སྙིང་མོ་སྐྱིད་ཀྱིས་བསྒྱུར་བའི་བརྩམས་སྒྲུང《རྟ་རྒྱབ་ཀྱི་དར་ལྕོག》།
རྩོམ་པ་པོ།:སྙིང་མོ་སྐྱིད་ཀྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-08-31
ཀློག་གྲངས།:
རྟ་རྒྱབ་ཀྱི་དར་ལྕོག
འཇམ་དབྱངས་ཚེ་རིང་གིས་བརྩམས། སྙིང་མོ་སྐྱིད་ཀྱིས་བསྒྱུར།
ལེའུ་དང་པོ།
ཁོའི་མིང་ལ་བློ་བཀྲ་ཟེར། སྔོན་ཆད་ཁོས་མཛའ་གཞས་ཀྱིས་ཁ་དགེའི་མཛའ་མོ་འཕྲོག ཁ་དགེ་ཡང་ད་ལྟ་གཉེན་སྒྲིག་བྱས་ཟིན། ཡིན་ཡང་ད་སྐབས་ཁོ་མོ་དྲན་དུས་ཡང་དབུགས་རྒྱུན་ཅིག་ཁོའི་སྣ་ཁུང་ནས་མཆི་རྨེན་ཏུ་ལང་ལོང་རྒྱུ། ཁ་དགེ་ཡིས་སྐབས་འདི་འདྲར་ཐུག་དུས་རང་ཉིད་ངེས་པར་དུ་སྦས་སྐུང་བྱས་ནས་ལྷིང་འཇགས་ངང་ནང་སེམས་ལ་ཕྱིར་བལྟ་ཞིག་བྱེད་དགོས་པ་ཤེས་ཡོད།
ད་ལྟ་ཡང་དེ་ལས་མ་འདས།
ད་ནི་ཕྱི་དྲོར་བསླེབས་ཟིན། ཨ་སྔོན་དབྱིངས་སུ། སྤྲིན་ནག་གིས་གློ་བུར་དུ་ཉི་མ་བསྒྲིབས་སོང་། ཁ་དགེ་ཡིས་ནམ་མཁར་དངོས་པོ་འདི་འདྲ་ཞིག་ག་དུས་བསླེབས་པ་ཆ་མ་འཚལ། རང་ཉིད་ཀྱིས་རྩྭ་ཐང་ལ་སྙོམས་བལྟ་བྱེད་དུས་ཡིན་ཡང་སྲིད། ཡང་མིན་ན་དེ་ཉིད་སྔ་མོ་ནས་ཉི་མའི་འོད་ཟེར་གྱི་རྒྱབ་ཏུ་སྐུང་རྗེས། དུས་ངེས་མེད་དུ་ལྡིང་འོངས་ནས་ཉི་མ་བསྒྲིབས་པར་གྲ་སྒྲིག་བྱས་ཡོད་ཤས་ཆེ། ་་་་་་་་་་་་་ཅང་མ་འགོར་བར་གནམ་ངོ་རུབ་སོང་། སྤྲིན་ནག་གི་གསེབ་ནས་དུས་ངེས་མེད་དུ་གློག་དམར་འཁྱུག་པའི་རྣམ་པ་མངོན་བྱུང་། དེའི་གཅུས་འཁྱོག་གི་ངང་ནས་འཕྲོ་རིམ་འཕྲོར་ལྡིར་ལྡིར་དུ་གྲགས་པའི་འབྲུག་སྒྲ་དྲངས་བྱུང་བ་དེས་ཁ་དགེའི་སེམས་པ་ཡང་བསྐྱར་མི་སྐྱིད་པར་བཟོས་སོང་། ཡིན་ཡང་ནམ་མཁས་སྙིང་རྗེ་སྤུ་ཙམ་ཡང་མི་སྒོམ་པར་ཁོར་ཆར་ཆེན་ཞིག་གནང་སོང་།
ཁ་དགེ་གོམས་ལོབས་ལྟར་རྟའི་ཕོ་བའི་འོག་ཏུ་སྐུང་། ཆར་བའི་བརླན་ཆ་ཞིག་རྩྭ་སོས་པའི་དྲི་ཞིམ་དང་འགྲོགས་ནས་གང་སར་ཁྱབ། ཁ་དགེས་དེ་ཚོ་བསླེབས་སྟངས་ནི་ཡ་མཚན་ཆེ་ཞིང་ཁ་ཡང་སྤྱོད་ཡང་ཞིག་ཡིན་པ་ཚོར། དེར་བརྟེན། ཁོ་རྟའི་ཕོ་བའི་འོག་ཏུ་ཙོག་ནས་ལུས་པོ་འགུལ་ཙམ་བྱས། དེར་མཐུད་ནས། ཁོས་བརླན་ཆ་དེས་མཁུར་ཚོས་སུ་འཁྱག་སྣང་ཞིག་སྦྱིན་པ་ཚོར། ཆར་བ་ཤག་ཤག་ཏུ་བབས་ནས་མཚམས་མི་འཇོག ཚུལ་དེ་ནི་ཆར་བས་ཁ་དགེའི་ཕམ་སེམས་དེ་བཀྲུ་འདོད་པ་དང་མཚུངས། འོན་ཏེ། ཁ་དགེ་ཡིས་ཕམ་སེམས་འདི་ཆར་བ་དང་བསྟུན་ནས་ཇེ་ལྕི་རུ་ཕྱིན་པ་ཚོར་བྱུང་། ཁོས་དབུགས་རིང་ཞིག་བཏང་། ཡང་བསྐྱར་དབུགས་རིང་ཞིག་བཏང་། ཁོས་ད་དུང་དབུགས་རིང་ཞིག་གཏོང་འདོད་དུས། ཆར་བ་འབབ་མཚམས་ཆད་སོང་། བར་སྟོང་དེ་ཉིད་དཀྱིལ་གནས་སུ་སྡོད་སྐབས་སྐད་སྒྲ་མང་པོ་ཞིག་ཇེ་མང་དུ་སོང་འདུག སྐབས་དེར་ཁ་དགེ་ཡིས་ཟུར་མིག་གིས་རྟའི་ཕོ་མཚན་ནི་སྦོས་ནས་རང་གི་མགོ་བོར་གཏད་ཡོད་པ་མཐོང་། ་་་་་་་་་ཁོས་མགོ་བོ་དཀྱོགས་ནས་ལྟ་ཙམ་བྱས་པ་དང་། སླར་ཡང་མགོ་བོ་དཀྱོགས་ནས་བལྟ་ཙམ་བྱས་རྗེས། མ་རངས་བའི་ངང་རྟ་འོག་ནས་ཐོན།
ཆར་རྗེས་ཀྱི་མཁའ་དབུགས་ནི་བརྒྱུད་བརྟོལ་བ་ཞིག་དང་། སྲབ་ཅིང་སོབ་པས་མིའི་སེམས་ལ་སྐྲག་སྣང་སྟེར།
ཁ་དགེ་ཡིས་དུས་མི་སྔ་བ་ཤེས་ནས་རྟབ་རྟབ་པོར་རྟར་བཞོན་ནས་མུ་མཐུད་དུ་ལམ་ལ་ཆས།
