརྡ་དོན་མ་ལུས་རྟོགས་ནུས་པར་སྙམ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་དང་རྩོམ་པ་བོ་གྲགས་ཅན་པད་མ་ཚེ་བརྟན་ལགས་ནས་སྟག་འབུམ་རྒྱལ་གྱི་ཁྱིའི་སྐོར་གྱི་སྒྲུང་གཏམ་གླེང་དུས། ཁོང་གིས“འདིའི་ཕྱོགས་སུ་ཁྱོད་ལ་ཁྱད་དུ་འཕགས་པའི་ཆ་རྐྱེན་འཛོམས་འདུག ཁྱོད་ལ་ཕུན་སུམ་ཚོགས་པའི་འཚོ་བའི་རྒྱུ་ཆ་དང་ཉམས་མྱོང་ཡོད་པས། ཁྱོད་ཀྱིས་སྔར་ལས་ལྷག་པའི་ཁྱི་ཡི་སྐོར་གྱི་སྒྲུང་གཏམ་འབྲི་ནུས་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད། དུས་མཚུངས་སུ་ངས་ཀྱང་ཁྱོད་ཀྱིས་མུ་མཐུད་དུ་སྔོན་གྱི་ཁྱི་ཡི་སྐོར་གྱི་སྒྲུང་གཏམ་ལས་ཀྱང་ལྷག་པའི་ཁྱི་ཡི་སྐོར་གྱི་སྒྲུང་གཏམ་འབྲི་བར་རེ་བ་བཏོན་པ་ཡིན”[27]ཞེས་ཁྱི་ཡི་སྐོར་གྱི་སྒྲུང་གཏམ་མུ་མཐུད་ནས་བྲི་བར་སྐུལ་མ་བཏང་ཡོད་པས། ཁྱི་སྒྲུང་གི་རིག་གནས་རིན་ཐང་བླ་ན་མཐོ་བའི་ངོས་འཛིན་དང་ཁག་ཐེག་བྱས་པ་རེད་སྙམ། དེ་བས། ཡུལ་མདོ་དབུས་མཐོ་སྒང་གི་གནས་འདི་ལ་རང་བྱུང་ཁོར་ཡུག་གི་ས་བབ་རྩུབ་པ་དང་། གནམ་གཤིས་དྲོད་གྲང་གི་སྙོམས་སྒྲིག་དོ་མཉམ་མེད་པ་བཅས་ཀྱི་འཚོ་གནས་དཀའ་སྡུག་གི་ལོ་ཟླ་རིང་མོའི་ཁྲོད་དུ། བོད་མི་རྣམས་ཀྱིས་མི་རབས་རིམ་བརྒྱུད་དུ་འཚོ་བའི་ཤེས་རབ་དང་ཐོན་སྐྱེད་ཐབས་རྩལ་སོགས་ལ་བརྟེན་ནས། རང་བྱུང་འདུལ་སྦྱོང་དང་ཚེ་སྲོག་སྲུང་སྐྱོང་གི་གོ་རིམ་ཁྲོད་མི་རྣམས་ཀྱིས་ཁྱི་ལ་ལས་བཅོལ་ཞིང་ཁྱི་རྣམས་ནས་མི་ལ་བློ་བཅོལ་བའི་འཆམ་མཐུན་མཉམ་གནས་ཀྱི་ལོ་རྒྱུས་བསྐྲུན་བའི་རིག་གནས་ཀྱི་དན་རྟགས་ཤིག་ཡིན་པར་འདོད། དེ་བཞིན། བོད་ཙམ་དུ་མ་ཟད་འཛམ་གླིང་ཡུལ་གྲུ་གཞན་ཏུའང་ཁྱི་ལ་གཅེས་སྲུང་དང་མཛའ་བཤེས་ཐུགས་མཐུན་གནང་བའི་གོམས་གཤིས་ཡོད་དེ། འཛམ་གླིང་གློག་བརྙན་གྲགས་ཅན《忠犬八公的故事》(Hachi: A Dog's