logo

སྙིང་མོ་སྐྱིད་ཀྱིས་བསྒྱུར་བའི་སྒྲུང་ཐུང《ཟླ་བའི་རྟ་རྒྱུགས》།

རྩོམ་པ་པོ།:སྙིང་མོ་སྐྱིད་ཀྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-09-25 ཀློག་གྲངས།:

ཟླ་བའི་རྟ་རྒྱུགས།
འཇམ་དབྱངས་ཚེ་རིང་གིས་བརྩམས། སྙིང་མོ་སྐྱིད་ཀྱིས་བསྒྱུར།

     དངོས་འབྲེལ་ཧ་ལས་མི་དགོས་ཏེ། འཇིག་རྟེན་འདིར་རྒྱུ་མཚན་དེ་ལ་བརྟེན་ནས་ཧ་ལས་མཁན་གཅིག་ཀྱང་ཡོད་མི་སྲིད།
     འོ་ན་ངས་བཤད་པ་ནོར་སོང་ངམ། ཟླ་བས་སྐད་ཆ་འདི་བཤད་དུས། ཁོའི་བཞོན་རྟས་སྣ་སྦྲིད་སྐད་ཆེན་པོ་ཞིག་བརྒྱབ་པ་ནི་དྲི་བ་ཞིག་ལ་ལན་འདེབས་པ་དང་མཚུངས། ཟླ་བ་ནི་རང་གི་བཞོན་རྟ་དང་སྐད་ཆ་བཤད་རྒྱུར་ཤིན་ཏུ་མོས། དེ་ཡང་ཁོའི་སྣང་ངོར་བཞོན་རྟ་གདོང་དཀར་གཅིག་པུས་ཁོའི་སེམས་ནད་དུ་གྱུར་བའི་ཉོག་བཤད་དེ་དག་ལ་རྣ་བ་གཡོར་ངེས། མིག་སྔར། ཟླ་བའི་སེམས་ནད་དུ་གྱུར་བའི་དོན་དག་ནི་ན་ནིང་གཞིས་ནིང་གི་དོན་དེ་ལས་མ་འདས་ཏེ། དོན་དེར་འགྱུར་བ་ཅི་ཡང་བྱུང་མེད། མ་གཞི་ནས་དོན་དག་དེར་འགྱུར་ལྡོག་ཅི་ཡང་མ་བྱུང་། དེར་བརྟེན། སེམས་ནད་དུ་གྱུར་བའི་དོན་དེ་ཤུལ་དུ་ལུས་སོང་། དོན་དེ་དུས་ཀྱི་བཞུར་རྒྱུན་དང་བསྟུན་ནས་ཀྱང་སེམས་ངོ་ནས་མག་མོག་ཏུ་འགྱུར་མ་ཐུབ།
     སེམས་ནད་ཅི་ཞིག་རེད། ཟླ་བའི་གཅེས་རྟ་གདོང་དཀར་གྱིས་གློ་བུར་དུ་དེ་ལྟར་དྲིས་བྱུང་། ཨ་ལ་ཀུ་རེ་ཡིན་ཏེ། བཞོན་རྟས་སྐད་ཆ་བཤད་ག་ལ་ཤེས། དེ་ནི་ཟླ་བས་གཅེས་རྟ་སྡོང་བོར་བཏགས་པ་ན།  ལོགས་སུ་བསྡད་ཡོད་པའི་གྲྭ་པ་བགྲེས་སོང་པ་སངས་ཀྱིས་དེ་ལྟར་དྲིས་པ་རེད། པ་སངས་ལོ་ན་བགྲེས་པས་ཉམས་མྱོང་འབེལ་བ་སྨོས་ཅི་དགོས། ཁོས་རིའི་སྟེང་གི་སྐར་རྡོ་དགོན་པར་བལྟ་ཙམ་བྱས་པ་ན། དགོན་པའི་གསེར་ཕིབས་ནས་འོད་ལམ་ལམ་དུ་འཕྲོས་ཏེ། བྱ་དངོས་ཡོད་དགུ་ཁྲ་ཆིལ་ལེར་བཏང་འདུག
     བྱ་དངོས་ཡོད་དགུ་རེད། གྲྭ་པ་བགྲེས་སོང་གིས་ཏན་ཏིག་ངང་འདི་ལྟར་བསམ་པ་དང་ཆབས་ཅིག་མིག་ཟུམ་ཟུམ་གྱིས་སླར་ཡང་ཟླ་བར་དྲིས། དྲི་བ་དེ་བསྐྱར་ཟློས་ཅིག་བྱེད་དུས་ཉེན་བརྡ་གྲགས་པ་བཞིན་རྣ་བར་གཟན། ཟླ་བས་སྡོང་འོག་ཏུ་ཡོད་པའི་རྡོ་ལེབ་སྟེང་གི་ས་རྡུལ་ལ་ཕུ་བཏབ་ཙམ་བྱས་ནས་ལྟིག་སེར་ཙོག ཁོས་གྲྭ་པ་བགྲེས་སོང་གིས་ཤེས་བཞིན་དུ་འདྲི་བ་ཧ་གོ་ཡོད། ཁོ་ན་རེ། སེམས་ནད་དུ་གྱུར་བའི་དོན་དེ་ནི་ངའི་སྐྱེ་ཁུངས་ཀྱི་གསང་བ་རེད་ཟེར། སྐུ་ཚེ་རིང་ཅིག ཟླ་བས་ཞེ་ཚིག་བརྗོད་བཞིན། ལག་ཟུང་ཐལ་མོ་སྦྱར་བ་དང་། སྐད་ཆ་ནི་ཞུ་བ་འཐེན་པ་ལྟར་ཚིག་གཅིག་གི་རྗེས་སུ་ཚིག་གཅིག་དེད་དེ་ཁ་ནས་ཐོན། ཁྱེད་ཀྱིས་ངའི་སྐྱེ་ཁུངས་ཀྱི་གསང་བ་ང་ལ་བཤད་ན་ཆོག་གམ། ཁྱེད་རང་དགུང་ལོ་མཐོ་བས། ཇི་ལྟར་བཤད་ཀྱང་ཅུང་ཙམ་ཧ་གོ་ངེས། གྲྭ་པ་བགྲེས་སོང་གིས་སྐད་ཆ་དེར་ཉན་རྗེས། དབུགས་རིང་ཅིག་བཏང་ནས། ངས་ཁྱོད་ལ་ཐེངས་ག་ཚོད་བཤད་ཟིན། མི་ཤེས་ཟེར་དུས་མ་ཤེས་པ་རེད། ངས་ཚེ་གང་དགོན་པར་སྤྲད་ཟིན་པས། འཁོར་བའི་ནང་གི་དོན་དག་དེ་དག་ལ་ཁ་ཡ་བྱེད་དོན་མེད། ཟླ་བས་རང་ཉིད་ཡང་བསྐྱར་བྲེལ་བ་ལངས་དྲགས་པ་ལོས་ཤེས། ཚེ་ཐོག་འདི་ནས་འདས་ཟིན་པའི་ཨ་ཕ་ནི་རང་གི་ཨ་ཕ་ངོ་མ་མིན་པ་ཤེས་བཞིན་དུ། གསལ་བོར་རྩད་གཅོད་ཞིག་མ་བྱས་ན། རང་སེམས་བདེ་ལ་འབབ་མི་ཐུབ་པར་མ་ཟད། ལས་ཅི་ཞིག་སྒྲུབ་རུང་སེམས་ཤུགས་མི་འདུག་སྙམ། ཐེངས་དེར། ཆུ་འགྲམ་ནས་བཞོན་རྟར་ཆུ་ལྡུད་དུས་ཀྱང་ཁོས་གདོང་དཀར་ལ་འདི་ལྟར་ཁེར་བཤད་བྱས་མྱོང་། བཞོན་རྟས་ཧ་མི་གོ་བ་ནི་ཆོས་ཉིད་དང་མཐུན་མོད། འོན་ཀྱང་གྲྭ་པ་བགྲེས་སོང་ནི་བཞོན་རྟ་དང་མི་འདྲ། ཁོས་ཧ་གོ་ཡང་ཁོར་རོགས་རམ་མི་བྱེད།
     གློ་བུར་དུ་ཟླ་བས་དོན་འདི་ཐོག་མར་ཇི་ལྟར་ཤེས་པའི་ཚུལ་དེ་དྲན་བྱུང་།
     ཨ་མས་རང་ཉིད་མ་སྐྱེས་གོང་གི་ཟླ་གཅིག་ཙམ་ལ་ཨ་ཕ་ཚེ་ལས་འདས་པ་རེད་ཞེས་བཤད་པ་ད་དུང་ཡང་ཁོའི་བློ་ངོར་འདུག ཁྱོད་ཀྱིས་ཁོ་ཇི་ལྟར་གྲོངས་པ་ཤེས་སམ། དེ་དུས་ཟླ་བ་ལོ་ན་ཆུང་བས། ཁོས་ཨ་མའི་གཏམ་རྒྱུད་ལ་ཉན་པ་བཞིན་མིག་ཟུང་ཆེར་བགྲད་ནས་མཉན། ཨ་མས་ཀྱང་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་སྔོན་ལ་ཇ་དཀར་ཡོལ་གང་རྔམ་འཐུང་བྱས་པ་དང་། དེ་ནས་ག་ལེར་ཇ་འཐུང་ཞོར་དུ་དོན་དག་འདི་བཤད་སོང་། ཁྱོད་ཀྱི་ཨ་ཕ་དང་གྲོང་ཚོ་གཞན་པའི་མི་ཞིག་རྟ་རྒྱུགས་འགྲན། འགྲན་བསྡུར་དེའི་གཟིགས་བཟོས་ནི་ཆང་དཀར་པོ་ཤེལ་དམ་གང་ཡིན། ཁྱོད་ཀྱི་ཨ་ཕའི་རོ་འཁུར་ནས་བསླེབས་དུས། འཁུར་མཁན་དེས་ཆང་དམ་ཁྲོག་གེར་སྒྲོག་ཙེའི་སྟེང་བཞག་རྗེས། ཁྱོད་ཀྱི་ཁྱོ་གའི་རྟ་རྒྱུགས་པ་མགྱོགས་དྲགས་པས་མདུན་སུག་འཕྱི་ཁུང་དུ་སྤོས་ཏེ། མི་རྟ་གཉིས་ཀ་འགྱེལ་ནས་མགོ་བོ་རྡོ་ཆེན་ཞིག་ལ་བརྡབས་པ་རེད་ཟེར། ཤུ་་་་་ཨ་མས་སེམས་ནས་ཅི་ཞིག་བཤད་འདོད་ཀྱང་ཁ་ནས་ཅི་ཡང་བཤད་མ་ཐུབ་པ་ཟླ་བས་རྟོགས་ཡོད།
     འདི་ལྟར། ཟླ་བ་ནི་རང་བཞིན་གྱིས་ཨ་མའི་མངལ་ན་ཡོད་དུས་ནས་བཟུང་ཕ་མེད་དྭ་ཕྲུག་ཅིག་ཏུ་གྱུར་སོང་།
     ཕ་ལོ་མེད་པའི་བྱིས་པར་ནམ་ཡང་སྐད་ཆ་ཁྱད་མཚར་མང་པོ་འདྲི་རྒྱུ་ཡོད། ཡིན་ཡང་སྐད་ཆ་ཁྱད་མཚར་དེ་དག་ལ་ལན་འདེབས་མཁན་ནི་ནམ་ཡང་ཁོའི་ཨ་ཅེ་གཉིས་ཀ་རེད།
     ཨ་ཅེ་ཡིས་ཁྱོད་ཀྱི་དྲི་བ་ནི་མཚན་མོའི་མུན་ནག་ཁྲོད་ཀྱི་རང་གི་གྲིབ་གཟུགས་དང་འདྲ་ཟེར། ཟླ་བས་མཚན་མོའི་མུན་ནག་དེ་བར་སྟོང་གི་གཏིང་ཟབ་སར་ཟམ་མི་ཆད་པར་ཁུམ་འདར་བྱེད་པ་ཡང་མཐོང་པས། ཁོས་བཤད་པའི་སྐད་ཆ་ཁྱད་མཚར་རྣམས་ནི་དེ་དང་བསྡུར་ན་ངོ་མ་གླེང་རིན་མི་འདུག ཁོ་རང་འདི་ལྟར་ནར་སོན་རྗེས། ཨ་ཅེ་གཉིས་ཀ་ཡང་གཅིག་རྗེས་གཉིད་མཐུད་དུ་གནས་ལ་བུད་སོང་། ཨ་མས་བུ་མོ་ལག་ཆགས་ཚར་དུས་གཞན་གྱི་མི་རེད། ཁྱིམ་གྱི་རྐང་འཛིན་པ་ནི་བུ་ཁོ་ན་ལས་མ་འདས་ཟེར།