སྐབས་འདིིར། རྟའི་གོམ་ལག་ནི་མགུ་མི་གང་བ་ཞིག་མ་རེད། ཆར་བ་འབབ་ཐེངས་གཅིག་གི་ཆུ་བཤལ་བཏང་རྗེས། དེ་ལ་སྙིང་སྟོབས་ཀྱིས་ཁེངས་འདུག དེའི་ལུས་ཡོངས་ནས་སྤུ་ནག་གི་གསེབ་ཏུ་སྦས་པའི་དྲི་ཞིམ་ཞིག་མཆེད་ཡོང་། རྨིག་པ་རྩྭ་སར་ཐུག་དུས་སྐག་སྐག་གི་སྒྲ་གྲགས་འོངས། དེས་གློ་བུར་དུ་མགོ་བོ་དགྱེ་ནས་ལན་འགར་གཡུགས་པ་ན། རྟ་རྔོག་སྟེང་ལུས་པའི་ཆར་ཆུ་རྣམས་གང་སར་གཏོར། དེའི་སྣ་ཁུང་ནས་དབུགས་ཚ་པོ་ཞིག་བཏང་བ་དང་སྣ་ཕུ་ལན་འགར་བརྒྱབ། རྩྭ་སས་ཆར་ཆུ་འཇིབ་ཅིང་རྨིག་འོག་གི་སྟོབས་ཤུགས་ཀྱང་གཞིབ་སོང་། ཁ་དགེའི་ལག་གི་མཐུར་མདའི་གཡུག་གྲངས་ཇེ་མང་དུ་སོང་། ཡིན་ནའང་ཁོའི་ཀླད་པའི་ནང་འོད་ལམ་ལམ་དུ་འཆར་བ་ནི་གཅིག་རྗེས་གཉིས་མཐུད་ཀྱི་ས་མིང་དག་རེད། ཁྱི་མོ་དམར་ཁྲ་མགུལ་ནི་དེ་ཙམ་ནས་བསླེབས་ངེས་པའི་ས་ཆ་ཞིག་ཡིན། ཁོ་ར་ཁོར་ཡུག་གི་རི་རྒྱུད་ཀུན་ལ་རང་ཉིད་དང་འོས་ཤིང་འཚམས་པའི་མིང་ཞིག་ཡོད་པའི་དབང་དུ་བཏང་རུང་། ས་མིང་འདིའི་ཁྱད་མཚར་ས་ནི་ཁྱི་མོ་སྐེ་ཁྲ་ཞིག་མེད་པ་དེ་རེད།
དེ་ན་ཁྱི་མོ་དམར་ཁྲ་མགུལ་ཅེས་པའི་ས་མིང་འདི་འདོགས་དོན་གང་ཡིན་ནམ། ཁ་དགེས་དེ་ལ་ཆ་འཇོག་མང་པོ་བྱས། ཆ་འཇོག་ལ་ལ་ནི་གཤོག་སྒྲོ་ཡིས་མིའི་མགོ་བོ་གཏུབ་ཐུབ་པ་ལྟར་གྱི་ཁུངས་མེད་ལུང་མེད་ཞིག་རེད། ཡིན་ཡང་འབྲེལ་བ་མེད་པ་ནི་འབྲེལ་བ་མེད་པ་རང་རེད། འབྲེལ་བ་མེད་པ་ནི་ཉི་མ་གཅིག་དང་ཉི་མ་གཞན་དབར་གྱི་འབྲེལ་བ་ཇི་བཞིན་རེད།
ཁ་དགེ་ས་ཆ་རྗེས་མ་དེར་བསླེབས་དུས། ཉི་མའི་འཁོར་ཕྱོགས་ལ་དཔག་ན་ཕལ་ཆེར་ཆུ་ཚོད་བཞི་པར་བསླེབས་ཟིན།
དུས་འདིར་ཁོས་གཏེར་རྡོ་ཇི་བཞིན་འཚེར་བའི་ས་མིང་དེ་དག་ལ་བསམ་བློ་བཏང་མེད། ཁོས་རྟ་ཐོག་ནས་རྒྱང་རིང་གི་ས་ན་བྱ་རྒོད་ཁྱུ་གཅིག་གིས་གཤོག་རྡེབ་བྱེད་བཞིན་ཅི་ཞིག་ཟ་བར་འཕྲོག་རྩོད་བྱེད་པ་མཐོང་། ཁོས་བྱ་རྒོད་རྣམས་ཀྱིས་ལུག་རོ་རུལ་བ་ཞིག་ཟ་བཞིན་ཡོད་མེད་ལ་ཚོད་དཔག་བྱས། བྱ་རྒོད་ལ་མཚོན་ནས་བཤད་ན། རུལ་དྲི་ནི་སེམས་ཁམས་ཀྱི་སྤྲུལ་འགྱེད་སྒྱུར་རྫས་ཡིན་ཏེ། དེས་ཁོ་ཚོར་རང་བྱུང་སྦྲེལ་ཐག་གི་གནས་གང་དུ་འདུག་དགོས་པ་དང་། རང་ཉིད་ཀྱིས་མི་སྣ་ཇི་འདྲ་ཞིག་འཁྲབ་སྟོན་བྱེད་དགོས་པ་བསྟན་ཡོད། ཁ་དགེས་འདང་བརྒྱབ་ནས་མཚམས་འདིེར་བསླེབས་དུས། རྐང་བ་གཉིས་ཀས་ཤེད་ཀྱིས་རྟའི་ཕོ་བ་བསྡམས་པ་ན། རྟ་ཇེ་མགྱོགས་སུ་ཕྱིན་ཏེ་སུག་བཞི་སྣོལ་མར་སྨི་ཁ་ཤས་སུ་མཆོང་བས། ད་ཅི་ཅུང་དལ་བའི་རླུང་གི་མྱུར་ཚད་ཡང་ཇེ་མགྱོགས་སུ་ཕྱིན། རླུང་མི་གཅིག་པ་ཞིག་ཁ་དགེའི་གདོང་ལ་ཕོག རླུང་མི་གཅིག་པ་དེས་ཁ་དགེ་ལ་རྟར་ཞོན་པ་ནི་ས་ཆ་ཞིག་ལ་འགྲོ་དགོས་པ་གསལ་འདེབས་བྱས་ཤིང་། ས་ཆ་དེས་ཁོ་ལ་ཟླ་འོད་འོག་ནས་ཇི་ལྟར་ཡུན་རིང་ཞིག་ལ་གཉིད་དུ་ཡུར་དགོས་པ་དྲན་ཏུ་བཅུག སྐབས་དེར། ངལ་དུབ་དང་ཡིད་ཕམ་ཡོད་ཚད་རྨི་ལམ་དང་རྨི་ལམ་གྱི་འདྲེས་མཚམས་ནས་འཐོར་འགྲོ། ད་ལྟ་བྱ་རྒོད་དེ་དག་གིས་ཁོ་རང་ཡོད་པ་ཚོར་བྱུང་། ཡིན་ཡང་ཁོ་ཚོས་ཐོག་མར་རྟ་གཅིག་གམ་མི་གཅིག་བསླེབས་པ་དེར། ཧ་ལམ་སྣང་བ་བྱུང་མེད་པ་འདྲ། ཁོ་ཚོས་ཐབས་ཤེས་ཆེས་སླ་མོ་དེ་སྤྱད་ནས། བཟའ་རྒྱུ་དེ་དག་གྲོད་ཁོག་ཏུ་ཇི་ལྟར་འཇུག་དགོས་པ་གཅིག་པུར་བསམ་བློ་འཁོར་ཡོད། ཡིན་ཡང་ཁ་དགེས་སྐབས་འདིར་བསམ་ཚོད་བྱེད་པ་ནི། ཁོ་ཚོས་སྲོག་ཆགས་ཅི་ཞིག་གི་ཤ་ཁྲག་ལ་ལོངས་སུ་སྤྱོད་པ་དེ་རེད། ཁ་དགེ་རྟ་ལས་བབས་ཏེ་བྱ་རྒོད་ཀྱི་འགྲམ་དུ་ཕྱིན། བྱ་རྒོད་གཅིག་ལྡིང་འོངས་ནས་ཁོར་གཤོག་རྡེབ་བྱས། ཁ་དགེས་ལག་པ་བཀྱགས་ནས་དེའི་གཤོག་རྡེབ་འགོག་ཞོར་དུ་མིག་གིས་ཁོ་ཚོའི་དཀྱིལ་དུ་བལྟས། ཁ་དགེ་སྐྲག་ནས་ཧོན་ཐོར། མ་གཞི་དེ་ནི་མིའི་བེམ་པོ་ཞིག་རེད། ལོ་མང་པོའི་རྗེས་སུ་ཡང་ཁ་དགེས་སྐབས་དེའི་ཚོར་བ་དེ་ཡིད་ལ་ཤར་ཐུབ། རླུང་འཁྱག་མོ་ཞིག་སེམས་ཀྱི་ནང་ནས་ཕྱི་རུ་བུད། འཁྱག་པའི་ཚོར་བ་དེ་ཚུན་རེ་རེ་བྱས་ནས་ལུས་ཧྲིལ་བོར་ཁྱབ། ་་་་་་་་ཁ་དགེས་ཤི་བོའི་ཕྱུ་པ་རལ་ནས་ལྷེབ་མོ་རེ་རེར་བཏང་ཅིང་། ལྷེབ་མོ་ལ་ལའི་སྟེང་དུ་ཁྲག་བསྒོས་ཡོད་པ་མཐོང་། རས་ལྷེབ་དེ་དག་བྱ་རྒོད་དང་བྱ་རྒོད་ཀྱི་སྲུབས་ཀ་ནས་ལྡང་འོངས་བའི་སྐྱི་བསེར་རླུང་གིས་ཉབ་བེ་ཉོབ་བེའི་ངང་ལན་འགར་གཡུགས་པ་ལས། དུས་ཚོད་མང་ཆེ་བར་མར་དཔྱངས་ནས་བསྡད་འདུག ཁ་དགེས་མི་འདི་གནས་འདིར་ཇི་ལྟར་ཤི་མིན་ལ་ཚོད་དཔག་བྱེད་མགོ་བརྩམས། ཁོའི་ཐོབ་ཐང་ཅི་ཡིན་ནམ། བྱ་རྒོད་ཀྱིས་སྐོར་བའི་སྒོར་སྒོར་དེ་ནས་ཁོ་ཡར་འགྲོ་མར་འགྲོ་བྱས། ཁོའི་བསམ་པར་གལ་ཏེ་མི་ཞིག་ས་སྟོང་ནས་ཤི་དུས། དེས་སྲོག་ཉེན་ལ་ཐུག་པའི་ནད་ཅིག་འཁྱེར་ནས་ན་ཟུག་ཁྲོད་མདུན་དུ་བསྐྱོད་བཞིན་ཡོད་ངེས་སྙམ། ཁོས་རང་ཉིད་འགྲོ་སའི་མཐར་ཐུག་གི་གནས་དེ་ཤེས་ཡོད་སྲིད་དེ། འཆི་བ་ཡིན་ནོ།།
ཐ་ན་ཁོས་རྩྭ་ཐང་གི་ས་སྟོང་ཞིག་ནས་ཤི་བ་དེ། ཁྲོམ་གཞུང་ཞིག་ནས་ཤི་རྗེས་མི་མང་པོས་ཐུར་ལྟ་བྱེད་པ་ལས་བཟང་སྙམ་ཡོད། སེམས་ལ་འདི་ལྟར་འཁོར་དུས་ཁ་དགེས་མགོ་བོ་དགྱེ་ནས་དབུགས་རིང་ཅིག་བཏང་། ཉི་མས་ནམ་མཁའི་མཐོངས་ནས་ཁོའི་སེམས་ཁམས་ལ་རྒྱན་སྤྲས་ཅི་ཐུབ་བྱེད། སྤྲིན་པ་མང་པོ་ཞིག་སྐད་ཅིག་ཙམ་ལ་ཡང་བསྐྱར་ཉི་མའི་ཉེ་སར་བཅར་འདུག ཁ་དགེས་སྐབས་ཐོག་དེའི་སྨག་ནག་གི་སེམས་པས་རང་ཉིད་ལ་སྔར་ལས་མི་སྐྱིད་པ་ཞིག་བཟོ་སྲིད་པ་ཤེས་ཡོད། ཁོས་མགོ་བོ་སྒུར་ནས་རང་གི་ཁྱད་མཚར་བའི་བྱ་སྤྱོད་དེ་མུ་མཐུད་དུ་སྤེལ། ཁོས་བྱ་རྒོད་དེ་དག་བསྐོར་བཞིན་སྐོར་བ་བརྒྱབ། མཉམ་མ་བཞག་པའི་མཚམས་དེར། ཁོས་བྱ་རྒོད་ཅིག་གིས་ཤི་བོའི་མིག་འབྲས་མིག་ཀོང་ནས་བཏོན་ཡོང་བ་དང་ཁྲག་དམར་འཛར་འཛར་བྱེད་པ་མཐོང་། ཁ་དགེས་ལམ་སེང་མིག་བཙུམ་ནས་ལུས་པོ་ཕར་འཁོར། འདི་ནི་རྙེད་པ་ཐེངས་གཅིག་གི་མགོ་ཚུགས་པ་ཡིན་ནོ།། ཁོས་མིག་ཕྱེ་ནས་བལྟ་དུས་རང་ཉིད་ཀྱི་ཁ་གཏད་དུ་སློང་མོ་བྱེད་པའི་རས་ཁུག་ཞིག་དང་ཁྱི་བདའ་བྱེད་ཀྱི་དབྱུག་པ་ཞིག་སར་གཡུག་ཡོད་པ་མཐོང་། ཁོས་ལམ་སེང་ཤི་བོའི་ཐོབ་ཐང་ཁེལ་སོང་།
“སྤྲང་པོ།”ཁ་དགེས་རྟ་ཐོག་ནས་དེ་ལྟར་བཤད།
“སྤྲང་པོ། ཡ་ང་བའི་སྤྲང་པོ།”ཁ་དགེས་ཡང་བསྐྱར་ནན་བཤད་ཅིག་བྱས།
དེ་ལྟར་བཤད་ཞོར་དུ། ཁོ་ནི་རྟར་ཞོན་ནས་དྲག་ཏུ་རྒྱུག་བཞིན་པའི་ཆུ་བོ་ཞིག་བརྒལ་ཟིན། ཆུ་བོའི་ནང་གི་ཉ་རྣམས་ཐོལ་ཐོལ་དུ་ཆུ་ངོས་སུ་ལྡིང་འོངས། ཁ་དགེས་ཉ་དེ་དག་ཆུ་ངོས་སུ་ལྡིང་དུས་ཁ་ཅུང་གདངས་ཡོད་པ་མཐོང་བ་མ་ཟད། དེ་ཚོའི་མིག་ཟུང་དུ་གནས་སྐབས་ཀྱི་ཞེད་སྣང་རེ་འཁྱུག་ཡོད་པ་ཡང་མཐོང་བྱུང་། མཇུག་མཐར་དེ་ཚོ་ཡང་ཆུ་ནང་དུ་ལྷུང་རྗེས་ཅལ་ཅལ་གྱི་སྒྲ་གྲགས་འོངས་བ་དང་། དེ་ཚོའི་ཞེད་སྣང་ཡང་ཆབས་ཅིག་དུ་ཆུ་ནང་འཐིམས་སོང་། ཁ་དགེས་ཉ་འདི་དག་གི་བྱེད་སྟངས་དེ་དངོས་གནས་ཁྱད་མཚར་རེད་བསམ་བྱུང་། གང་ལྟར་ཀྱང་ཉ་དེ་དག་གི་བྱེད་སྟངས་ཀྱིས་རྟའི་མགྱོགས་ཚད་ལ་བར་ཆད་བྱེད་མི་ཐུབ། རྟས་ཤུགས་གང་ཡོད་བཏོན་ནས་མཆོང་བ་དང་ཆུ་འགྲམ་དུ་བསླེབས། དེ་ནས་ཡོད་ཚད་བརྗེད་པ་ལྟར་ལུས་པོ་སྤྲུག་སྤྲུག་ཅིག་བཏང་སྟེ། ཕོ་བའི་ངོས་སུ་འབྱར་བའི་ཆུ་ཐིགས་རྣམས་ལྷུང་དུ་འཇུག་རྩིས་བྱས་པ་ན། ཁ་དགེས་ག་ལེར་རྟ་ལ་སྡིགས། རྟས་སྔར་གྱི་བྱེད་སྟངས་དོར་ནས་རྒྱུགས་མགོ་ཚུགས།
ཉི་མ་ནི་སྐད་ཅིག་ཙམ་ལ་ཁྱིའི་མཆེ་བ་ལྟ་བུའི་རི་རྩེར་བཀལ་ཚར་འདུག ཁ་དགེས་སེམས་ལ་གལ་ཏེ་དེ་ཉིད་ཁྱིའི་མཆེ་བ་དངོས་ཡིན་པའི་དབང་དུ་བཏང་ན། གཤམ་ལ་དེ་ཚོས་ཅི་ཞིག་བལྡད་འདོད་ཡོད་དམ་སྙམ། ཡིན་ཡང་ཉི་མ་ནི་སྒོར་ཞིང་འཇམ་པའི་དངོས་པོའི་རིགས་སུ་གཏོགས་པ་འདྲ་སྟེ། ཁྱིའི་མཆེ་བའི་དབྱིབས་ཀྱི་རི་རྩེ་དེ་དག་གིས་ཉི་མ་བཟུང་མ་ཐུབ་པར་དེ་ཉིད་རིའི་རྒྱབ་ཏུ་ཤུད་སོང་། ས་རུབ་སོང་། སེམས་གསལ་སོང་། བར་སྟོང་དུ་ལྡིང་བའི་ཐལ་རྡུལ་ཀྱི་དཀར་ཆ་ཇེ་ཞན་གྱུར་སོང་། ཁ་དགེས་རྒྱུ་འབྲས་ཀྱི་འབྲེལ་བ་གཅིག་རྗེས་གཉིས་མཐུད་དུ་དྲན་བྱུང་། ཡིན་ཡང་ཁོས་རྒྱུ་འབྲས་ཀྱི་འབྲེལ་བ་དེ་དག་གི་རྒྱབ་ལོགས་སུ་ཨི་ཁུང་ཆེན་པོ་ཞིག་ཡོད་པ་ཤེས་མེད། སྒོམ་ཆེན་པས་བཤད་ན་དེ་ནི་ཉམས་ལེན་གྱི་རྩ་བ་ཡིན་ཟེར། ་་་་་་་་་་ཁྱིམ་དུ་ལོག་རྗེས། ཁ་དགེ་རྟ་སྒར་གསེག་ཁེན་བྱས་ཏེ་ཁ་གདན་སྟེང་ཙོག་ནས་བསྡད། རྟ་སྒ་ནས་ཀོ་ལྤགས་ཚ་པོ་ཆགས་དུས་ཀྱི་དྲི་མ་ཞིག་མཆེད་འོངས། ཁ་དགེས་སྦྲའི་སྟེང་ཕྱོགས་ནས་སྐྱི་བསེར་རླུང་ལྡང་བ་ཐོས་བྱུང་། ཁོས་སྐྱི་བསེར་རླུང་བུར་རྐང་པ་དྲུག་དང་མཛུབ་མོ་སོ་དྲུག་ཡོད་པ་དང་། མཛུབ་མོ་རེ་རེའི་རྩེ་ལ་གསེར་མདོག་གི་སྣུམ་ཚོན་བྱུག་ཡོད་པ་ཡིད་ལ་ཤར། དེས་རྒྱུ་སྐར་གྱི་གཏམ་བཤད་སྐྱེལ་ནས་ཁོའི་ཆུང་མ་མ་མཚོའི་སེམས་གཏིང་གི་སྐད་ཆ་དེ་གསོན་དུ་བཅུག་སོང་། འདི་ནི་དངོས་གནས་ཡ་མཚན་ཅན་གྱི་ཚོར་བ་ཞིག་རེད། ཁ་དགེས་རང་ཉིད་གཅིག་པུས་ད་གཟོད་དོན་དག་འདི་འདྲ་ལ་བསམ་བློ་གཏོང་བ་ཤེས་ཡོད། བསམ་བློ་འདི་དག་གནས་ལུགས་དང་མཐུན་མིན་དེ་ཁོས་བལྟས་ན་བདའ་འདེད་བྱེད་དགོས་དོན་གང་ཡང་མི་འདུག
མ་མཚོས“རྟ་རྒྱུགས་ཀྱི་མཇུག་འབྲས་ཇི་འདྲ་རེད”ཞེས་བཤད་ཞོར་དུ། ཁོ་མོའི་ཐོད་པ་སྦྲའི་ཀ་རའི་སྟེང་དུ་བཀལ་བའི་གློག་ཞུ་ལ་ཐོགས། གློག་ཞུ་ཡར་མར་འགུལ། མ་མཚོས་ལག་པ་བསྲིངས་ནས་དེ་འདུག་ཏུ་བཅུག ཁོ་མོས་སྐད་གདངས་ལ་ལེ་བདའ་འདྲེས་བཞིན“བལྟས་ཡོང་ན་ཉི་གློག་གསོག་བྱེད་ཀྱི་གློག་རྫས་ལ་སྐྱོན་ཞུགས་པ་འདྲ། ཉི་གློག་ལེབ་མོ་དེ་ཉིན་ཧྲིལ་བོར་ཉི་མར་ལྡེ་རུང་། དེས་བཏང་བའི་གློག་ནི་ད་དུང་འདི་འདྲ་མག་མོག་ཅིག་རེད”ཟེར།