Tale)ཞེས་པའི་ནང་དུའང་མི་དང་ཁྱིའི་བར་གྱི་ཁྲེལ་དང་ཕྱི་ཐག་ལྡན་པའི་དོན་དངོས་ཤིག་ལ་རྐྱེན་བཅོལ་ནས་ཡིད་འོང་གི་གཏམ་རྒྱུད་ཅིག་བརྗོད་ཡོད་ཅིང་། མི་དང་ཁྱིའི་བར་གྱི་ཡིད་ཆེས་དང་བརྩེ་བ་བརྒྱུད་ནས་སྤྱི་ཚོགས་ཀྱི་འབྲེལ་བ་ཞིག་གླེང་ཡོད། དེ་བས། མིའི་རིགས་ཀྱིས་ཁྱི་ལ་བྱམས་པ་དང་ཁྱིའི་རིགས་ཀྱང་མིའི་རིགས་ལ་གློ་ཉེ་བའི་སྣང་ཚུལ་དེ་འདྲ་བོད་ཡུལ་གངས་ལྗོངས་གཙོ་བྱས་འཛམ་གླིང་ཡུལ་གྲུ་གཞན་ནའང་ཡོད་པས། དེ་ནི་སྤྱིའི་ཆ་ནས་བལྟས་ན་ཚེ་སྲོག་འདྲ་མཉམ་གྱི་ལྟ་དགོངས་ཟབ་མོ་ཞིག་དང་། བྱེ་བྲག་གིས་བསམ་ན་མི་དང་སྲོག་ཆགས་བར་གྱི་འཆམ་མཐུན་གྱི་འབྲེལ་བ་རྒྱུ་རུ་བསགས་པའི་སྤྱི་ཚོགས་ཀྱི་འདྲ་མཉམ་འདུ་ཤེས་ཤིག་ཏུ་ཡོད་པས། རྣམ་ཀུན་རྩོམ་རིག་གི་བརྗོད་བྱ་འབོར་དུ་མེད་པ་ཞིག་དང་རིག་གནས་ཀྱི་རིན་ཐང་གཞལ་དུ་མེད་པ་ཞིག་རེད་སྙམ་མོ། །
མཆན་དང་ལུང་ཁུངས།
[1] མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གིས་བསྒྲིགས། «ནགས་ཀློང་ཁུ་བྱུག་འདུ་གནས།» [M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ལོར། ཤ༤༩༡
[2] སྟག་འབུམ་རྒྱལ་གྱིས་བརྩམས། «ཁྱི་རྒན།» [M] སི་ཁྲོན་དུས་དེབ་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༩ལོ། ཤ༡ཤ༦༤ཤ༡༠༥ཤ་༣༣༧ཤ༣༦༧
[3] བདུད་ལྷ་རྒྱལ་གྱིས་སྒྲིག་རྩོམ་བྱས། «བོད་ཀྱི་རྩོམ་རིག་གསར་བའི་བརྩམས་ཆོས་བདམས་བཀོད་དང་དེ་དག་གི་བཤད་པ།» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ལོ། ཤ༡༨༡
[4] རྣམ་སྲས་ཀྱིས་བརྩམས། «དུས་སྐབས་གསར་པའི་བོད་ཀྱི་སྒྲུང་གཏམ་ལ་དཔྱད་པ་བློ་གསར་དགྱེས་པའི་དགའ་སྟོན།» [M] མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ལོ།
[5] ལྷག་པ་ཆོས་འཕེལ་དང་བྱམས་པ་ཚུལ་ཁྲིམས་སོགས།་ཀྱིས་རྩོམ་སྒྲིག་བྱས།«བོད་ཀྱི་དེང་རྩོམ་སྤྱི་བཤད།» [M] མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ལོ། ཤ༡༧༢-༡༨༡
[6] ལྕགས་ཐར། «བོད་རྩོམ་གསར་པའི་བརྩམས་ཆོས་བདམས་བཀོད།» [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ལོ། ཤ་༢༢༢-༢༢༤