     རྐང་འཛིན་པ་ཟླ་བ་ཡང་གཉེན་སྒྲིག་གི་ལོ་ཚོད་ལ་བསླེབས་ཙ་ན། རང་བཞིན་གྱིས་མནའ་མ་བླངས་ནས་ཕྲུ་གུ་ཡང་སྐྱེས། ཨ་མ་ཡང་རང་བཞིན་གྱིས་དུས་ཚོད་མ་འཁྱོལ་བར་ཞིང་ཁམས་གཞན་ཞིག་ཏུ་བཞུད་སོང་། ཕྱི་མའི་ཡུལ་དུ་མ་ཆས་སྔོན་ལ། ཁོ་མོ་ནད་ཁྲིའི་སྟེང་ཉལ་ཏེ། གློ་བུར་དུ་ཞལ་སྔའི་ཚགས་པར་དེའི་ཚོན་ལྡན་ཤོག་ལྷེའི་ངོས་ཀྱི་བརྡ་ཁྱབ་དེ་བསྟན་ནས། ཁྱོད་ཀྱི་ཨ་ཕས་རྟ་རྒྱུགས་འགྲན་ནས་གཟིགས་བཟོས་སུ་ཐོབ་པ་ནི་ཆང་འདིའི་རིགས་རེད་ཟེར།
     ཟླ་བས་ཚོན་ལྡན་ཤོག་ལྷེའི་དཀྱིལ་གྱི་ཆང་དམ་དེར་བལྟ་བཞིན། ཨ་མ་ནི་གསང་བ་ཡོད་ཚད་ཁོར་བཤད་སོང་བ་ལྟར་ཞེ་ཕམ་ཅི་ཡང་མེད་པར་མིག་བཙུམ་སོང་སྙམ། ཅང་མ་འགོར་བར། ལོ་གཅིག་གི་རྗེས། མ་རེད། ལོ་གཉིས་རེད། ཁོས་དེ་ཉིད་ཡིད་ལ་དམ་པོར་བཅངས་ཡོད། ཉིན་དེར་བུ་ཆུང་གིས་གཅིན་གཏོང་ཐེངས་གཅིག་ཁོའི་ལྷམ་མགོ་ཡར་གྱེན་དུ་རྩེན་པའི་བོད་ལྷམ་ཡུ་རིང་གི་སྟེང་གཏང་སོང་། ཁོ་ནི་ཅི་ཞིག་གིས་བླ་བཀུག་པ་བཞིན་རང་དབང་མེད་པར་སོང་། སོང་སོང་མཐར་བུ་ཆུང་གི་གཅིན་དེ་ཡང་ལྷམ་སྟེང་ནས་སྐམ་སོང་། ཁོ་གོ་མེད་ཚོར་མེད་ངང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་མཛོད་ཁང་རྙིང་པ་གོག་ཧྲུལ་དེའི་ནང་བསླེབས་འདུག དེའི་ནང་སྟོང་ལྷང་ལྷང་བྱེད་ཅིང་། ཤུལ་དུ་རླུང་བསེར་བུ་ཞིག་གི་ལྡིང་སྐོར་ལས་ཅི་ཡང་མི་འདུག
     ཁོས་གང་སར་འཕུར་བའི་རྡུལ་འཚུབ་ཀྱི་ཁྲོད་ནས་མིང་ཐོ་རྙིང་པ་ཞིག་རྙེད། མིང་ཐོ་དེ་ཨར་འདམ་གྱི་ཐང་གཅལ་དུ། རླུང་གིས་འཁུར་མ་ཐུབ་པའི་མདག་མའི་ཁྲོད་ཕར་སློག་ཚུར་སློག་བྱེད། ཁོས་མིང་ཐོ་དེ་སྒྲུག་པ་ན་སྟེང་དུ་ཨ་ཕའི་མིང་ཡོད་པ་མཐོང་། ཨ་ཕའི་མིང་ནི་འཆར་ཙམ་ལས་མ་བྱས་ཀྱང་ཁོའི་མིག་རྣོན་པོ་དེས་བཟུང་ཐུབ་སོང་། ཞྭ་མོའི་འོག་ཏུ་བྱི་བ་གཅིག་བཟུང་ཡོད་པ་ཇི་བཞིན། ཁོས་ལམ་སེང་ཡར་མར་འགུལ་བའི་ཤོག་ལྷེ་དེ་མར་མནན། ཁོས་བྱི་བའི་ཕོ་མོའི་དབྱེ་བ་གསལ་འབྱེད་བྱེད་པ་ལྟར་དགའ་སྤྲོའི་ངང་ཤོག་ལྷེ་འགའ་ཕར་སློག་ཚུར་སློག་བྱས་པ་དང་ཨ་ཕའི་མིང་བཀོད་པའི་ཤོག་ལྷེ་དེ་རྙེད་བྱུང་། མིང་དེའི་བོད་ཡིག་གི་དག་ཆ་ལ་སྐྱོན་ཅི་ཡང་མི་འདུག གྲོང་ཚོའི་ནང་མིང་འདི་ཐོགས་མཁན་ཨ་ཕ་གཅིག་པུ་ལས་མེད། དེ་མུར་ཁོས་སླར་ཡང་འཕྲེད་རྐང་རེའུ་མིག་ནང་གི་བོད་ཡིག་རྣམས་འདུག་བཟོད་མེད་པར། འཕྱུར་ཡོང་ནས་རེའུ་མིག་འོག་མར་བསླེབས་པ་མཐོང་། འོན་ཀྱང་སྐྱོན་མེད་དེ། ཟླ་བས་རེའུ་མིག་རེ་རེ་མཛུབ་མོས་དེད་ནས་འཕྲེད་དུ་སོང་། ཁོས་རེའུ་མིག་གི་མཆན་དུ་སྣག་ཚ་དམར་པོས་ཨ་ཕ་འདས་པའི་ཟླ་ཚེས་གསལ་བོར་བཀོད་ཡོད་པ་མཐོང་། དེར་བཀོད་པའི་ཨ་རབ་ཀྱི་ཨང་ཀི་ནི་ཆེ་རྒྱུ་མེད་ཀྱང་རིང་ཐུང་མི་སྙོམས་པས། ན་ཚོད་མི་འདྲ་བའི་དྭ་ཕྲུག་ཁྱུ་གཅིག་གྲལ་བསྒྲིགས་པ་དང་མཚུངས། ཟླ་བས་ཐེངས་འགར་བལྟས། དཔེ་མི་སྲིད། ཨ་ཕའི་འདས་སྐར་དེ་ངའི་སྐྱེས་སྐར་ལས་ལོ་གསུམ་གྱིས་སྔ། བྲིས་ནོར་ཐེབས་པ་ཁོ་ཐག་རེད། ཁོས་མིང་ཐོ་རྙིང་པ་དེ་ཁྱིམ་དུ་ཁྱེར་ནས་རང་གི་ཐོབ་ཐང་ལག་ཁྱེར་བླངས་ཏེ་བསྡུར་བ་ཞིག་བྱས། ཁོའི་མིག་ཞགས་མིང་ཐོ་ནས་ཐོབ་ཐང་ལག་ཁྱེར་གྱི་སྟེང་དུ་འཕོས་པ་དང་། སླར་ཡང་ཐོབ་ཐང་ལག་ཁྱེར་གྱི་སྟེང་ནས་ཕྱིར་མིང་ཐོར་འཕོས། འདི་ལྟར་བསྐྱར་ཟློས་ཐེངས་འགའ་བྱས་པ་ན། ཁོས་རང་ཉིད་ཀྱི་མགོ་ན་བ་ཚོར་བྱུང་། ཨ་ཡ་མཚན། ཁོ་ལ་ལས་དབང་གིས་གློ་བུར་དུ་ཏིང་སྒྲ་དང་བཅས་ལྕགས་ལེབ་ཅིག་ཁོའི་མདུན་དུ་གཡུགས་པའི་སྣང་བ་བྱུང་ལ། ལྕགས་ལེབ་དེའི་སྟེང་དུ་འདི་ནི་དོན་དངོས་རེད་ཅེས་པའི་ཡི་གེ་བརྐོས་འདུག
     ཨ་ཕ་ནི་ངའི་ཨ་ཕ་ངོ་མ་མིན་ནམ། དེ་ན་ངོ་མ་སུ་ཡིན་ནམ། མཚན་མོ་དེར། ཟླ་བ་མལ་སའི་ནང་འགྲེ་ལྡོག་རྒྱག་བཞིན་གཉིད་མ་ཁུག ཕྱི་ཉིན། ཁོས་རྒད་པོ་འགའ་བོས་ཡོང་ནས་རང་གི་ཨ་ཕ་ནི་ག་དུས་ཚེ་ལས་འདས་པ་འདྲི་དུས། བསམ་ཡུལ་འདས་པ་ཞིག་ལ་ཁོ་ཚོས་དུས་ཚོད་དེ་བརྗེད་མི་འདུག ཁོ་ཚོས་བཤད་པ་མིང་ཐོའི་མཆན་གྱི་རེའུ་མིག་ཏུ་བཀོད་པའི་འདས་སྐར་དང་ཉིན་འགའི་ཁྱད་པར་ཡོད་ཀྱང་ལོ་དང་ཟླ་བ་གཉིས་ཀ་བཤད་པ་འགྲིག་སོང་། གང་ལྟར་ཡང་ད་བར་དུས་ཚོད་ཡུན་རིང་ཞིག་འགོར་ཟིན་པས་ཁོ་ཚོར་ཡང་ཁག་མི་འདུག
     དེ་ནས། ཟླ་བས་སླར་ཡང་ང་ནི་ལོ་ནམ་ཞིག་ལ་སྐྱེས་པ་ཤེས་སམ་ཞེས་དྲིས། ཁོས་ལག་པས་རང་གི་བྲང་ཁར་བསྟན་ཙམ་བྱས་ལ། ཁོའི་མིག་ཟུང་དུ་དོགས་པ་དང་དྲི་བས་ཁེངས་འདུག འདི་ལྟར་དྲིས་མ་ཐག རྒད་པོ་རྣམས་ཀྱིས་མགོ་བོ་གཡུགས་བཞིན་མི་ཤེས་ཟེར། ཚུལ་དེ་ནི་ཁོ་ཚོའི་སྔར་གྱི་རྣམ་དཔྱོད་འཕྲལ་མ་ཉིད་དུ་ཀླད་པ་ནས་བྲོས་པ་དང་མཚུངས། འདྲི་རྒྱུ་མང་དྲགས་རྐྱེན་ཁོ་ཚོ་ཡང་སུན་ནས། ད་མ་འདྲི་ཟེར། ཁྱོད་ཀྱི་གནས་ཚུལ་གསལ་བོར་ཤེས་མཁན་ནི་ཁྱོད་ཀྱི་ནང་མི་རེད། ཁྱོད་ཀྱིས་ཅིིའི་ཕྱིར་རང་གི་ཨ་ཅེ་གཉིས་ལ་མི་འདྲི། ཁོ་མོ་གཉིས་ནི་གཏུམ་མོ་ཡིན་པས་ཁྱོད་ཀྱི་གློ་སྙིང་འཆའ་སྲིད་དམ་ཟེར།
     ཨ་ཅེ་གཉིས་ཀྱིས་ཁོར་གོ་ཆོད་པའི་ཁུངས་སྣེ་ཅི་ཡང་བཤད་མི་སྲིད་པ་ཟླ་བས་ཤེས་ཡོད། ཁུངས་སྣེ་ཡོད་པའི་དབང་དུ་བཏང་རུང་། ཁོ་མོ་གཉིས་ཀྱི་སར་བསླེབས་དུས་ཆད་སོང་བ་དང་ཁྱད་མེད། གློ་བུར་དུ་ཁོའི་ཀླད་པའི་ནང་སྐུད་པ་ཕྲ་མོ་ཞིག་འཆར་བྱུང་། དམ་ཅིང་གྲིམ་པའི་སྐུད་པ་ཕྲ་མོ་ཞིག ཐག སྐུད་པ་ཕྲ་མོ་ཆད་པའི་སྒྲ་དེས་ཟླ་བ་ཁྱ་རེ་ཁྱོ་རེའི་ངང་པུས་མོ་སར་འཛུགས་སུ་བཅུག་སོང་། རྒད་པོ་རྣམས་ནི་ཁོས་པུས་མོ་བཙུགས་པ་མཐོང་མི་འདོད་པ་སྨོས་མེད་ཡིན་པས། ཁོ་ཚོས་རྐང་རྡབ་བྱེད་ཅིང་མགོ་བོར་འཕྲུག དེ་ལྟར་ཡུད་ཙམ་འགོར་རྗེས། རྒད་པོ་གཅིག་གིས་ཁོ་ལ། དོན་དག་འདི་ལྟ་བུ་ནི་ཁྱོད་ཀྱི་ཨ་ཕའི་གྲོགས་པོ་ནོར་བསྟན་ལ་དྲིས་ན་འགྲིག ཁྱོད་ཚང་གི་དོན་དག་ཁོ་མ་གཏོགས་སུས་ཀྱང་མི་ཤེས་ཟེར།