ཁ་དགེས་སྐད་ཆ་བཤད་མི་འདོད། མ་མཚོས་མིག་ཧྲིག་གེར་ཁོར་བལྟས་ནས་ཅུང་ཙམ་བསྡད་རྗེས། ལམ་སེང་མང་པོ་ཞིག་ཧ་གོ་སོང་། ཁོ་མོས་བསམ་གཟས་ནས་གྲེ་བ་བསལ་ཙམ་བྱས་རྗེས། ལག་པ་གཅིག་གིས་ཁ་བཏུམ་པ་དང་། ལག་པ་གཞན་དེས་ཟངས་སྐྱོགས་བཟུང་བྱུང་། ཁོ་མོས་རང་ཉིད་ཀྱིས་ཟངས་སྐྱོགས་བཟུང་ནས་ཅི་ཞིག་བྱེད་དགོས་པ་མ་ཤེས། རྒྱུ་མཚན་དེའི་དབང་གིས་ཁོ་མོའི་སྤྱོད་པ་དེ་རེངས་པོར་གྱུར། ཁ་དགེས་རང་གི་ཆུང་མ་ཐབ་འགྲམ་ན་ཅི་བྱེད་འདི་བྱེད་མེད་པར་གྱུར་བ་མཐོང་ནས་འགྱོད་པ་སྐྱེས་བྱུང་། ཁོས་ཕམ་ཁ་ཉོས་རུང་མི་སྐྱིད་པའི་སེམས་འདི་རང་གི་ནང་མིར་བརྒྱུད་སྤྲོད་བྱེད་དགོས་དོན་མི་འདུག་སྙམ། ངོ་མ་ཤི་ན་འགྲིག ཁོས་རང་གིས་རང་ལ་ལྐོག་ནས་སྡིགས། དེ་ནས་ཁོས་རང་ཉིད་ལ་ཕམ་ཁ་ཉོས་སོང་། མ་གཞི་ཨང་དང་པོ་ལེན་རྩིས་ཡོད་མོད། རྟས་ལ་རྒྱ་མ་བཟུང་བས་ཐབས་ཤེས་མེད་སོང་བ་རེད། ཁ་དགེས་སྐད་ཆ་འདི་བཤད་མ་ཐག་སླར་ཡང་འགྱོད་པ་སྐྱེས་བྱུང་། རྟ་ལ་ཁག་དཀྲི་རྒྱུ་ཅི་ཡོད། འདི་ལྟར་བྱེད་ག་ལ་རུང་། བློ་བཀྲའི་རྟ་ངོ་མ་བཟང་། ཡིན་ཡང་དེས་ཁོ་རང་ཕོ་བའི་འོག་ཏུ་ཆར་ཡིབ་བྱེད་དུ་འཇུག་གམ། གཏན་ནས་མི་སྲིད།
ག་ལེར། ཁ་དགེས་རང་ཉིད་ཀྱི་སེམས་པ་རིམ་བཞིན་ཇེ་འཇམ་དུ་ཕྱིན་པ་ཚོར།
སྦྲ་ནང་དུ་ཐབ་མེ་ལས་མཆེད་པའི་དྲོད་དེ་མཁའ་དབུགས་བརྒྱུད་ནས་གང་སར་བསླེབས།
དུས་དེར་མ་མཚོས་ཟངས་སྐྱོགས་སླ་ང་ལེབ་ལེབ་དེའི་ཁ་གཅོད་སྟེང་བཞག་རྗེས“སང་ཉིན་ངའི་ཨ་ཕ་ཡོང་སྲིད”ཟེར།
ཁ་དགེས་གཏམ་དེ་ཐོས་མ་ཐག་ཀླད་པའི་ནང་དུ་བང་སྒྲ་ཅིག་གྲགས། ཁོའི་གདོང་གི་རྣམ་འགྱུར་དེ་གནས་སྐབས་ཀྱི་ལྷིང་འཇགས་ནས་དངངས་སྐྲག་ཏུ་གྱུར། ཁོས་མཆིལ་མ་ཁོག་ཏུ་མིད་པ་དང་། ཨོལ་མདུད་འགུལ་ཙམ་བྱས་ནས་བཤད་རྒྱུར། ག་རེ། ཁྱོད་ཀྱི་ཨ་ཕ་ཡོང་རྒྱུ་རེད་ཟེར། མ་མཚོས་ཁ་དགེའི་གདོང་གི་དངངས་སྐྲག་གི་རྣམ་འགྱུར་དེ་མཐོང་རྗེས་ཅུང་ཡི་མ་རངས། ཁོ་མོས་ངོ་གནག་ནས་རེད་ཡ། ཡོང་ཡང་སྲིད། མིན། ངེས་པར་དུ་ཡོང་ངེས། ཁ་དགེས་གཏམ་དེ་ཐོས་མ་ཐག་རང་དབང་མེད་པར་ལག་པས་ཐོད་པ་བཀབ། ཁོས་རྒད་པོ་འདིས་ཡང་ཁོར་ཉོག་བཤད་ཅི་ཞིག་རྒྱག་ངེས་ཡིན་ནམ་སྙམ། ཁ་དགེའི་སྣང་ངོར་ཨ་ཞང་གིས་ནམ་ཡང་ངོ་གནག་ཡོད་ལ། ཁོ་ནི་གདོད་མ་ནས་སྐྱོན་འཚོལ་བར་དགའ་བའི་མི་ཞིག་ཡིན་ཏེ། ཁོའི་སྨ་རའི་སྟེང་གི་སྤུ་རེ་རེས་ཁོང་ཁྲོ་ཁུར་ཡོད་པ་འདྲ། ནོར་ལུག་གི་ཚོ་ལྗིད་དང་ལུག་ར་སྲ་བརྟན་ཡིན་མིན། ད་དུང་ཕྱུགས་འཚོ་བའི་སེམས་ཁམས་སོགས་ཚང་མ་ནི་ཁོས་འདྲི་རྒྱུའི་ནང་དོན་ཡིན། ཁ་དགེས་ལམ་སེང་རང་གིས་ཀྱང་སེམས་ནས་གྲ་སྒྲིག་ཞིག་བྱེད་དགོས་སྙམ། མཚན་མོར། མ་མཚོས་ཁོར་འཐམ་ནས་ལས་དེ་སྒྲུབ་བསམ་རུང་། ཁ་དགེ་ལ་སྤྲོ་བ་ཉག་ཙམ་ཡང་མི་འདུག ཅི་ཡིན་མི་ཤེས་མོད། ཁོས་དེ་རིང་ཉིན་དཀར་ལམ་ནས་བྱ་རྒོད་ཚོས་སྐོར་ཏེ་ཤ་ཁྲག་ལ་རོལ་བཞིན་པའི་སྤྲང་པོ་ཤི་བོ་ཞིག་ཐུག་པ་དེ་དྲན། ཁོས་དུས་འདིར་རང་ཉིད་ཀྱིས་ཁོར་ཁ་བཏོན་རེ་འདོན་པ་ལས་ཅི་ཡང་བྱེད་མི་ནུས་སྙམ། འདི་ལྟར་བསམ་དུས་ཁ་དགེས་ཤབ་ཤུབ་ངང་ཁ་བཏོན་འདོན་མགོ་བརྩམས། མ་མཚོས་ཁ་བཏོན་འདོན་པའི་སྐད་དེ་ལྷུང་ལྷུང་དུ་འབབ་པའི་ཆུ་བོ་བཞིན། མཉེན་ཞིང་ལྡེམ་པའི་ངང་རང་གི་རྣ་བའི་བུ་གར་བཞུར་འོངས་བ་དང་ཆབས་ཅིག རང་ཉིད་ཀྱང་ཆུ་རྒྱུན་དེས་འཁུར་འགྲོ་བའི་སྣང་བ་བྱུང་། ཁོ་མོའི་ལུས་པོ་བསིལ་ཞིང་དྭངས་བའི་ཆུ་ངོས་སུ་གཡེང་། ཆུ་ངོས་སུ་གཡེང་་བཞིན་གཉིད་འཐིབས་འོངས། གཉིད་འཐིབས་འོངས་བས་མ་མཚོ་དངོས་གནས་གཉིད་དུ་ཡུར་སོང་། ཡིན་ཡང་ཁ་དགེའི་ཁ་བཏོན་འདོན་པའི་སྒྲ་དེ་སྐད་ཅིག་ཙམ་ལའང་མཚམས་མ་བཞག་ལ། ཁོའི་མིད་པར་ལུད་པ་ཞིག་བུད་དུས་ད་གཟོད་མཚམས་བཞག་སོང་། ཅང་མ་འགོར་བར་སྦྲ་གུར་གྱི་ཁུང་བུ་ཆུང་ཆུང་ནས་ཟླ་འོད་གཏིམ་བྱུང་། དེ་ནི་དངུལ་ཆུ་དམ་བུ་གང་སྦྲ་གུར་གྱི་སྟེང་དུ་གཏོར་བ་དང་གཉིས་སུ་མ་མཆིས། ཁ་དགེས་ཕྱིང་གུར་གྱི་གདན་མཐུག་པོ་ཞིག་བཏིང་ཡོད་པ་དེའི་སྟེང་གན་རྐྱལ་དུ་ཉལ་ཏེ། ཕར་སོང་ནས་ཟླ་འོད་དེ་དག་ལག་པས་བསྐྱོར་འདོད། ཁོས་འདི་ལྟ་བུའི་ཟླ་འོད་གཙང་བཞེས་གནང་འདོད་ལ། ཐ་ན་དེ་ཉིད་དུག་རྫས་ཡིན་རུང་འཐུང་འདོད།