[7] པདྨ་དབང་རྒྱལ་དང་བསོད་ནམས་རྒྱལ་གྱིས་བརྩམས། བོད་ཀྱི་དེངརབས་རྩོམ་རིག་བརྩམས་ཆོས་བདམས་བཀོད། [M] ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོར། ཤ༡༩༠
[8] ཆོས་སྐྱོང་གིས་བརྩམས། ཟིང་ལོང་རྡེའུ་འགྲེམས། [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ལོར། ཤ༤༢-༤༩
[9][10][11][12][13][14][15][16][17][18] བན་དེ་མཁར་གྱིས་བསྒྲིགས། སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་ལ་དཔྱད་པ། [M] ཟིང་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ལོར། ཤ༡-༡༣ ཤ༡༣-༢༡ ཤ༢༡-༤༡ ཤ༤༡-༥༨ ཤ༥༨-༧༡ ཤ༧༡-༨༧ ཤ༨༧-༡༠༡ ཤ༡༠༡-༡༡༦ ཤ༡༡༦-༡༣༢ ཤ༡༣༢-༡༤༦
[19] ཁྱུང་པོ་བསོད་ནམས་སྟོབས་རྒྱལ་གྱིས་གཙོ་སྒྲིག་བྱས། «གཙང་གསུམ་རིག་གནས་ཞིབ་འཇུག» [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ལོ། ཤ་༡༣༩-༡༥༠
[20] འབྲོང་བུ་རྡོ་རྗེ་རིན་ཆེན་གྱིས་བརྩམས། སྟག་འབུམ་རྒྱལ་གྱི“ཁྱིའི་སྒྲུང་གཏམ”ཁ་ཤས་བཀླགས་པའི་མྱོང་ཚོར། «སྦྲང་ཆར།» [J] ༢༠༡༦ལོའི་དེབ་གསུམ་པ། ཤ༡༩༤
[21][22] ཆོས་སྐྱོང་གིས་བརྩམས། ཟིང་ལོང་རྡེའུ་འགྲེམས། [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ལོར། ཤ༤༢-༤༩ ཤ༤༣
[23][24] དགོན་བཀྲ་ཤིས་དོན་གྲུབ་ཀྱིས་བརྩམས། སྟག་འབུམ་རྒྱལ་གྱི་སྒྲུང་རྩོམ་ཞིབ་འཇུག [M] ལན་ཇུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ལོར། ཤ༡༥༢-༡༥༣ ཤ༡༥༠
[25] སྟག་འབུམ་རྒྱལ་དང་པད་མ་ཚེ་བརྟན་གྱིས་བརྩམས། ང་ནི་སྐྱེ་བ་སྔོན་མར་ཁྱི་ཞིག་ཡིན་ཡང་སྲིད། [J] «སྦྲང་ཆར།» ༢༠༡༧ལོའི་དེབ་བཞི་བ། ཤ༡༨༩
[26] སྟག་འབུམ་རྒྱལ་དང་ཆོས་སྐྱོང་། «བཅར་འདྲིའི་གཏམ་གླེང་།» «སྦྲང་ཆར།» [J] ༢༠༠༧ལོའི་དེབ་གཉིས་པ། ཤ༢༠༠
[27] སྟག་འབུམ་རྒྱལ་དང་པད་མ་ཚེ་བརྟན་གྱིས་བརྩམས། «ང་ནི་སྐྱེ་བ་སྔོན་མར་ཁྱི་ཞིག་ཡིན་ཡང་སྲིད།» «སྦྲང་ཆར།» [J] ༢༠༡༧ལོའི་དེབ་བཞི་པ། ཤ༡༩༨
རྩོམ་ཁུངས། «ཀན་ལྷོའི་མི་རིགས་རིག་གནས་ཞིབ་འཇུག»༢༠༢༦ལོའི་དེབ་གསུམ་པ།

འབྲེལ་ཡོད་འོས་སྦྱོར།