     ནོར་བསྟན། དངོས་གནས་ཁོ་ཡིན་ནོ།། སྐབས་འདིར་རྒྱུ་མཚན་ཅི་ཡིན་མི་ཤེས་མོད། ནོར་བསྟན་བསླེབས་སོང་། འདི་འདྲའི་སྟབས་འགྲིག་ཁག་པོ་ནི་ནམ་ཡང་ལམ་འགྲོ་རྒྱུགས་པའི་དཔང་རྟགས་ཡིན། ཡིན་ནའང་སྟབས་འགྲིག་འདི་ལྟ་བུ་ནི་ཡང་བསྐྱར་བར་ཆད་ཐེབས་ཆེད་ཡིན་པ་འདྲ། དེ་ན་ཁོ་སྔོན་ཆད་ནོར་བསྟན་གྱི་སར་སོང་མ་མྱོང་ངམ་ཟེར་ན། འོ་རེད། ཐེངས་དེར་ནོར་བསྟན་གྱིས་ཟླ་བས་དྲིས་པའི་དྲི་བ་རེ་རེ་ཕྱིར་གཡུགས་རྗེས་ཁོ་རང་ཁྱིམ་ནས་བསྐྲད། ཐཱ་མ་ཏི(རྒྱ་སྐད)།  ཁོས་རྒད་པོས་རྒྱ་སྐད་ད་མ་དིག་གིས་སྡིགས་པ་ཐོས། མི་རྣམས་ཀྱིས་བཤད་ན། ནོར་བསྟན་ཞེ་སྤོ་གཏིང་ནས་ལངས་དུས་མ་གཏོགས། ཁོའི་དྲན་ཤེས་ཀྱི་མཛོད་ནང་རྒྱ་སྐད་འགའ་ཤས་ལས་མེད་པ་དེ་བཀོལ་མི་སྲིད་ཟེར། དེ་དག་ནི་སྡིགས་མོ་བྱེད་པ་རྐྱང་རྐྱང་རེད། བསྟོད་བསྔགས་བྱེད་པའི་སྐད་ཆ་ནི་སློབ་དཀའ་བས་ཁོས་སྦྱངས་ཀྱང་མ་ཤེས། ཐེངས་འདིར། ཟླ་བས་ཡང་བསྐྱར་རང་ཉིད་ལ་སྡིགས་སྲིད་པའི་ཉེན་ཁ་འདི་བརྒྱུད་དགོས། ཁོ་ལམ་སེང་རྡོ་ལེབ་ཐོག་ནས་ཡར་ལངས། གྲྭ་པ་བགྲེས་སོང་གིས་ཁ་གདངས་ནས་ཅི་ཡིན་ཧ་མ་གོ་དུས། ཁོས་གོམ་པ་གཉིས་གསུམ་སྦྲེལ་ནས་རང་གི་ལུས་པོ་ཉི་མའི་འོག་ཏུ་བསྣུར་ཚར་འདུག ཉི་འོད་ནི་བཀག་སྡོམ་གྱི་བསླབ་བྱ་གནང་མཁན་ལྟར་ཁོའི་མིག་ཏུ་འཕྲོས་བྱུང་། ཁོས་ཁ་ཡ་མ་བྱས་པར་ཐོལ་གྱིས་ནོར་བསྟན་སྐྱོར། བགྲེས་སོང་ནོར་བསྟན་གྱིས་ད་དུང་སྟོང་སྐུད་འཇུར་བའི་དགུན་ལྭ་དེ་གྱོན་འདུག དབྱར་ཁ་བསླེབས་རུང་། “གོ་ཁྲབ”་འདིས་ཁོར་གཟི་བརྗིད་གནང་བ་ལྟར། ཁོས་གཟི་བརྗིད་འདི་ལུས་ནས་མར་བླངས་མི་འདུག ཁོས་གློ་བུར་དུ་ཟླ་བས་རང་གི་དཔུང་པ་གཡོན་པར་འཇུས་ཡོད་པ་མཐོང་དུས། རང་ཉིད་ནི་ན་སོ་རྒས་དྲགས་ནས་ཕྱི་མའི་ཡུལ་དུ་ཆས་གྲབས་ཡོད་པ་ཞིག་དང་འདྲ་སྙམ་བྱུང་། ཁོས་སེམས་ཀྱི་མེ་ཐབ་དེ་འཕྲལ་མར་སྦར་བྱུང་བས་རང་ཉིད་ཚོད་འཛིན་བྱེད་མ་ཐུབ།
     ཁོས་ལག་པ་ཕྱུང་ནས་ཟླ་བར་ཕུད་རྒྱག་ཅིག་བྱས། སྡིགས་འདོད་དུས་ཁ་ནང་དུ་ཚུར་སྤུར་འོངས་བའི་བསེར་བུ་ཁ་གང་བརྫངས་སོང་། གྲོང་ཚོ་འདིར་བསླེབས་དུས། ད་ནི་ཁོའི་མངའ་ཁོངས་མིན་པ་སྨོས་མེད་ཡིན་ཏེ། འདི་ནི་ཟླ་བའི་མངའ་ཁོངས་ཡིན་པས། བསེར་བུས་ཀྱང་ཁོའི་ཕྱོགས་བྱེད་པ་དེས་ཁོར་ཆང་དཀར་གང་གིས་ཆད་པ་བཅད་པ་དང་འདྲ། མ་རེད། བསེར་བུ་ཁམ་གང་རེད། ནོར་བསྟན་གྱིས་བསེར་བུ་དེ་ཁོག་ཏུ་མིད་པ་དང་རང་བཞིན་གྱིས་ཁ་ནས་ཅི་ཡང་སྡིགས་མ་ཐུབ། ཁོས་ཆིག་ལབ་རྒྱག་བཞིན། ཁྱོད་ཀྱི་བསམ་པར་ང་རང་རྒས་དྲགས་ནས་ཕྱུགས་ནད་སྨན་པའི་ཁྱིམ་དུ་འགྲོ་སའི་ལམ་ཁ་ཡང་ངོ་ཤེས་ཀྱིན་མི་འདུག་འདོད་དམ། རྒས་དྲགས་ནས་ཁྱོད་ཚོ་གྲོང་ཚོར་ཡོང་དོན་ཡང་བརྗེད་འདུག་འདོད་དམ། ཁྱོད་ཀྱིས་ང་ལ་སྤྲེལ་ལད་འཁྲབ་མི་དགོས། ཁྱོད་ཀྱིས་སླར་ཡང་ང་རང་ཁོང་ཁྲོ་སློང་བའི་དྲི་བ་དེ་དག་འདྲི་སྲིད་པ་ངས་ཤེས་ཡོད། ངས་ཁྱོད་ལ་བཤད། ང་ལ་བཤད་རྒྱུ་ཅི་ཡང་མེད། ཁྱོད་ཕར་སོང་། ནོར་བསྟན་གྱིས་དེ་ལྟར་བཤད་ཞོར། ཟླ་བའི་ལག་ནས་ཐར་བའི་དཔུང་པ་གཡུག་ཙམ་བྱས་པ་དང་། མྱུར་མོར། འོན་ཀྱང་མགྱོགས་རྒྱུ་མེད། ན་སོ་རྒས་པའི་དབང་གིས། རྟབ་རྟབ་པོར་ཕྱུགས་ནད་སྨན་པའི་ཁྱིམ་དུ་ཕྱིན།
     གློ་བུར་དུ་ཟླ་བར་དོགས་གཞི་ཞིག་སྐྱེས། འོ་ན་ཁོ་ཚོའི་གྲོང་ཚོར་ཕྱུགས་ནད་སྨན་པ་མེད་དམ། ཁོས་གྲོང་ཚོར་དེར་ཕྱུགས་ནད་སྨན་པ་ཡོད་པ་གསལ་བོར་ཤེས་པ་མ་ཟད། ད་དུང་ཕྱུགས་ནད་སྨན་པ་ཕུལ་བྱུང་ཅིག་ཡིན་པ་ཡང་ཤེས་ཡོད། རང་གི་གྲོང་ཚོར་ཕྱུགས་ནད་སྨན་པ་ཡོད་བཞིན་དུ་འདི་ལྟར་ངལ་བ་སྟོང་ཟད་བྱེད་དོན་གང་ཡིན་ནམ། ཡིན་ནའང་དྲི་བ་འདིར་ཁོས་ལས་སླ་མོའི་ངང་ནས་ལན་འདེབས་ཐུབ་སོང་། ཕྱུགས་ནད་སྨན་པ་དེ་ཡུལ་གཞན་དུ་ཕྱིན་པ་ཁོ་ཐག་རེད། བྲེལ་བ་འདི་འདྲ་ལངས་དོན་ནི་ཁོའི་བུའི་བཞོན་རྟ་ཡ་མེད་དེ་ན་བ་གཏན་ཁེལ་རེད། ནོར་མེད། འདི་ལྟར་ཡིན་པ་ཐག་གིས་ཆོད། ཁོས་འདི་ལྟར་བསམ་བཞིན་རང་གི་འགྲོ་ཕྱོགས་ཀྱང་བསྒྱུར་སོང་། ད་ཅི། ནོར་བསྟན་གྱིས་ཁོར་དེ་ལྟར་བཤད་ཙ་ན་ཕྱིར་སྡོང་འོག་ཏུ་ལོག་འདོད་ཡོད། ཡིན་ཡང་ད་ལྟ། ཁོ་རང་ཡིན་གཅིག་མིན་གཉིས་ཕྱུགས་ནད་སྨན་པའི་ཁྱིམ་དུ་འགྲོ་དགོས། ཁོས་ཕྱུགས་ནད་སྨན་པས་འཕྲུལ་རྟའི་རྒྱབ་ཏུ་ནོར་བསྟན་བསྐྱོན་ནས་གྲོང་ཚོ་ལས་ཐོན་འགྲོ་བ་མཐོང་བྱུང་། ཤུལ་དུ་ཁོ་གཅིག་པུ་ཕྱུགས་ནད་སྨན་པ་ཚང་གི་སྒོ་ཁའི་ས་སྟོང་དེར་ལངས་ནས་སྒུག་བསྡད། ཅང་མ་འགོར་ཕྱུགས་ནད་སྨན་པ་ལོག་སྲིད་པ་ཁོས་ཤེས་ཡོད་ལ། ཁོས་ཕྱུགས་ནད་སྨན་པར་ཅིག་དྲིས་ན། རང་གི་ཚོད་དཔག་བྱས་པ་བདེན་མིན་ཡང་ལམ་སེང་ཧ་གོ་ཐུབ།
     ཟླ་བས་ཆུ་ཚོད་གསུམ་ལྷག་ལ་སྒུག ཕྱུགས་ནད་སྨན་པ་གཞི་ནས་ལོག་བསླེབས་སོང་། ཁོས་ཟླ་བར་བཤད་རྒྱུར། ནོར་བསྟན་གྱི་་བུའི་བཞོན་རྟར་ནད་ཅི་ཡང་བྱུང་མི་འདུག དེས་འཐོམ་རྩྭ་ཟོས་པས་ཁ་ནས་ལྦུ་བ་དཀར་པོ་འཕྱུར་ཏེ་ནམ་རྒྱུན་དང་མ་འདྲ་བ་ཙམ་རེད་ཟེར། ཁྱིམ་དུ་ནོར་བུ་ཡོད་ན་གཉིད་མི་ཡོང་ཞེས་པ་ནི་གང་འདྲར་ཟེར་བ་རེད་ཅེ་ན། འདི་འདྲར་ཟེར་བ་རེད། རྒད་པོ་ནོར་བསྟན་གྱིས་སེམས་ཆུང་བྱས་པ་ཐལ་དྲགས་སོང་། ཁོ་ཚང་གི་རྟ་ནག་སུག་དཀར་དང་ཁྱོད་ཀྱི་རྟ་དམར་གདོང་དཀར་ནི་རྟ་མཆོག་དཀོན་པོ་ཡིན་པ་སུས་མི་ཤེས། གཉིས་ཀ་རྟ་རྒྱུགས་མཐུན་ཚོགས་ཀྱི་གྱང་ངོས་སུ་སྦྱར་ཡོད། ཡིན་ཡང་ཁྱོད་ཀྱིས་རང་གི་རྟ་མཆོག་ལ་སེམས་ཁུར་ཉག་ཙམ་ཡང་མི་བྱེད། ཕྱུགས་ནད་སྨན་པས་ཁོའི་ལྷོད་ལ་འབབ་མཁས་པའི་སེམས་གཤིས་ལ་བསྟོད་ཀྱིན་པ་ཟླ་བས་ལོས་ཤེས། གཏམ་དེ་སུས་མཉན་ཀྱང་མགུ་ངེས། བརྒྱ་ལ་ཁོས་སྐབས་འདིར་བསྟུན་ནས་ཕྱུགས་ནད་སྨན་པས་ལྷག་ཏུ་བསྟོད་དགོས་པའི་དོན་འགའ་བཤད་རྩིས་བྱས་མོད། འོན་ཀྱང་འོས་འཚམ་མ་རེད་སྙམ་ནས་བཟོད་བསྲན་བྱས། ཕྱུགས་ནད་སྨན་པའི་སྐད་ཆའི་སྒམ་ཁ་ཕྱེ་ཚར་དུས་ད་བཤད་ནས་རྫོགས་རྒྱུ་མེད། ཁོས་ཡང་བསྐྱར། ཚང་མས་ཁྱོད་ཀྱི་གདོང་དཀར་དང་ནོར་བསྟན་གྱི་བུའི་སུག་དཀར་གཉིས་ཀྱི་འགྲན་རྒྱུགས་ལ་བལྟ་འདོད་ཡོད་མོད། འོན་ཀྱང་མི་རྣམས་ཀྱིས་བཤད་ན་རྟ་རྒྱུགས་མཐུན་ཚོགས་ཀྱིས་གདན་ཞུ་ཐེངས་ཁ་ཤས་བྱས་ཀྱང་ཁྱོད་རང་འགྲན་ཞུགས་བྱས་མ་སོང་ཟེར། རྒྱུ་མཚན་ཅིའི་ཕྱིར། དེ་ལྟར་བཤད་ཞོར་དུ་ཕྱུགས་ནད་སྨན་པས་ཡང་ཚིག་སྣེ་བསྐོར་ནས་སུག་དཀར་ཞེས་པའི་མིང་འདི་བཏགས་པ་བཟང་བར་བསྟད་བྱུང་། སུག་བཞིའི་སྟེང་གི་སྤུ་དཀར་པོ་ཡིན་པས་དངོས་གནས་ཞོ་བླུགས་པ་དང་མཚུངས། དེ་མུར་ཁོས་སླར་ཡང་། ངེས་པར་དུ་འགྲན་དགོས། སུག་དཀར་དང་རྒྱལ་ན་ཁྱོད་ཀྱི་བཞོན་རྟ་གདོང་དཀར་ནི་རྟའི་རྒྱལ་བོ་ཡིན། ཡིན་ནའང་ཟླ་བས་སུའི་རྟ་རྒྱལ་མིན་ལ་སྣང་འཇོག་མི་བྱེད། རང་ཉིད་ཀྱི་བཞོན་རྟ་གདོང་དཀར་གྱིས་རྒྱལ་ཁ་བླངས་བའི་དབང་དུ་བཏང་རུང་། ཁོར་མཚོན་ནས་བཤད་ན་དེ་ནི་འགྲན་རྒྱུགས་མང་པོ་ཁྲོད་ཀྱི་རྒྱལ་ཁ་ཐེངས་གཅིག་ལས་ཅི་ཡང་མ་རེད། ད་སྐབས་དེ་ལས་ཀྱང་གལ་ཆེ་བའི་དོན་ཞིག་ཡོད་པ་ནི་སྐྱེས་ཁུངས་ཀྱི་གསང་བའོ།། ཁོས་མགོ་བཀྱགས་ནས་ཉི་མར་བལྟས་པ་ན། དེ་ཉིད་གཞོང་བ་ཆེན་པོ་ཞིག་བར་སྣང་དུ་དཔྱངས་པ་དང་མཚུངས་བར། ཚ་ངད་གང་སར་གཏོར་བཞིན་འདུག
     ཁྱོད་ཀྱིས་མི་ཞིག་འདི་ལྟར་མགོ་འཁོར་བའི་རྒྱུ་མཚན་གང་ཡིན་པ་ཤེས་སམ། ཁྱོད་ཀྱིས་མི་ཞིག་གི་རྒྱབ་ཏུ་འགྲོལ་དཀའ་བའི་གསང་བའི་མདུད་པ་ཞིག་ཁུར་དུས་སེམས་སྡུག་གང་འདྲ་ཡོད་མིན་ཤེས་སམ། ཟླ་བས་དེ་ལྟར་ཐོལ་བྱུང་དུ་དྲིས་པ་ན། ཕྱུགས་ནད་སྨན་པ་ཅུང་ཙམ་ལ་ཧད་རྗེས་ལན་མ་བཏབ། ཁོས་ཟླ་བས་ཅི་ཞིག་བཤད་རྩིས་བྱེད་པ་མི་ཤེས། ཟླ་བས་ད་དུང་ཅི་ཞིག་བཤད་དམ། འཇིག་རྟེན་འདིར་ཁོར་སྐྱེས་ཁུངས་ཀྱི་གསང་བ་ལས་གཞན་གྱི་གླེང་བྱ་གང་ཡང་མེད།
     ཁྱོད་ཀྱིས་ང་ལ་འདྲི་བ་ཡིན་ནམ། ཕྱུགས་ནད་སྨན་པས་ཕར་ལྟ་ཚུར་ལྟ་ཞིག་བྱས། ཟླ་བས་མགོ་བོ་ལྡེམ་ཙམ་བྱས་པ་ན། ཕྱུགས་ནད་སྨན་པས་ཐབས་ཟད་པའི་རྣམ་འགྱུར་བསྟན། ཁོས་གསལ་བོར་ཧ་མ་གོ་བ་འདྲ། ཧ་མ་གོ་དུས་ཁ་རི་ཁ་ཐུག་ཏུ་དྲིས་ན་བཟང་། ཁྱོད་ལོ་ན་མི་མཐོ་རུང་གཅིག་བྱས་ན་ངའི་སྐྱེས་ཁུངས་ཀྱི་གསང་རྒྱ་དེ་བརྟོལ་ཐུབ་ཡང་སྲིད། ཁྱོད་ཀྱིས་ང་ལ་བཤད་ཆོག་གམ། ཕྱུགས་ནད་སྨན་པས་སྐད་ཆ་དེར་ཉན་རྗེས་ཡ་མཚར་ནས་ཟླ་བར་བལྟས་ཏེ་བསྡད། མཐར་ཁོས་ཀྱང་ཟླ་བ་ནང་བཞིན་ཕར་དྲིས་བྱུང་། ཁྱོད་ཀྱིས་ངས་ཁྱོད་ཀྱི་སྐྱེས་ཁུངས་ཀྱི་གསང་རྒྱ་བརྟོལ་ཐུབ་པ་ཇི་ལྟར་ཤེས། ཁྱོད་ཀྱིས་ངེད་གཉིས་ན་མཉམ་ཡིན་པ་མི་ཤེས་སམ། ཁྱོད་ཀྱིས་མི་ཤེས་ན་ངས་ཀྱང་མི་ཤེས་པ་སྨོས་མ་དགོས། བཤད་ཚར་བ་དང་ཁོས་སྨན་སྒམ་ནས་ལྕགས་ཀྱི་ཁབ་རྒྱག་ཆས་ཤིག་བླངས་ཏེ། བལྟས་ཡོང་ན་ཁྱོད་རང་ན་བ་ཅུང་ལྕི། ངས་ཁྱོད་ལ་ཁབ་གཅིག་རྒྱག་དགོས་སམ་ཟེར། ཟླ་བས་མགོ་བོ་ལན་འགར་གཡུགས། ཁོ་རང་ཡང་བསྐྱར་བློ་ཕམ་སོང་། ནོར་བསྟན་ཕུད། ཁོའི་སྐྱེས་ཁུངས་ཤེས་མཁན་མི་གཅིག་ཀྱང་མི་འདུག ངས་སུན་མེད་ངང་རིང་གི་སྒོ་ནས་དྲིས་ཀྱང་ལན་འདེབས་ཐུབ་མཁན་མི་གཅིག་ཀྱང་མི་འདུག ཟླ་བ་བློ་ཕམ་བཞིན་ཕར་སོང་ནས་རྟར་བཞོན་པ་དང་མྱུར་བ་མྱུར་དུ་གནས་དེར་བྲལ།
     ངོ་མ་རྟ་མཆོག་ཡ་མེད་ཅིག་རེད་ཡ། རྟ་མཆོག ཁོ་རང་ཉིད་ཀྱིས་ཀྱང་འདི་ལྟར་བསྟོད་པ་བྱས། ཁོས་གཅེས་རྟ་གདོང་དཀར་ལ་བསྟོད་པ་བྱེད་དུས། རླུང་ནི་འུ་རུ་རུ་བྱེད་བཞིན་ཁོའི་རྣ་བར་བརྫངས་པ་ཐོས། གྲོང་ཚོ་ནི་འཕྲལ་མར་རྗེས་སུ་བསྐྱུར། ཁོས་འོག་གི་རྟ་མཆོག་དེ་ས་ངོས་ལས་ཁྲུ་ཙེ་གསུམ་ཙམ་ལ་མཆོང་བ་ཚོར། རྟ་མཆོག་འདི་འདྲ་ཞིག་ཡོད་པ་ནི་རང་གི་བསོད་ནམས་ཡིན་པ་བཤད་མ་དགོས།
     ཅང་མ་འགོར་བར། བཞོན་རྟས་ཟླ་བ་བཀལ་ཏེ་གྲོང་ཚོ་ནས་ཐོན་སོང་། དེ་ནི་ཐང་རྒྱ་ཆེན་པོ་ཞིག་ཡིན་ཏེ། ཟླ་བ་དུས་རྒྱུན་དུ་རྟ་ཞོན་ནས་གནས་འདིར་ཡོང་སྲིད། སྔོན་ཆད་ཨ་མས་བཤད་ན། ཨ་ཕ་ནི་ཐང་ཆེན་པོ་འདི་ནས་འགྱེལ་ཏེ་གྲོངས་སོང་ཟེར། འཕྱི་ཁུང་རེ་རེ་ནི་རྟ་རྒྱུགས་མཁན་ལ་མཚོན་ནས་བཤད་ན་ཅིས་ཀྱང་དོགས་ཟོན་བྱེད་དགོས་པའི་འོབས་དོང་ཞིག་ཡིན་པ་སྨོས་མ་དགོས། ཨ་མས་ཁོ་ཁྲིད་ནས་གནས་ཤིག་ཏུ་ཕྱིན་ཏེ་སྟོན་ཙམ་བྱས་པ་ན། ཟླ་བས་ཨ་མའི་དགོངས་དོན་རྟོགས་སོང་། གསལ་བོར་བཤད་ན་ཨ་ཕ་གྲོངས་ས་གནས་འདི་རེད། ཟླ་བས་དང་པོར་གནས་དེའི་མཚོན་རྟགས་སུ་རྡོ་འགའ་ཤས་སྒྲིག་རུང་། རྗེས་སུ་མཚོན་རྟགས་མེད་ཀྱང་ཁོས་གནས་དེ་ངོས་འཛིན་ཐུབ། གནས་དེའི་ས་ངོས་ནི་ཁྱད་པར་ཅན་ཞིག་མིན་རུང་། དེ་རུ་དྲི་མ་ཁྱད་པར་ཅན་ཞིག་འཐུལ་འདུག
     ཉེ་ལམ། ཅི་ཡིན་མི་ཤེས་མོད། གནས་དེ་རུ་གློ་བུར་དུ་བརྡ་ཁྱབ་བྱང་བུ་ཆེན་པོ་ཞིག་བཙུགས་འདུག དེའི་ཆེ་ཆུང་ལ་ལྗིད་ཐེག་རླངས་འཁོར་གཉིས་གཤིབ་པ་ལྟ་བུ་ཞིག་ཡོད། ཐེངས་དེར་ཟླ་བ་རྟ་ཞོན་ནས་ཡོང་དུས། ཐག་རིང་ནས་བརྡ་ཁྱབ་བྱང་བུའི་སྟེང་ཆང་དེའི་རིགས་བྲིས་ཡོད་པ་མཐོང་། ཏག་ཏག་ཨ་ཕས་རྟ་རྒྱུགས་འགྲན་ནས་རྒྱལ་བའི་ཆང་དེ་རེད། ཁོ་འགྲོ་མཚམས་བཞག་ནས་རྒྱང་བལྟ་ཤིག་བྱས་པ་ན། བརྡ་ཁྱབ་བྱང་བུའི་སྟེང་གི་བོད་ཡིག་ཐིག་ཕྲེང་གཅིག་མཐོང་བ་ནི་འདི་ལྟ་སྟེ། ཆང་ལས་ག་གེ་མོས་ནུབ་རྒྱུད་དབུལ་ཕོངས་ས་ཁུལ་གྱི་སློབ་གསོར་རོགས་སྐྱོར་བྱས་ནས། མ་འོངས་བའི་ལོ་ཉི་ཤུར་མུ་མཐུད་དུ་གྲོང་གསེབ་ཀྱི་ཕུགས་རེའི་སློབ་ཆུང་འཛུགས་རོགས་བགྱིས་ཏེ། ཁྱོད་དང་སྐྱིད་སྡུག་མཉམ་མྱོང་བྱེད་པ་ནི་ང་ཚོའི་འགན་ཁུར་ཡིན་ཞེས་པ་དེ་རེད། ཟླ་བས་ཁ་གདངས་ཤིང་མིག་ཅེར། ཆང་དེ་བརྗིད་ཉམས་ཅན་གྱི་རྫ་བུམ་དཀར་པོས་ཐུམ་སྒྲིལ་བརྒྱབ་ཡོད། ཁོས་སྔོན་ཆད་དེའི་བརྡ་ཁྱབ་ཤེལ་གྱི་པར་སྒྲོམ་དུ་བཅུག་ནས་ཁྱིམ་གྱི་མི་ཚང་མས་མཐོང་སར་བཞག་མྱོང་། ཆུང་མས་དེར་ཕྱི་བརྡར་བྱེད་ཞོར་དུ། ཁ་ནས་མཚམས་མི་ཆད་པར་འདི་ལྟར་འཁང་ར་བྱེད་དེ། ཁྱིམ་ཚང་གཞན་ཚང་མས་བཀྲ་ཤིས་པའི་རི་མོ་བཀལ་ཡང་། ཁྱོད་ཀྱིས་ཁང་པའི་ནང་ཆང་དཀར་གྱི་བརྡ་ཁྱབ་ཅིག་འགེལ་ཟེར། ཟླ་བས་ཁྱོད་ཀྱིས་ཅི་ཡང་ཤེས་ཀྱིན་མི་འདུག་ཞེས་བརྗོད་འདོད་མོད། ཆུང་མས་པར་སྒྲོམ་ཕྱིས་ནས་འོད་འཆར་དུ་བཅུག་ཡོད་པ་མཐོང་དུས་བཏང་སྙོམས་སུ་བཞག་སོང་།