སྐྱི་བསེར་རླུང་གི་རྐང་པ་དྲུག་པོ་ཡང་རྩྭ་ཐང་སྟེང་ནས་འགུལ་བསྐྱོད་བྱས་བྱུང་། ཁ་དགེས་ཐོག་མར་དེའི་རྐང་པ་ཡ་གཅིག་རྡོ་སྤུང་དུ་སྤོས་པ་ལ་འཆར་ཡན་བྱས། དེ་རྡོ་སྤུང་བརྒྱུད་ནས་འགྲོ་དུས་རྡོ་ཆེན་པོའི་སྟེང་དུ་བཞག་པའི་རྡོ་ཆུང་ངུ་དེ་དག་དངོས་གནས་ལྷུང་དུ་བཅུག་སོང་། ཁ་དགེ་ཕར་སོང་ནས་རྡོ་ཆུང་ངུ་དེ་སྔར་གནས་སུ་བཞག ཁོས་དབུ་སྐྲ་རླུང་གིས་སྤུར་བའི་རྣམ་པ་དེ་ཡིད་ལ་ཤར་ནས་ཁོང་ཁྲོ་ལངས་པ་འདྲ། དེས་རྐང་པ་དྲུག་སྤོས་ཏེ་མྱུར་རྒྱུག་བྱས་ནས་ཁོར་གསལ་པོར་ལྟ་བའི་གོ་སྐབས་ཞིག་གཏན་ནས་མ་བྱིན། རྡོ་སྤུང་འདི་ས་འདིར་སྤུང་ནས་ཡུན་རིང་འགོར་སོང་། ཁ་དགེ་ཆུང་ངུའི་དུས་སུ་མི་གཞན་གྱི་ཁ་ནས་རྡོ་སྤུང་ནི་དོན་དངོས་སུ་ལམ་རྟགས་ཡིན་པ་གོ་མྱོང་། ད་ལྟ་བལྟས་ནའང་དེ་ལྟར་རེད། དེ་ཉིད་ལུང་མདའ་བཞི་ཡི་རྩྭ་ཐང་དུ་གནས་ཅིང་། དེའི་ཁ་གཏད་དུ་ཡོད་པའི་ལུང་མདའ་དེ་ནི་ཏག་ཏག་རྩྭ་ཆུ་གཉིས་འཛོམས་ཀྱི་རྩྭ་ར་ཡག་པོ་ཞིག་ཡིན། རྩྭ་ཐང་དུ་མ་ཎི་རྡོ་འབུམ་ཕུད་འདི་ལྟ་བུའི་རྡོ་སྤུང་ཟ་ངེ་ཟིང་ངེ་ནི་མཐོང་དཀོན་པོ་ཡིན། ཁ་དགེ་ཡིས་ད་དུང་ངག་རྒྱུན་ཅིག་ཡོད་པ་ཡང་ཤེས་ཏེ། དེ་ནི་གླིང་གེ་སེར་རྒྱལ་པོ་དང་འབྲེལ་བ་ཡོད་ཅིང་། གླིང་དཀར་སྟོད་ཀྱི་དམག་དཔུང་ནི་ལམ་རྟགས་འདིར་བརྟེན་ནས་དམག་སྒར་འདེབས་སའི་གནས་མཆོག་འདི་རྙེད་པ་རེད། ཁ་དགེས་བསམ་བློ་བཏང་ནས་སྐབས་འདིར་བསླེབས་དུས་ཁོའི་ནོར་ཁྱུ་རི་ངོས་སུ་བཀྲམ་ཚར་འདུག
“ཨ་ཞང་ཡོང་རྒྱུ་རེད།”
ཁ་དགེ་རྡོ་སྤུང་ཟ་ངེ་ཟིང་ངེ་དེའི་འགྲམ་དུ་ཉལ་ནས་རང་གིས་རང་ལ་སྐྲག་བསླངས།
“ཡིན་ནམ། ཁོ་ངོ་མ་ཡོང་རྒྱུ་རེད་དམ། ”དུས་བབ་དང་མི་འཚམ་པའི་སྐད་སྒྲ་ཞིག་ཁོའི་སྤྱི་གཙུག་ནས་ལྷང་ལྷང་གྲགས།
ཁ་དགེས་མགོ་བོ་ཕར་འཁོར་བ་ན་གདོང་ཕྱེད་ཟླ་བསྟན་མཐོང་བྱུང་། ཁོའི་ནག་པོ་ཆགས་མེད་པའི་གདོང་ཕྱེད་དེ་ནས་འཛུམ་ཕྱུངས་སོང་། ཁ་དགེས་ཁོའི་འཛུམ་དེའི་ནང་ན་ཟུར་ཟའི་ཆ་ཞིག་འདྲེས་འདུག་པ་མཐོང་། ཁ་དགེས་མ་དགའ་བའི་ངང་ཁོར་བལྟས་ནས་བསྡད། བལྟས་ཀིན་བལྟས་ཀིན་གདོང་ཕྱེད་ཀྱི་མཚང་མིང་འདི་ཁོ་ལ་ཧ་ཅང་འཚམ་མོ་སྙམ། ཟླ་བསྟན་ལ་ཨ་མའི་མངལ་ནས་ཐོན་དུས་ནས་བཟུང་གདོང་ཕྱེད་བརླགས་པའི་མངལ་རྟགས་ནག་པོ་འདི་ཡོད་པ་ཁོས་ཤེས་ཡོད། ཡིན་ཡང་མི་ལ་ལས་བཤད་ན། འདི་ནི་ཁོའི་ཨ་མ་ཆར་བབས་ནས་འབྲུག་གྲགས་དུས་གློག་དམར་འཁྱུག་སར་བརྒྱུད་པས། མངལ་གྱི་བྱིས་པའི་གདོང་ལ་གློག་འཁྱུག་པའི་རྟགས་འདི་བཀོད་པ་རེད་ཟེར། གཞན་ཡང་མི་འགའ་ཤས་ཀྱིས་བཤད་ན། གདོང་ཕྱེད་ཟླ་བསྟན་གྱི་གདོང་དུ་སྣང་ཚུལ་འདི་འདྲ་བྱུང་དོན་ནི། མཐར་གཏུགས་ན། ཁོའི་ཨ་མས་མེ་ཏོག་གི་འདབ་མ་ཟ་བ་དང་འབྲེལ་བ་ཡོད་ཟེར། ཁ་དགེས་བཤད་ཚུལ་རྗེས་མ་འདི་ལ་ཡིད་ཆེས་བྱེད་འདོད། བུ་སྐྱིད་འཁྲེང་ས་ཟེར་བའི་རྩྭ་ཐང་འདིར། འབྲོག་པ་ཀུན་གྱིས་ཟླ་བསྟན་གྱི་ཨ་མར་མེ་ཏོག་ལོ་མའི་ཨ་ཞང་ཨ་མ་ཞེས་འབོད། ཐ་ན་རྩྭ་ཐང་དུ་མེ་ཏོག་ལོ་མའི་ཨ་ཞང་ཨ་མ་དང་འབྲེལ་བའི་བྱིས་གླུ་ཞིག་ཀྱང་ཁྱབ་ཡོད་དེ། “མེ་ཏོག་ལོ་མའི་ཨ་ཞང་ཨ་མ། མེ་ཏོག་ལོ་མའི་ཨ་ཞང་ཨ་མ། འོ་མ་གཏོར་ན་ཁ་བ་དཀར་པོར་འགྱུར། མེ་ཏོག་ལོ་མའི་ཨ་ཞང་ཨ་མ། མེ་ཏོག་ལོ་མའི་ཨ་ཞང་ཨ་མ། དགུང་ལ་བལྟས་དང་ཁྱུང་ཆེན་འཕུར་གྲབས་འདུག”