     སྔོན་ཆད། ཁང་བའི་ནང་བཀལ་བའི་བརྡ་ཁྱབ་འདི་ནི་ཨ་ཕ་དྲན་གསོ་བྱེད་སྟངས་ཤིག་ཡིན། ཟླ་བས་ཨ་ཕ་མཐོང་མ་མྱོང་ཡང་བརྡ་ཁྱབ་སྟེང་གི་ཆང་དེར་བལྟས་ཙ་ན་ཁོ་རང་མཐོང་བ་དང་གཉིས་སུ་མེད། ཡིན་ནའང་རྗེས་སུ། བརྡ་ཁྱབ་འདི་ཉིད་གསལ་འདེབས་ཤིག་ཏུ་གྱུར་བ་སྟེ། ཁྱོད་ཀྱི་ཨ་ཕ་ནི་ཨ་ཕ་ངོ་མ་མིན། དེ་ན་ཨ་ཕ་ངོ་མ་སུ་ཡིན་ནམ། ཟླ་བས་རང་ཁྱིམ་ནས་མཐོང་བ་ནི་གསལ་འདེབས་ཆུང་ཆུང་ཞིག་ལས་མ་འདས་ཀྱང་། གྲོང་ཚོའི་ཕྱིའི་བརྡ་ཁྱབ་ཆེན་པོ་དེའི་གསལ་འདེབས་ཀྱིས་ཁོ་དབུགས་ཀྱང་འབྱིན་མི་ཐུབ་པའི་གནས་སུ་བསྐྱལ་སོང་། སྐབས་འགར། ཁོས་བུ་ཆུང་ས་དེར་ཁྲིད་ངེས། དེ་ནི་ཁོར་གསལ་འདེབས་ཆེན་པོ་འདི་དང་ལེན་བྱེད་དུ་འཇུག་པ་མཚུངས། ལོ་ལྔ་ཅན་གྱི་བུ་ཆུང་གིས་བརྡ་ཁྱབ་ཆེན་པོ་དེར་བལྟ་བཞིན། ཆང་རེད། འུ་ཚང་གི་པར་སྒྲོམ་ནང་གི་ཆང་དེ་རེད། ཨ་ཕ། ང་རང་ནར་སོན་དུས་ཡང་ཆང་འདི་འཐུང་རྒྱུ་ཡིན་ཟེར། ཟླ་བས་ལག་པ་མཐོན་པོར་འཕྱར་ཙམ་བྱས་ནས། ཁྱོད་ཀྱིས་ཆང་འཐུང་དང་ངས་ཁྱོད་ཀྱི་རྐུབ་ལ་ཐལ་ལྕག་གིས་རྒྱག་ཅེས་གཤེ་བ་ན། བུ་ཆུང་གིས་ཨ་ཕ་ཁོང་ཁྲོ་ལངས་པ་མཐོང་རྗེས། ལམ་སེང་ཨ་ཕ་ངས་ཆང་མི་འཐུང་། ངས་ཤ་གཅིག་པུ་བཟའ་ཞེས་བཤད་སྟངས་བསྒྱུར་སོང་། ཁོས་བུ་ཆུང་གིས་བརྡ་ཁྱབ་ཀྱི་གྲིབ་གཟུགས་ཕོག་སའི་གནས་དེ་བརྒལ་ནས། ཉི་འོད་ཁྲོད་ལག་ཆུང་གཡུགས་པ་མཐོང་དུས། ལམ་སེང་རང་ཉིད་ནི་ཇི་འདྲའི་སྒེར་སེམས་ཆེ་བའི་མི་ཞིག་རེད་ཨང་སྙམ། སྒེར་སེམས་ཆེ་ཚད་ག་འདྲ་ཞིག་རེད་ཟེར་ན། གཏན་ནས་མཐོང་མ་མྱོང་བའི་མི་ཞིག་སྟེ། གཉོར་སྐྱོང་གི་དྲིན་ནི་དེ་བས་ཀྱང་མེད་པའི་མི་ཞིག་གི་ཆེད་དུ། བཟའ་མི་ཐམས་ཅད་སེམས་ནད་ཀྱི་འདབ་རྫབ་ཏུ་གཡུགས། ཆུང་མ་ནི་གསང་རྒྱ་འདིས་དམ་དུ་བཏགས་ཡོད་ལ། བུའི་རྣ་ཅོག་ཆུང་ཆུང་གི་ནང་དུ་ཡང་སྐབས་སྐབས་སུ་དེའི་ཡལ་མེད་ཀྱི་སྒྲ་གདངས་གིས་ཁེངས་ཡོད། ངོ་མ་ཐབས་ཤེས་མི་འདུག ཁོས་རང་ཉིད་དེ་ལས་ཐར་མི་ཐུབ་པ་ཤེས་ཡོད།
     ཁོ་རྟ་ལས་བཤོལ་ཏེ། བཞོན་རྟ་བརྡ་ཁྱབ་བྱང་བུའི་ལྕགས་སྒྲོམ་གྱི་སྟེང་དུ་བཏགས།
     ཟླ་བའི་སྣང་ངོར་རླུང་གིས་འཚེར་སྣང་དང་བཅས་ཁོར་འཚམས་འདྲི་བྱེད། འུར་འུར། འུར་འུར། ཐང་ཆེན་པོའི་རླུང་ནི་མཁྲེགས་པོ་ཡིན་པས། དེས་བརྡ་ཁྱབ་བྱང་བུ་དལ་བུར་གཡུགས་པ་མ་ཟད། ཐག་རིང་དུ་གྲགས་པའི་སྒྲ་དེ་ཡང་ཁུར་ནས་བསླེབས་སོང་། དེའི་ནང་རྟའི་རྨིག་སྒྲ་ཡོད་ལ་མིའི་ངར་སྐད་ཡང་འདུས། སུ་ཡིན་ནམ། ཁོས་མིག་གིས་རྒྱང་རིང་དུ་བལྟས་པ་ན། རྟ་བཞོན་ཞིག་འདིའི་ཕྱོགས་སུ་བང་གིས་རྒྱུགས་ནས་ཡོང་གིན་འདུག རྟ་མཆོག ངོ་མ་རྟ་མཆོག་ཡ་མེད་ཅིག་རེད། ཟླ་བས་རྟ་དེ་མཐོང་བ་དང་ཁ་ནས་རང་དབང་མེད་པར་བསྟོད་བསྔགས་བྱས། བཞོན་རྟ་དེ་ཐག་རིང་ནས་བལྟ་དུས་ཚུར་འཕུར་འོངས་བའི་དར་གོས་ནག་པོ་ཞིག་དང་གཉིས་སུ་མ་མཆིས། ཉེ་སར་བསླེབས་དུས་ད་གཟོད་དེའི་སུག་བཞིའི་སྟེང་སྤུ་དཀར་པོ་སྐྱེས་ཡོད་པ་མཐོང་། དེས་ཤུགས་གང་ཡོད་ཀྱིས་སྣ་སྦྲིད་རྒྱག་བཞིན་སྣ་ཁ་ཡར་བརྫེས་ཏེ་མིག་ཆེར་གདངས་ནས་སྐོར་བལྟ་བྱེད་ལ། ཐུང་ངུར་བཞར་བའི་རྔོག་མ་ནི་སྤུ་ཤད་ཅིག་དང་འདྲ་བར་ཡར་བསྒྲེངས་འདུག རྟ་མཆོག་ཡ་མེད་ཅིག་རེད། རྟ་ལ་བཞོན་མཁན་ཡང་སྟེར་བཟོ་འདུག ཁོས་ལུས་པོ་ཕར་གཅུས་ཏེ་རྟ་ལས་བབས། ཟླ་བས་ཁོ་རང་ངོ་ལོས་ཤེས། ནོར་བསྟན་གྱི་བུ་བཀྲ་རྒྱམ་སྟེ། རྟ་སུག་དཀར་གྱི་བདག་པོ་རེད། ཁོ་ཟླ་བ་དང་ན་མཉམ་ཡིན། ངོ་མ་སྟབས་འགྲིག་སོང་། བརྡ་ཁྱབ་བྱང་བུའི་གཡས་སུ་རྟ་དམར་པོ་དང་གཡོན་དུ་རྟ་ནག་པོ་བཏགས་རྗེས། བདག་པོ་གཉིས་ཀྱིས་ལག་པ་འཇུས་ནས་ཁ་བརྡ་གློད་མགོ་བརྩམས།
     གཅིག་གིས་གདོང་དཀར་ངོ་མ་རྟ་མཆོག་ཡ་མེད་ཅིག་རེད་ཟེར།
     ཅིག་ཤོས་དེས་སུག་དཀར་ཡང་རྟ་མཆོག་ཡ་མེད་ཅིག་རེད་ཟེར།
     གཅིག་གིས་ཁྱོད་རང་རྟ་རྒྱུགས་མཐུན་ཚོགས་ཀྱི་གདན་ཞུའི་འགྲན་བསྡུར་ལ་མི་ཞུགས་དོན་གང་ཡིན་ཟེར།
     ཅིག་ཤོས་ཏེ། ཟླ་བས་ཧེ་ཧེ་ཞེས་དགོད་ཞོར་དུ། རང་གི་ལག་པ་བཀྲ་རྒྱམ་གྱི་ལག་ནས་ཕྱིར་ཕྱུང་། ཁོའི་མིག་ཀོང་དུ་བཤད་མི་ཤེས་པའི་འོད་ཞིག་འཁྱུག་གིན་འདུག
     འདི་ལྟར་བྱེད་དགོས་དོན་ཡོད་དམ། ང་རང་འཐད་པ་མ་བྱུང་ན། ཚེ་འདིར་གཅེས་རྟ་དེ་གཉིས་རྟ་རྒྱུགས་འགྲན་མི་ཐུབ།
     བཀྲ་རྒྱམ་གྱིས་ཁ་གཉེར་ཙམ་བྱས་ནས། ཁྱོད་ཀྱིས་འདི་ལྟར་བྱས་ན་ཚང་མ་བློ་ཕམ་དུ་བཅུག་པ་རེད་ཡ་ཟེར།
     ཟླ་བས་བཤད་རྒྱུར། འདི་ལྟར་སྒྲུབ་པར་རྒྱུ་མཚན་ཡོད་ཟེར།
     གློ་བུར་དུ་བཀྲ་རྒྱམ་གྱིས་ངེད་གཉིས་ཀྱིས་ཡོངས་བསྒྲགས་མ་བྱས་པར་གསང་བའི་སྒོ་ནས་འགྲན་ཆོག་ཟེར།
     ཟླ་བར་སྒུལ་རྒྱུ་ཅུང་ཙམ་ཡང་མི་འདུག ཁོས་འདི་ལྟར་བྱེད་དོན་མི་འདུག་ཟེར།
     བཀྲ་རྒྱམ་གྱིས་མིག་ཟུམ་བྱུང་། ཧ་ལམ་ཉི་འོད་མིག་ནང་དུ་ལྷུང་བར་ཞེད་པ་འདྲ། ཁོས་ཡང་བསྐྱར། ཁྱོད་ལ་མཚོན་ནས་བཤད་ན། འགྲན་བསྡུར་གྱི་གཟིགས་བཟོས་ནི་ཡིད་འགུག་ལྕགས་ཀྱུ་ལྟ་བུ་ཞིག་ཡིན་པས་ཁྱོད་ཀྱིས་དང་ལེན་བྱེད་ངེས་ཡིན་ཟེར།
     ཤོད་དང་ངས་ཅིག་ཉན།
     གལ་ཏེ་ཁྱོད་རང་རྒྱལ་ཚེ། ངས་ཨ་ཕར་ཁྱོད་ཀྱི་སྐྱེས་ཁུངས་ཀྱི་གསང་བ་མ་ལུས་བཤད་དུ་བཅུག་ཆོག གལ་ཏེ་ང་རང་རྒྱལ་ན། ངའི་རྟ་རྒོད་མ་དེ་ཁྱོད་ཀྱི་གདོང་དཀར་དང་ཐེངས་གཅིག་སྡེབ་འདོད་པ་དེ་ཡིན་ཟེར།
     ངོ་མ་ཡིན་ནམ། ཟླ་བ་ཧ་ལས་སོང་།
     དེ་ལ་རྫུན་བཤད་དགོས་དོན་མེད། ཕོ་རབ་ཚིག་ཐོག་ཡིན།
     ཟླ་བས་མཛུབ་མོ་ཀེར་ནས་རྩིས་ཤིག་བརྒྱབ་དུས། བཀྲ་རྒྱམ་གྱིས་ཁ་ཆད་བྱས་པའི་རྟ་རྒྱུགས་ཀྱི་ཉིན་དེར་བསླེབས་པར་ད་དུང་ཉིན་ཉེར་གཅིག་ཡོད། ཉིན་ཉི་ཤུ་འདིའི་རིང་ལ། ཁོས་གྲ་སྒྲིག་ཡག་པོ་ཞིག་བྱས་ཆོག ཁོས་ཆུང་མར་རང་གི་སྐྱེས་ཁུངས་ཀྱི་གསང་རྒྱ་ལམ་སེང་བཀྲོལ་ཐུབ་པར་མ་ཟད། ཅང་མ་འགོར་བར་གསང་བ་འདིས་རང་ཉིད་ལ་ཉོག་དྲ་སློང་མི་ཐུབ་ཟེར། སྐབས་དེར་བསླེབས་དུས། ཁོས་བདེན་ཡོད་ཞུམ་མེད་ཀྱི་ངང་ནས་རང་ཉིད་འཇིག་རྟེན་འདིར་བསླེབས་པ་ནི་གསང་བ་ཞིག་མིན་པར། གཞན་དང་མི་མཚུངས་བའི་ཁྱད་པར་ཅན་ཞིག་ཡིན་ཅེས་ཡོངས་བསྒྲགས་བྱེད་རྒྱུ་ཡིན་ཟེར། རེད། ཟླ་བའི་མིག་ཟུང་གིས་ཆུང་མས་བསྐྱར་དུ་ཆང་དཀར་གྱི་བརྡ་ཁྱབ་ཡོད་པའི་པར་སྒྲོམ་དེ་ཕྱི་བརྡར་བྱེད་པར་བལྟས་ནས་བསྡད། ཁོས་གསང་བ་འདི་མེད་ན་ནམ་རྒྱུན་གྱི་འཚབ་སྟེ་སེམས་ཤུགས་ཅི་ཡང་མེད་པའི་སྣང་བ་དེ་ཡང་རྒྱང་རིང་དུ་ཡལ་འགྲོ་བ་ཤེས་ཡོད། འོན་ཏེ། འདི་དག་ཐམས་ཅད་ཡང་གཅེས་རྟ་གདོང་དཀར་གྱིས་ཁོག་དཔུང་ལ་རྒྱ་བཟུང་ཐུབ་མིན་ལ་རག་ལས་ཡོད། འགྲན་བསྡུར་འདི་ཆེ་ས་ནས་བཤད་ན་རང་གི་མི་ཚེ་དང་འབྲེལ་བ་ཡོད་པས་སྣང་མེད་དུ་འཇོག་ག་ལ་རུང་།
     ཟླ་བ་ནི་སེམས་ལ་དྲན་མ་ཐག་ལག་ལེན་དུ་འཁྱོལ་མཁན་ཞིག་ཡིན་པས། ཁོས་ཐོག་མར་འཐེན་སྒམ་ནང་ནས་འོད་སྡེར་ཞིག་བཙལ། དེ་ནི་རྟ་རྒྱུགས་མཐུན་ཚོགས་ཀྱིས་ཕབ་ལེན་བྱས་པའི་འོད་སྡེར་རེད།  དེའི་ནང་དུ་རྟ་ནག་སུག་དཀར་གྱི་འགྲན་ཞུགས་བརྙན་རིས་ཡོད། ཁོས་དེ་འོད་སྡེར་འཕྲུལ་ཆས་སུ་བཞག་ནས་བལྟ་སྦྱོང་བྱས། རྟ་མཆོག་ཅིག་ཡིན་པ་ནི་སྨོས་མ་དགོས། ཡིན་ཡང་གཅེས་རྟ་གདོང་དཀར་དང་བསྡུར་ན་ཅུང་ཞན་པར་སྣང་། འདི་ནི་བར་ཁྱད་ཡིན་ལ། ནམ་ཡང་རང་གི་འགྲན་ཟླ་སྣང་མེད་དུ་འཇོག་མི་རུང་། གློ་བུར་དུ་ཁོས་སྐད་ཆ་འདི་དྲན་བྱུང་། ཁོར་མཚོན་ནས་བཤད་ན། ད་ལྟར་འདི་ནི་ལེགས་བཤད་ཅིག་ཡིན། ཡང་གློ་བུར་དུ། ཁོས་རྟ་རྒྱུགས་འགྲན་པ་ཞེས་པ་ནི་འགྲན་རྟ་གཉིས་ཀ་རྒྱུགས་མགོ་རྩོམ་སའི་ཐིག་རྟགས་དེ་ནས་བརྩི་མི་རུང་བར། འཕྲལ་མ་ཉིད་ནས་མགོ་རྩོམ་དགོས་སྙམ། ངོ་མ་རེད། ཟླ་བས་ད་ནས་བཟུང་རང་ཉིད་རྟ་རའི་ནང་འདུག་རྒྱུ་སེམས་ཐག་བཅད་སོང་། ཆུང་མས་དེ་ཐོས་པ་དང་མིག་ཆེར་གདངས་ནས་ལག་གི་ལག་ཕྱིས་ཡང་ས་རུ་ལྷུང་སོང་། ག་རེ། ཁྱོད་རང་རྟ་རའི་ནང་འདུག་རྒྱུ་ཡིན། ཁྱོད་ཀྱིས་ད་དུང་རྟ་རའི་དྲི་མ་ཞིམ་གི་འདོད་དམ། ཟླ་བས་ལག་ཕྱིས་སྒྲུག་ནས་ཆུང་མར་སྟེར་ཞོར། གནད་འགག་གི་སྐབས་འདིར་རྟའི་བདེ་ཐང་ནི་གལ་ཆེན་ནང་གི་འགངས་ཆེན་ཡིན་པས། དང་ལྷོད་ཅུང་ཙམ་ཡང་ཤོར་མི་རུང་ཟེར། གལ་སྲིད་རྟ་ལ་རྒྱུན་ལྡན་མིན་པའི་གནས་ཚུལ་རེ་ཡོད་དུས། སྔ་ཙམ་ནས་ཤེས་ན་སྔ་ས་ནས་སྨན་བཅོས་བྱས་ཆོག་པས། བྱ་ལོང་བྱེད་ལོང་ཞིག་ཀྱང་ཡོད་ཟེར། ཟླ་བས་བཤད་ཚར་མ་ཐག་ཉལ་ཆས་ཁྱེར་ནས་རྟ་རའི་ནང་སོང་སྟེ། རྩིག་པའི་འགྲམ་དུ་རྣོ་སྐུད་མལ་ཁྲི་བརྒྱབ། མཚན་ཕྱེད་དུ། ཁོ་མལ་ལས་ལངས་ནས་ཆུ་འགྲམ་དུ་སོང་སྟེ་རྟ་ལ་ཁྲུས་བྱས། ཁོས་འགྱིག་གི་གཞོང་བ་ཞིག་བཟུང་ནས་རྟའི་ལུས་སྟེང་དུ་ཆུ་གཤོས། རྒན་རབས་པ་རྣམས་ཀྱིས་རྟ་རྒྱུགས་ཀྱི་སྔོན་ལ་འདི་ལྟར་བྱེད་སྲིད་ལ། བཤད་ཚུལ་ལྟར་ན་འདིས་རྟའི་ཐེགས་ཤུགས་ཇེ་ཆེར་གཏོང་ཐུབ་ཟེར་བས། ཟླ་བས་ཀྱང་དེ་ལྟར་བྱེད་འདོད་པ་ལས་མ་འདས། ཤག་ཤག་ཤག ཆུ་དེ་གྲང་མོ་ཡིན་པས། རྟའི་ལུས་སུ་གཏོར་བ་ན། རྟ་འདར་ཙམ་བྱས། བཀྲུས་ཚར་རྗེས་ཟླ་བས་རྟ་ལུས་ཧྲིལ་བོ་གཙང་མར་ཕྱིས་པ་དང་།  ཕྱིང་གདན་དཀར་པོ་ཞིག་བཀབ་ནས་བཞག ཞོགས་པར། ཁོའི་ལུས་སུ་རྩྭ་ཧྲུག་གིས་བཀང་ནས་ཁྱིམ་དུ་ནངས་ཇ་འཐུང་བར་བསླེབས་དུས། ཆུང་མས་ལག་པས་སྣ་བཀབ་པ་ན། བུས་ཀྱང་ལག་པས་སྣ་བཀབ་བྱུང་། བུས་ཨ་ཕ་ཁྱོད་ལ་དྲི་མ་ངན་པ་ཞིག་བྲོ་ཟེར། ཆུང་མས་བལྟས་ཡོང་ན་ཁྱོད་ཀྱིས་སེམས་ཐག་བཅད་ནས་རྟ་དང་མཉམ་དུ་འཚོ་བ་རོལ་རྒྱུ་ཡིན་པ་འདྲ་ཟེར། ཟླ་བ་ཁོང་ཁྲོ་མ་ལངས་བར། ཧེ་ཧེ་ཞེས་བགད་བྱུང་། དེ་ནི་ཁོག་པ་ཡངས་དྲག་ནས་ཅོལ་ཆུང་གིས་བགད་པའི་གད་མོ་ཞིག་རེད། དེ་མུར། ཁོས་ཆུང་མ་ལ། མཆོད་ཁྲིའི་སྟེང་མཆོད་མེ་མང་ཙམ་སྒྲོན་རོགས་ཟེར། མཆོད་མེ་སྦར་མ་ཐག ཁོས་སྒེའུ་ཁུང་གིས་བར་ཆོད་པའི་ཁྱམས་དུ་པུས་མོ་བཙུགས་ནས་གསོལ་བ་བཏབ། ཁོས་ལས་གང་ཞིག་སྒྲུབ་རུང་། ཧུར་ཐག་བྱེད་དགོས་པ་ལས་གཞན། ད་དུང་རླུང་རྟ་རྒྱུགས་དགོས་པ་ཡང་ཤེས་ཡོད། ཁོས་ཇོ་བོ་རིན་པོ་ཆེས་ཁོར་ཁ་ལས་རླུང་རྟ་རྒྱུགས་འཇུག་པར་སྨོན་ལམ་བཏབ།
     རླུང་རྟ་རྒྱུགས་སོང་ངམ། ཆུང་མས་དྲིས།
     ཟླ་བས་ལན་ལྡོན། རྒྱུགས་སོང་།
     ཟླ་བས་གཅེས་རྟ་ཁྲིད་ནས་འཆམ་འཆམ་བྱས་ཏེ་ཕྱིར་ལོག་དུས། ཆུང་མས་ནོར་དེད་ནས་རི་ལས་བབས་ཡོང་བ་མཐོང་། ནོར་བཅུ་གཅིག་ཡོད་པ་དེ་སྒོ་ར་ཞོལ་མའི་ཕྱུགས་ཁང་དུ་བཀག་ཡོད། ཟླ་བ་ཕྱུགས་ཁང་དུ་ཉིན་གཅིག་ལའང་སོང་མ་མྱོང་། དེ་ཚོ་ནི་ཆུང་མའི་བདག་སྐྱོང་འོག་ཤེད་མོ་འཕེལ་ཞིང་གཟུགས་སྟོབས་རྒྱས་འདུག ཡིན་ནའང་ཟླ་བས་གཅེས་རྟ་འདི་འདྲར་ཆགས་རྒྱུར་ཞེད་ཡོད། གལ་ཏེ་རྟ་ལ་ཤེད་མོ་རྒྱས་ཚེ། དེ་ད་དུང་རྒྱུགས་ཐུབ་བམ། དེར་བརྟེན། རྟའི་ཆག་སྟེར་ཚད་ལ་ཚོད་འཛིན་བྱེད་རྒྱུ་ནི་རྟ་རྒྱུགས་ཀྱི་དོན་ཆེན་ཞིག་རེད། ཤེས་སམ། ཟླ་བས་རྟ་ར་ནས་མགོ་བསྲིངས་ཏེ་ཀུ་རེ་རྩེ་བཞིན་ཆུང་མར་དྲི་བ་ལྟ་བུ་ཞིག་བཏོན། ཆུང་མས་ལན་མ་བཏབ་པར་ཟང་ཟིང་གི་འུར་སྒྲ་ཞིག་སྡོང་བོའི་ཡལ་ག་བརྒྱུད་ནས་མཆེད་འོངས་བ་དེར་ཉན་བཞིན་འདུག ཁོ་གཉིས་རྟ་རའི་མདུན་དུ་ལངས་ནས་བསྡད། གྲོང་ཚོའི་ཨུ་ཡོན་ལྷན་ཁང་གིས་གྲོང་སྣེའི་སྡོང་མགོར་བཏགས་པའི་གློག་དུང་དེ་ཡུན་རིང་ཞིག་ལ་ལྐུགས་མོད། འོན་ཀྱང་དུས་འདིར། དེས་གློ་བུར་དུ་ཁ་གྲགས་བྱུང་། ཟང་ཟིང་གི་སྒྲ་དེ་ཡལ་རྗེས། གློག་དུང་ལས་གྲོང་ཚོའི་ཀྲུའུ་རིན་གྱི་སྐད་གསལ་བོར་གྲགས་འོངས། གྲོང་མི་ཡོངས་ཀྱིས་མཉམ་འཇོག་བྱོས། ཡར་ཞུ་བྱས་པ་ལྟར་ན། ངེད་གྲོང་ཚོའི་གྲོང་མི་ག་གེ་མོ་རྟ་རྒྱུགས་རྒྱན་སྐུགས་ལ་ཞུགས་འདུག་ཟེར། ངའི་རེ་བ་ཡིན་ན་གྲོང་མི་འདིས་རང་ཉིད་ཀྱི་ནོར་འཁྲུལ་དུས་ཐོག་ཏུ་ཡོ་བསྲང་བྱོས་ནས། ལམ་སེང་གཡང་སར་རྟ་ཁ་བཀག་སྟེ། སྤྱི་དམངས་ཁྲིམས་སྲུང་མཁན་ཞིག་བྱེད་རྒྱུ་དེ་ཡིན། ང་ཚོ་གྲོང་ཚོ་ཨུ་ཡོན་ལྷན་ཁང་གིས་ནམ་ཡང་ཁོས་རང་སྐྱོན་ཁས་ལེན་ཞུ་རུ་ཡོང་བར་དགའ་བསུ་ཞུ།