ཡིན་ཡང་དུས་ཡུན་རིང་པོ་ཞིག་གི་ཡར་སྔོན་དུ། ཁ་དགེའི་འདས་ཟིན་པའི་ཕ་མས་ཁོར་གླུ་འདི་ནི་ཟླ་བསྟན་གྱི་ཨ་མ་མ་སྐྱེས་གོང་ནས་ཡོད་ཞེས་བཤད་མྱོང་། དེ་ན། གླུ་འདིའི་ནང་བརྗོད་པའི་མེ་ཏོག་ལོ་མའི་ཨ་ཞང་ཨ་མ་ནི་དོན་དངོས་སུ་ཟླ་བསྟན་གྱི་ཨ་མ་མིན་ཡང་། མི་རྣམས་ཀྱིས་ཁོ་མོ་མེ་ཏོག་གི་ལོ་མའི་ཨ་ཞང་ཨ་མར་མཐོང་བ་ཡང་ཁོ་ཚོའི་གནས་ལུགས་དང་མཐུན་པ་ཞིག་རེད།
ཟླ་བསྟན་གདོང་ཕྱེད་ཀྱིས་ཁ་དགེ་ཧོན་ཐོར་བའི་ཉམས་འགྱུར་ལ་བལྟ་བཞིན། དགོད་ཞོར་དུ“ ལྗོན་པའི་རྣམ་འགྱུར་སྐམ་སོང་། ཁྱོད་ཀྱི་རྣམ་འགྱུར་རེངས་སོང་”ཟེར།
ཁ་དགེས་ཁོའི་བཤད་པའི་ནང་དོན་ཆ་ཚང་ཧ་གོ་སོང་ལ། ཁོས་ད་དུང་ཟླ་བསྟན་གདོང་ཕྱེད་རང་ཉིད་ཀྱིས་ཀྱང་མ་ཚོར་བའི་སྐད་ཆ་དེའི་ཤུགས་ཀྱི་ནང་དོན་རིམ་པ་དེ་ཡང་ཚོར་རྟོགས་བྱུང་། ཡིན་ནའང་ཁ་དགེས་སྐད་ཆ་འདིར་དོ་སྣང་མ་བྱས། ཁ་དགེས་སྐབས་འདིར་རང་ཉིད་ཀྱིས་ངེས་པར་དུ་ཁོག་སྟོད་དགྱེ་དགོས་པ་ཤེས་ཡོད། ཁོག་སྟོད་ཡར་དགྱེ་བ་ན། ཟླ་བསྟན་གདོང་ཕྱེད་ཁོའི་འགྲམ་དུ་བསྡད་བྱུང་།
ཟླ་བསྟན་གདོང་ཕྱེད་ཀྱིས་ཀྱང“ཨ་ཞང་ཡོང་རྒྱུ་རེད། ཁྱོད་ཕྱིར་སོང་ནས་ཁོར་སྒུག་རྒྱུ་མིན་ནམ”ཟེར།
ཁ་དགེས་ཁོས་འདི་ལྟར་བཤད་སྲིད་པ་ཤེས་ཡོད་པས་རྣམ་འགྱུར་མི་སྡུག་པའི་ངང“དེ་ན་ནོར་སུས་འཚོ་དགོས། ཁྱོད་ཀྱིས་ངའི་ཚབ་བྱེད་དམ”ཟེར།
ཟླ་བསྟན་གདོང་ཕྱེད་ཀྱི་གདོང་ཕྱེད་ནག་པོ་དེར་རྣམ་འགྱུར་ཅི་ཡང་མེད། ཁོས“བྱིས་པ་མང་ཙམ་སྐྱེས་དང་། དེ་མིན་ཁྱོད་ཀྱི་ལུག་རྣམས་ཡང་དངུལ་བཏོན་ནས་ཁྱོད་ཀྱི་ཚབ་དུ་མི་གཞན་ལ་འཚོ་རུ་འཇུག་དགོས་དོན་མེད”ཞེས་ལན་བཏབ།
སྐད་ཆ་འདིས་ཁ་དགེའི་ན་སར་རེག་སོང་། ཁ་དགེ་དང་མ་མཚོ་གཉིས་གཉེན་སྒྲིག་ནས་ལོ་གསུམ་འགོར། ཁོས་ཤུགས་གང་ཡོད་བཏོན་ནས་དཀའ་ལས་བརྒྱབ་ཀྱང་ཆུང་མའི་གྲོད་ཁོག་ཆེ་རུ་འགྲོ་བ་མཐོང་མ་ཐུབ། མཚམས་ལ་རེར་ཁ་དགེས་རང་ཉིད་ཀྱི་སྐྱོན་ཡིན་ནམ་སྙམ། ཡིན་ནའང་ཁྱིམ་རྒྱུད་ཧྲིལ་བོར་ནད་རྟགས་འདི་འདྲ་ཞིག་ཡོད་མ་མྱོང་། དེ་ན་མ་མཚོར་སྐྱོན་ཡོད་པ་ཁོ་ཐག་རེད། ཁ་དགེས་རང་གི་ཚོད་བགམ་དེ་གླེང་དུས་མ་མཚོས་སྐད་ཆ་ཅི་ཡང་མ་བཤད། ཉིན་ཞིག་ལ་ཁ་དགེས་ཁོ་མོའི་སྐེད་ཕྲ་དེར་འཐམས་ནས་བཟོད་སྒོམ་ཞུ་དུས། མ་མཚོས་རང་གི་སྒམ་དེའི་ནང་ནས་རྣ་ལུང་ཆ་གཅིག་བླངས་ཏེ་བཏགས་རྗེས། སྙིང་རྗེ་མོ་འདུག་གམ་ཞེས་དྲིས། ཁ་དགེ་དེ་བཤད་མ་དགོས་ཞེས་ལན་བཏབ། ཁོ་མོས་འཚོ་བ་ནི་རྣ་ལུང་གཡོན་པའི་སྟེང་གི་འོད་གཡས་པའི་སྟེང་དུ་འཕྲོ་བ་ལྟར་རེད་ཟེར། ཁ་དགེས་སུས་དེ་ལྟར་བཤད་པ་རེད་ཟེར། ཁོ་མོས་ངའི་ཨ་མས་་་་་་་་་་་ཁོ་མོས་ད་དུང་མངལ་ཆགས་མིན་ལ་སེམས་ཁྲལ་མ་བྱེད་དང་། བསླེབས་དགོས་པ་ཐམས་ཅད་ཡོང་ངེས་ཡིན་ཟེར། ཁོ་མོའི་ཨ་མ་ནི་གཉེན་སྒྲིག་རྗེས་ཀྱི་ལོ་བདུན་པའི་སྟེང་ཁོ་མོ་ཡོད་པ་མ་ཟད། ཁོ་མོ་ནི་ཁྱིམ་གྱི་བྱིས་པ་ཆེ་ཤོས་དེ་ཡིན་ཟེར། ཁ་དགེ་ཡིས་ཆུང་མའི་བྱ་སྤྱོད་དེ་དག་ངོ་མ་ཁྱད་མཚར་ཞིག་རེད་སྙམ། ཡིན་ཡང་རྗེས་ནས་ཁོས་འདི་ནི་ཆུང་མས་རང་ཉིད་ཀྱི་རྒྱལ་ཁར་བཤམས་པའི་གསོལ་སྟོན་ཆུང་ཆུང་ཞིག་ཡིན་པ་རྟོགས།