     ཁོས་ཀྲུའུ་རིན་གྱིས་བཤད་པའི་མི་དེ་སུ་ཡིན་པ་མི་ཤེས། ཆུང་མས་ཀྱང་མི་འདི་དག་གིས་སྨྱོ་རྟགས་ཅི་ཞིག་སྟོན་གྱིན་པ་མི་ཤེས་ཟེར། ཆུང་མས་ཡང་སུ་ཞིག་གིས་ཁ་འཁྲུག་བཤད་པ་ཁོ་ཐག་རེད། ཁ་ཡ་མ་བྱེད་ཟེར། ཟླ་བས་ཀྱང་འདི་ལྟར་འདོད་པ་སྨོས་མ་དགོས། ཁོའི་སེམས་ཤུགས་ཡོད་ཚད་གཅེས་རྟ་གདོང་དཀར་གྱི་སྟེང་དུ་བཀོལ་ཡོད། ཡིན་ནའང་ཅང་མ་འགོར་བར། རྒྱང་བསྒྲགས་ནས་ཀྲུའུ་རིན་གྱིས་འུར་རྒྱག་མགོ་བརྩམས། ཐེངས་འདིར། ཀྲུའུ་རིན་གྱིས་བཤད་སྟངས་བསྒྱུར་འདུག ཁོའི་སྐད་སྒྲས་སྡོང་བོའི་ལོ་མ་ཡང་འདར་འགུལ་བྱེད་དུ་བཅུག་སོང་། ལོ་མའི་འདར་འགུལ་བྱེད་མཚམས་ན་ཁོའི་སྐད་ཀྱི་གདངས་འཕྱོ། རྟ་རྒྱུགས་རྒྱན་སྐུགས་བྱེད་མཁན་དེས་ཉོན་ཅིག ང་ཚོ་གྲོང་ཚོ་ཨུ་ཡོན་ལྷན་ཁང་གིས་གྲ་སྒྲིག་བྱས་ཟིན། ཁྱོད་ཀྱི་བྱ་སྤྱོད་དེས་གྲོང་ཚོའི་སྒྲིག་ལམ་དང་སྒྲིག་སྲོལ་ལ་གཏོར་བརླག་བྱས་པས། ང་ཚོས་ཁྱོད་རང་ལམ་ལོག་འདི་ནས་ཐུར་དུ་འགྲོ་རུ་འཇུག་མི་སྲིད། ཁྱོད་ཀྱི་འགྲོ་འདུག་སྤྱོད་གསུམ་ཚང་མ་ང་ཚོའི་མིག་འོག་ན་ཡོད་པས། ཁྱོད་ཀྱིས་རང་ཚོད་ཟིན་ན་དགའ།  ཀྲུའུ་རིན་གྱིས་གློག་དུང་ནས་ཐེངས་བཅུ་ལ་འུར། འུར་ཐེངས་རེ་རེར་སྐད་གདངས་ཇེ་མཐོ་ནས་ཇེ་མཐོ་ཡིན་ལ། འུར་ཐེངས་རེ་རེ་ནི་ཟླ་བའི་རྣ་ཅོག་ལ་གཏད་ནས་སྐད་ཅོར་རྒྱག་པ་དང་མཚུངས།
     ཟླ་བས་ཡང་བསྐྱར་རྟ་ཁྲིད་ནས་གྲོང་ཚོའི་སྲང་ལམ་ན་འགྲོ་དུས། ཁོས་མི་ཞིག་ལྐོག་ལྐོག་སུད་སུད་ཀྱིས་ཁོའི་རྗེས་འདེད་བཞིན་པ་ཚོར། ཁོ་ག་ལེར་འགྲོ་མཚམས་བཞག་ནས། ལྷམ་སྒྲོག་རྒྱག་ཁུལ་བྱས་ཏེ། མར་སྒུར་ནས་རང་གི་བརླ་བར་བརྒྱུད་དེ་བལྟས་ཙ་ན། འཆུག་མི་འདུག གྲོང་ཚོའི་ཨུ་ཡོན་ལྷན་ཁང་གི་མི་དེ་རེད། དེའི་མིང་ལ་ཅི་ཟེར་བ་ཡིན་ནམ། གློ་བུར་དུ་ཡིད་ལའང་མི་དྲན། སྐབས་འདིར་ཁོ་ཁོང་ཁྲོ་ལངས་རྒྱུ་ལས་གཞན་གང་ཡང་བྱེད་མ་ཐུབ། ཁྱིམ་དུ་ལོག་རྗེས་ཁོས་དོན་དག་འདི་ཆུང་མར་བཤད། ཆུང་མས་དཔྲལ་བར་ཐལ་ལྕག་གིས་རྒྱག་བཞིན། ཁོ་ཚོས་ཁྱོད་དང་བཀྲ་རྒྱམ་གྱི་རྟ་རྒྱུགས་འགྲན་པ་དེ་རྟ་རྒྱུགས་རྒྱན་སྐུགས་སུ་རྩིས་པ་རེད་དམ་ཟེར། ཟླ་བས་ཁོང་ཁྲོ་དང་བཅས་ང་སོང་ནས་ཁོ་ཚོར་འགྲེལ་བཤད་ཅིག་རྒྱག་ཟེར། ཆུང་མས་ཁོ་ཚུར་འཐེན་ནས་ཁྱོད་ཀྱིས་གསལ་འགྲེལ་བྱེད་ཐུབ་བམ། ཁྱོད་འགྲེལ་བཤད་ག་ཚོད་བརྒྱབ་ན་ཁོ་ཚོས་ཁྱོད་ལ་དེ་ཚོད་ཀྱི་གནད་དོན་འདུག་བསམ་ངེས། ཨ་ཡ་ཡ། ཁ་འཁྲུག་བཤད་མཁན་དེ་སུ་ཡིན་པ་ཡང་ཤེས་ཐུབ་བྲལ། ངག་འཁྱལ་འདི་གྲོང་ཚོ་ཕྱི་ནས་བརྒྱུད་འོངས་བ་ཁོ་ཐག་རེད། ཚུལ་འདིེར་གཞིགས་ན། ཁོ་ཚོས་ཁྱོད་གཉིས་ཀྱིས་རྟ་རྒྱུགས་འགྲན་རྒྱུ་ཡིན་པ་གཅིག་པུ་ལས་གཞན་གང་ཡང་ཤེས་མེད་པ་འདྲ་སྟེ། རྟ་རྒྱུགས་ཀྱི་དུས་ཆད་སོགས་ཅི་ཡང་ཤེས་མི་འདུག དེ་མིན་ཁོ་ཚོས་མི་མངགས་ནས་ཁྱོད་ཀྱི་རྗེས་འདེད་མི་སྲིད། བདེན་གི ཟླ་བ་ཆུང་མའི་ལྟ་ཚུལ་ལ་འཐད། ཁོས་ཆུང་མ་ནི་མི་བསམ་ཤེས་ཤིག་ཡིན་པ་ཤེས་ཡོད། ཆུང་མས་ཚམ་ཚོམ་མེད་པའི་སྒོ་ནས་ཐམས་ཅད་སྔར་གྱི་འཆར་གཞི་ལྟར་སྒྲུབ་དང་འགྱུར་ལྡོག་ཅི་ཡང་བྱུང་མི་སྲིད། གལ་ཏེ་འགྱུར་ལྡོག་བྱུང་ཚེ་ཁྱོད་ཀྱི་སྐྱེས་ཁུངས་ཀྱི་གསང་རྒྱ་བཀྲོལ་རྒྱུ་དེ་ག་ཚོད་སྒུག་ཡང་རེ་བ་སྟོང་ཟད་དུ་འགྲོ་རྒྱུ་ལས་མེད། ད་ལྟ། ང་ཚོར་དགོས་པ་ནི་སྔར་མུས་བཞིན་བརྟན་བརླིང་ངང་འདུག་རྒྱུ་དེ་རེད། མ་གཞི་ནས་ང་ཚོས་རྟ་རྒྱུགས་རྒྱན་སྐུགས་བྱས་མེད། གནམ་རྒན་མས་བལྟས་བསྡད་ཡོད། ས་དོག་མོས་ཉན་བསྡད་ཡོད། རི་ཚོགས་ཀྱིས་དཔང་བོ་བྱས་ཆོག སྐྲག་དོན་ཅི་ཡང་མེད་ཟེར། ཆུང་མས་བཤད་ནས་མཚམས་འདིར་བསླེབས་དུས། ཁོར་རྣ་ཅོག་ཚུར་གཏོད་ཞེས་པའི་བརྡ་ཞིག་བསྟན། ཟླ་བས་རྣ་ཅོག་ཕར་གཏད་པ་ན། ཆུང་མས་ཁོའི་རྣ་འགྲམ་དུ་ཤབ་བེ་ཤུབ་བེ་ལུང་པ་གང་བཤད། ཟླ་བའི་གདོང་ལ་འཛུམ་ཞིག་འཁྱིལ་ནས་རེད་ཡ། རེད་ཡ་ཟེར།
     དེའི་རྗེས་སུ་བཟའ་ཟླ་གཉིས་ཀྱིས་རེས་མོས་ངང་རྟ་ཁྲིད་ནས་འཆམ་འཆམ་དུ་ཕྱིན།
     རྟ་ཁྲིད་ནས་འཆམ་འཆམ་དུ་འགྲོ་བའི་དུས་ཚོད་ནི་སྐར་ཆའི་ཚད་ཁྲ་མནན་པ་ལྟར་ཅུང་ཙམ་ཡང་གཟུར་རྒྱུ་མེད།
     གྲོང་ཚོའི་ཨུ་ཡོན་ལྷན་ཁང་གི་རྗེས་འདེད་མཁན་ཁོངས་མི་དེ་དག་གིས་ཀྱང་འཆམ་འཆམ་འགྲོ་བའི་དུས་ཚོད་ནི་ག་དུས་ཡིན་པ་ཁོང་དུ་ཆུད་ཡོད་དེ། ཞོགས་པའི་ཆུ་ཚོད་དགུ་པ་དང་ཕྱི་དྲོའི་ཆུ་ཚོད་དྲུག་པ། གཟའ་འཁོར་རེའི་གཟའ་ལྷག་པ་དང་ཕུར་བུའི་ཉིན་གུང་གི་ཆུ་ཚོད་བཅུ་དང་སྐར་མ་ལྔ་བཅུའི་སྟེང་ཡང་རྟ་ཁྲིད་ནས་འཆམ་འཆམ་དུ་འགྲོ་བ་སོགས། དུས་ཚོད་འདིི་ཉིད་ཀྱི་ལག་བསྟར་ནི་དུས་བཞིའི་རེས་འཁོར་གྱི་དུས་ཚོད་ལྟར་ཅུང་ཙམ་ཡང་གཟུར་རྒྱུ་མེད་པས། གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་རྗེས་འདེད་མཁན་ཡང་དུས་ཚོད་འདིར་དུས་ལྟར་ཐོན་ངེས་ཡིན། རྗེས་འདེད་མཁན་དང་རྗེས་འདེད་བྱ་ཡུལ་གྱི་སྒྲིག་སྲོལ་འདི་ནི་ནམ་ཡང་འགྱུར་བ་མེད་པ་ལྟར་སྣང་བས། ཚང་མས་ཡིད་རྟོན་བྱེད་མགོ་ཚུགས། མཐར་རྟ་རྒྱུགས་ཀྱི་ཁ་ཉིན་དགོང་མོར་བསླེབས། ནམ་གུང་ཟླ་བས་བཞོན་རྟ་ཆུ་བོའི་དཀྱིལ་དུ་ཁྲིད་ནས་གྲང་བསིལ་བསིལ་གྱི་ཆུ་རུ་སྦང་རྗེས། རང་གིས་ཀྱང་ལྭ་ཆ་ཚང་ཕུད་ནས་ཆུ་ནང་དུ་ལྡིང་ཏེ། ཆུ་འཁྱག་གིས་ལུས་སྐྱིད་པོ་བཀྲུས། ཆུ་ཁར་བུད་རྗེས། ཁོས་རྟ་རྡོ་ཕ་བོང་ཞིག་ལ་བཏགས་པ་དང་། ལྭ་གཙང་མ་ཞིག་བརྗེས། དེ་ནས་རྟ་རྒྱབ་ཏུ་ཕྱིང་གདན་བཀབ། སྐར་ཚོགས་ཆུ་ངོས་སུ་བཀྲ་བ་མཐོང་སྟེ་ཁོས་སྒྱུ་མ་མཁན་གྱིས་འཕྲུལ་སྟོན་པ་ལྟར་རུམ་ནས་ཆང་དམ་བུ་གང་བླངས། རྫ་དཀར་གྱི་དམ་བུ་ཞིག་རེད། ཆང་འདི་ནི་ཨ་ཕའི་གཟིགས་བཟོས་དེ་རེད་ལ། ཁོས་ཨ་མའི་གཤིན་རྫས་ཉར་བའི་ཀོ་སྒམ་ཆུང་ཆུང་དེའི་ནང་ནས་རྙེད་པ་ཡིན། ལོ་འདི་འདྲ་མང་པོ་འགོར་རུང་། ཟླ་བས་ཉར་ཚགས་ཡག་པོ་བྱས་ཡོད། ད་ནི་དེ་ཉིད་ཁམ་འགའ་འཐུང་བའི་དུས་བབ་ཡོད། ཁོས་ཁ་གཅོད་གཅུས་ནས་ཁམ་གང་བཏུང་། ངར་པོ་རེད། ཆང་དྲི་ཞིམ་པོ་ཞིག་སྣ་ལམ་དུ་འཐུལ་བྱུུང་། གཅེས་རྟ་གདོང་དཀར་གྱིས་ཀྱང་དྲི་དེ་ཚོར་རྗེས། མིད་པ་ནས་འབྲུག་སྒྲ་ལྡིར་བ་ལྟ་བུའི་སྒྲ་ཞིག་གྲགས་སུ་བཅུག་སོང་། ཟླ་བས་ཁམ་གང་རེ་བཏུང་བ་དང་སྐད་ཆ་རེ་བཤད།
     ཨ་ཕ། བུ་ང་ལ་འཁང་ར་མ་བྱེད། ངས་འདི་ལྟར་བསྒྲུབ་དོན་ནི། ཚེ་ཐོག་འདི་ནས་ཅི་ཡིན་འདི་ཡིན་མེད་པར་གསོན་མི་འདོད་པ་ཁོ་ན་ཡིན།
     ཁོས་སླར་ཡང་ཁམ་གང་བཏུང་རྗེས། ཨ་ཕ། བུ་ང་ལ་རོགས་ཞིག་བྱེད་རོགས། ངའི་སྐྱེ་ཁུངས་ཀྱིི་གསང་རྒྱ་དེ་བཀྲོལ་ནས་སེམས་པ་བདེ་རུ་འཇུག་རོགས།
     གློ་བུར་དུ་ཁོ་རང་སྐྱོ་སྣང་ཅུང་ཟད་སྐྱེས་བྱུང་། ཟླ་བས་ཁ་གཅོད་ཡག་པོར་བརྒྱབ་རྗེས་ཆང་དམ་རུམ་ལ་བཅུག ཆུ་བོའི་ངོས་སུ་ཤར་བའི་སྐར་མའི་ལྡོག་བརྙན་ནི་འོད་ལམ་ལམ་གྱི་ཁྲ་ཆུང་མིག་ཟུང་ཇི་བཞིན་ཁོར་ཅེར་ཡོད་པ་དང་མཚུངས།
     ནམ་ལངས་ཁར། ཁོས་མཐུར་སྐོན་པ་ན་གཅེས་རྟ་གདོང་དཀར་གྱིས་སྲབ་ལྕགས་ཁ་ནང་དུ་བཟུང་སོང་། ཁོ་རྟ་ལ་ཞོན་ཏེ་ཁྱིམ་ནས་ཐོན། ཆུང་མས་སྒོ་ཁ་ནས་མིག་སྐྱེལ་བྱས། ཟླ་བས་ངར་སྐད་ཅིག་སྒྲོག་པ་ན། གདོང་དཀར་ནི་རྐང་བ་གཉིས་ཀྱི་ཡོབ་རྡུང་འོག་འཕུར་བ་ལྟར་རྒྱུགས། རྟའི་རྨིག་སྒྲ་དེ་གྲོང་ཚོའི་ནང་འཁྱོམ་བཞིན་ཐང་ཆེན་དུ་མཆེད། ཟླ་བས་བརྡ་ཁྱབ་བྱང་བུ་ཆེན་པོ་དེ་མཐོང་དུས་ནམ་ད་དུང་ལངས་མེད། ཁོས་བརྡ་ཁྱབ་བྱང་བུའི་ལྕགས་སྒྲོམ་དུ་བཞོན་རྟ་བཏགས་རྗེས། དེར་ཁེན་ནས་རྒྱང་རིང་དུ་བལྟས། དུས་འདིར་གྲོང་ཚོའི་ནང་གི་མི་རྣམས་ད་དུང་གཉིད་བསྡད་ཡོད་ལ། གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་མི་དེ་དག་ཀྱང་རྨི་ལམ་གྱི་ཞིང་ཁམས་འགྲིམས་བཞིན་ཡོད། དངོས་གནས་ཆུང་མས་བཤད་པ་ལྟར། ཁྱོད་ཀྱིས་ལུགས་བརྩི་སྲོལ་བཟུང་བྱེད་ཁུལ་གྱིས་རྟ་ཁྲིད་ནས་འཆམ་འཆམ་འགྲོ་བའི་དུས་དེ་གཏན་ཁེལ་ཡིན་པས། དུས་ཚོད་ཅུང་ཙམ་ཡང་གཟུར་རྒྱུ་མེད་པ་དེ་ཁོ་ཚོར་བསྟན་ན། ཁོ་ཚོ་གཡོ་འོག་ཏུ་ཚུད་ངེས་ཡིན་ལ། དེ་ནས་ནམ་མ་ལངས་སྔོན་གྱི་གཏན་ཁེལ་བའི་དུས་ཚོད་ཞིག་ལ་ཁྱོད་ཐོན་དགོས་ཞེས་པ་དེ་རེད།
     ཟླ་བས་གློ་བུར་དུ་རྒྱང་རིང་གི་རི་རྩེ་ནས་ཉི་མ་ཤར་བ་མཐོང་བྱུང་། སྐབས་ཐོག་དེར་ཁོ་རང་དོན་མེད་དུ་དགའ་སྤྲོ་ཞིག་སྐྱེས། གསེར་མདོག་གི་ཉི་འོད་ཐང་ཆེན་དེར་འཕྲོས་དུས། ཉི་མས་གསེར་ཁུ་ལུད་པ་ལྟ་བུའི་འཆར་ཡན་ཞིག་སྦྱིན་བྱུང་། ཉེ་འགྲམ་གྱི་སྣུམ་གནག་གི་རྒྱལ་ལམ་དུ་འགྲུལ་སྐྱེལ་སྤྱི་སྤྱོད་རླངས་འཁོར་ཅིག་ག་ལེར་མདུན་དུ་བསྐྱོད། གློ་བུར་དུ་ཁོས་བརྡ་ཁྱབ་བྱང་བུ་ཆེན་པོ་དེའི་སྟེང་གི་ཆང་དེ་མཐོང་འདོད། ཁོས་མགོ་བཀྱགས་ནས་བལྟས། ཡང་བསྐྱར་བལྟས། ཡང་ཡང་བལྟས། དུས་ཚོད་ནི་འདི་ལྟར་འཁྱུག་ཙམ་མ་བསྡད་པར་བཞུད་སོང་།
     མཁྲིག་མའི་སྟེང་གི་ཆུ་ཚོད་འཁོར་ལོ་བལྟ་དུས་བཅུ་པར་ཟིན་འདུག ད་ནི་ཁ་ཆད་བཞག་པའི་དུས་ལ་བསླེབས་སོང་། ཁོས་བློ་སེམས་རྩེ་གཅིག་གིས་བཀྲ་རྒྱམ་ཡོང་བར་སྒུག ཉི་མ་ནི་ཁོའི་ཕྲག་གཡོན་ནས་ཕྲག་གཡས་སུ་བཞུད་སོང་། ཆུ་ཚོད་གཅིག་ཡོལ་སོང་། ད་དུང་ཅུང་ཙམ་སྒུག ཁོས་དུས་ཆད་བརྗེད་པ་མིན་ནམ། དེ་སྔོན་གྱི་ཁ་ཆད་བཞག་པར་གཞིགས་ན། གལ་ཏེ་སུ་ཞིག་དུས་ལྟར་མ་བསླེབས་ཚེ། དེས་འགྲན་བསྡུར་བློས་བཏང་བ་རྩིས་ཆོག་པས། ཕྱོགས་གཞན་དེ་རྒྱལ་བ་ཡིན། ཟླ་བ་དགའ་སྤྲོ་ཅུང་ཟད་སྐྱེས་པ་དང་ཆབས་ཅིག་ཡང་བློ་ཕམ་སོང་། མཐར་ཁོས་ད་ཆོ་མི་འདུག་སྙམ། སྤྱིར་འགྲན་བསྡུར་ཡག་པོ་ཞིག་བྱེད་འདོད་ཡོད་མོད། སྡར་མ་དེ་འཐབ་སར་ཡོང་མ་ཕོད་པར། ལག་གཉིས་ཐལ་མོ་སྦྱར་ནས་རྒྱལ་ཁ་དེ་ཁོར་བྱིན་སོང་། ད་དུང་ཅུང་ཙམ་ལ་སྒུག གཅིག་བྱས་ན་ཁོ་རང་འདིར་ཡོང་བའི་ལམ་ན་ཡོད་ཀྱང་སྲིད། ཡང་དུས་ཚོད་གཅིག་འདས་རྗེས། གློ་བུར་དུ་ཟླ་བར་བཀྲ་མི་ཤིས་པའི་ཚོར་བ་ཞིག་སྐྱེས། ཁོས་མཐུར་བཀྲོལ་རྗེས་རྟར་ཞོན་ནས་བཀྲ་རྒྱམ་གྱི་གྲོང་ཚོ་བསྙེགས།
     ཁོས་བཀྲ་རྒྱམ་ཚང་གི་སྒོ་ཁར་རྡོ་ཐལ་དཀར་པོས་རི་མོ་བྲིས་ཡོད་པ་མཐོང་། དེས་ཁྱིམ་འདིར་མི་ཞིག་ཚེ་ལས་འདས་པ་གསལ་བཤད་བྱས།
     གྲོང་མི་ཞིག་གིས་རྒད་པོ་ཁོ་དེ་རིང་སྐྱ་མདའ་ཤར་དུས་གྲོངས་སོང་ཟེར།
     ག་རེ། རྒད་པོ་ནོར་བསྟན་འེ།
     ཟླ་བ་ཅུང་མིན་ན་རྟ་ཐོག་ནས་ལྷུང་སོང་། ཚར་སོང་། ཐམས་ཅད་ཆུ་བུར་ལྟར་གྱུར་སོང་། རྒད་པོ་འདས་ཁར་བཀྲ་རྒྱམ་ལ་རྩིས་སྤྲོད་ཅིག་བྱས་ཡོད་ངེས། ཟླ་བས་མཐའ་མཇུག་གི་རེ་བ་དེ་དོར་མི་འདོད། ཁོས་རྟ་ཁྲིད་ནས་སྒོ་རའི་ནང་ཕྱིན་ཏེ། རང་གི་བཞོན་རྟ་བཀྲ་རྒྱམ་ཚང་གི་རྟ་རར་བཏགས། སུག་དཀར་ཡང་དེ་ན་འདུག རྟ་འདི་གཉིས་ཀྱིས་ཕན་ཚུན་ངོ་ཤེས་པ་ལྟར། མཇིང་པ་བསྣོལ་ཙམ་བྱས་པ་མ་ཟད། གདོང་བ་ཡང་གཏུག་ཙམ་བྱས་སོང་། ཁང་བའི་ནང་ནས་ཨ་ཁུ(གྲྭ་པ)རྣམས་ཀྱིས་ཆོས་འདོན་པའི་སྒྲ་མཆེད་འོངས། དེ་ནི་བུང་བ་ཁྱུ་གཅིག་གནས་དེར་འདུས་པ་དང་མཚུངས། ཟླ་བ་ཁྱིམ་སྒོ་ཁར་སོང་བ་ན། མི་མང་པོ་ཞིག་གིས་རོགས་བྱེད་ཀྱིན་འདུག ཁོས་སྒེའུ་ཁུང་བརྒྱུད་ནས་རྒད་པོའི་བེམ་པོ་རས་དཀར་གྱིས་བཏུམ་ནས་ཁང་བའི་ནང་བཞག་ཅིང་། ཁྱམས་སུ་སྒྲོག་ཙེ་ནར་མོ་འགའ་སྒྲིག་པའི་སྟེང་མཆོད་མེས་བཀང་ཡོད་པ་མཐོང་། སྐབས་འདིར་བཀྲ་རྒྱམ་བསླེབས་སོང་། ཟླ་བས་ཁོའི་ལག་པར་འཇུས། ལག་པ་དེ་གྲང་མོ་གྲང་རྐྱང་ཡིན་ཏེ། རྒད་པོས་རས་དཀར་གྱི་འོག་ནས་ལག་པ་བསྲིངས་འོངས་ནས་ཁོར་འཇུས་པ་དང་མཚུངས། ཁོར་གློག་གིས་བརྒྱབ་པ་ལྟར་ལམ་སེང་ལག་པ་གློད། དེ་ནས་ཨ་ཨ་ཞེས་ཁ་ནས་ཅི་ཡང་བཤད་མ་ཐུབ།
     བཀྲ་རྒྱམ་གྱིས་ཡང་བསྐྱར་སེམས་ཆུང་སྒོས་ཟླ་བའི་ལག་པར་འཇུས། ཁོའི་ལག་པ་ནི་འཁྱག་སྒམ་ནང་གི་འཁྱག་པ་དང་མཚུངས་པར་ཐེངས་སྔོན་མ་ལས་ཀྱང་འཁྱག ཟླ་བའི་བློ་ངོར་བཀྲ་རྒྱམ་ལ་སེམས་གསོ་བྱེད་པའི་སྐད་ཆ་ཚིག་གཅིག་ཀྱང་མ་དྲན། ཟླ་བས་མིག་ཟུམ་ཟུམ་གྱིས་ནམ་མཁར་ཅིག་བལྟས་རྗེས། སྐད་ཆའི་ཚིག་འབྲུ་རེ་རེ་ཁ་ནང་ནས་ཕྱིར་ཐོན། ཁྱོད་ཀྱི་ཨ་ཕས་འདས་ཁར་ཅི་ཞིག་བཤད་སོང་། བཀྲ་རྒྱམ་ནི་གློ་བུར་དུ་གཉིས་ལས་སད་པ་ལྟར། ཁོས་ལྡབ་ལྡིབ་ངང་། ཨ་ཕས་ཁྱོད་ནི་ངའི་སྤུན་ཡིན་ཟེར། སྤུན། ངོ་མ་རེད། སྤུན་ཡིན་ན་རྟ་རྒྱུགས་འགྲན་ནས་རྒྱལ་ཕམ་རྩོད་དོན་མེད་དོ་ཟེར། ཟླ་བས་ཡང་གསལ་བོར་བཤད་མི་འདུག་སྙམ། སྤུན་ལྟ་བུའི་གྲོགས་པོ་ཡིན་ནམ། ཤ་ཁྲག་གི་འབྲེལ་བ་ཡོད་པའི་སྤུན་ངོ་མ་ཡིན་ནམ། ཁོས་རང་གི་མགོ་བོར་ཤུགས་ཀྱིས་རྡེག་ཙམ་བྱས་པ་ན། འདིའི་ནང་དུ་རྩམ་པའི་སྐྱོ་མས་བཀང་བ་དང་འདྲ། གློ་བུར་དུ་ཁོས་རྒད་པོ་ནོར་བསྟན་ལྟར་འགྲོས་ཐོར་བའི་རྒྱ་སྐད་ཀྱིས་ལྐོག་ནས་ཐཱ་མ་ཏི་ཞེས་སྡིགས། ནམ་མཁར་གསང་བ་ལྟ་བུའི་སྤྲིན་པ་མང་པོ་རྒྱུ་དོན་གང་ཡིན་ནམ།


འབྲེལ་ཡོད་འོས་སྦྱོར།