ཟླ་བསྟན་གདོང་ཕྱེད་ཀྱིས་ཁ་དགེ་ཁ་རོག་གེར་བསྡད་པ་ནི་ཁོས་ཡང་བསྐྱར་གནད་དོན་ལ་བསམ་བློ་གཏོང་བཞིན་པ་ཤེས། འོན་ཀྱང་ཁོས་བལྟས་ན། འཇིག་རྟེན་གྱི་དོན་དག་ཐམས་ཅད་ལ་སྔར་ནས་རང་ཉིད་ཀྱི་གཏན་ཁེལ་བའི་བཅད་ཚད་ཞིག་ཡོད་པས། མིའི་བསམ་ཚུལ་གྱིས་དེ་ཉིད་འགྱུར་བ་གཏོང་མི་ཐུབ་པར་འདོད། ནམ་མཁའི་ལྷ་མར་བབས་ནས་མགོ་ནག་མི་ལ་བཤད་རྒྱུར། ཁྱོད་ཀྱིས་འདང་རྒྱོབ་དང་། འདང་ཕོག་སོང་ན་ཁྱོད་ནི་ངའི་ཕྱེད་ཀ་ཡིན་ཟེར། ཡིན་ནའང་མི་མང་ཆེ་བ་ཚེ་གཅིག་ལ་དབུལ་བོ་བྱས་ཀྱང་འདང་མ་ཕོག ཟླ་བསྟན་གདོང་ཕྱེད་ནི་དེ་ལས་ལྡོག་སྟེ་མིས་འགྱུར་བ་གཏོང་མི་ཐུབ་པའི་འདོད་བློ་དེ་ཚོད་དཔག་བྱེད་འདོད་ཤིན་ཏུ་ཆེ། ཁོའི་ཐབས་ཤེས་ནི་མོ་འདེབས་པ་དེ་རེད། བུ་སྐྱིད་འཁྲེང་སའི་རྩྭ་ཐང་གི་མི་རྣམས་ཀྱིས་ཁོས་མོ་འདེབས་པ་ཤེས་ཡོད། འོན་ཀྱང་མོ་ཁེལ་དུས་གཅིག་ཀྱང་མེད། ད་ལྟ། ཁོས་ཡང་ལྷའི་དགོངས་པ་ལ་ཚོད་དཔག་བྱེད་འདོད།
ཁོས་བཤད་རྒྱུར། “ཁ་དགེ ད་འདང་མ་རྒྱག དེ་ལས་ངས་ཁྱོད་ལ་མོ་ཞིག་འདེབས”ཟེར།
ཁ་དགེས“བཟང་གི”ཟེར།
དེ་ནས་ཁ་དགེས་ཟླ་བསྟན་གདོང་ཕྱེད་ཀྱིས་སྐ་རགས་བར་དུ་གསེབ་པའི་ཀོ་ཁུག་ཅིག་བླངས་བ་མཐོང་།
ཁོས་ཀོ་ཁུག་བླངས་ནས་ཁ་དགེའི་རྣ་འགྲམ་དུ་སྤྲུག་སྤྲུག་ཅིག་བཏང་། ཁ་དགེས་ཀོ་ཁུག་ནས་ཀོའུ་ལོའུ་ཀོའུ་ལོའུ་ཡི་སྒྲ་ཞིག་མཆེད་པ་ཐོས།
ཟླ་བསྟན་གདོང་ཕྱེད་ཀྱིས་ཀོ་ཁུག་གི་ཁ་ཕྱེ་ནས། “ཁྱོད་ཀྱིས་མོ་ཅི་ཞིག་འདེབས་འདོད”ཟེར།
ཁ་དགེ་བསམ་བློ་ཞིག་བཏང་རྗེས། “ངའི་ཨ་ཞང་དེ་རིང་ཡོང་མིན་ལ་མོ་ཞིག་ཐོབས”ཟེར།
ཟླ་བསྟན་གདོང་ཕྱེད་ཀྱིས་ཀོ་ཁུག་ཁ་དགེའི་ལག་པའི་མདུན་དུ་བསྲིངས་ཏེ། “ནང་ནས་དངོས་པོ་ཞིག་ལོངས”ཟེར།
ཁ་དགེས་ཁ་ལ་ཉན་མདོག་ཁ་པོའི་བཟོ་ལྟ་ཞིག་བསྟན། ཁོའི་ཉམས་འགྱུར་དེ་ཟླ་བསྟན་གདོང་ཕྱེད་ཀྱིས་སྐབས་དེ་དུས་ཡིད་ལ་དམ་པོར་བཅངས། ཟླ་བསྟན་གདོང་ཕྱེད་ཀྱིས་ཁ་དགེའི་ལག་པ་དལ་བུར་ཀོ་ཁུག་གི་ནང་དུ་བསྲིངས་བ་མཐོང་། དེ་ནས་ཁོས་ཀོ་ཁུག་མར་དཔྱངས་སོང་བ་ཚོར་བྱུང་། དེ་ནི་ཁ་དགེའི་ལག་པ་ཁུག་མའི་གཏིང་དུ་བསླེབས་པ་རེད། ཁ་དགེའི་ལག་པས་ནང་ནས་སྙོབ། ཁོས་དངོས་པོ་མང་པོ་ཞིག་ལ་རེག་བྱུང་། ལྕགས་རིགས་ཡོད་ལ་སྲོག་ཆགས་ཀྱི་རུས་པ་ཡང་ཡོད། ད་དུང་ཤིང་དང་ཐུ་གུ གྲམ་རྡོ་ཆུང་ཆུང་བཅས་ཡོད། ཁ་དགེའི་ལག་པ་གྲམ་རྡོ་འཇམ་པོ་དེར་ཐུག་པ་དང་རེག་མཚམས་བཞག ཀོ་ཁུག་ནང་དུ་ཁོས་ལྐོག་ནས་དེ་ལ་ལག་པས་ཕུར་ཕུར་བྱས། གལ་ཏེ་དངོས་གནས་ཅི་ཞིག་ར་སྤྲོད་བྱེད་དགོས་ཟེར་ན། འདི་ཡིན་པར་བྱ། གྲམ་རྡོ་ཡིན་ནོ།། ཁ་དགེས་ག་ལེར་ཀོ་ཁུག་ནས་དེ་ཕྱིར་བླངས། དེ་ནི་སྨུག་མདོག་ཅིག་ཡིན་ལ། དེས་འགྲམ་གྱི་རྡོ་སྤུང་ལ་རྒྱན་བྱུང་།
“དེ་ཡིན་ནོ།། ”ཁ་དགེས་དེ་ཉིད་ཟླ་བསྟན་གདོང་ཕྱེད་ཀྱི་ལག་པར་སྤྲད།
ཟླ་བསྟན་གདོང་ཕྱེད་ཀྱིས་གྲམ་རྡོ་དེ་བཟུང་ནས་ཕར་བསྐོར་ཚུར་བསྐོར་བྱས་ཏེ་ཉིན་ཕྱེད་ཙམ་ལ་བལྟས་རྗེས། ཀོ་ཁུག་ཏུ་གཡུགས། དེ་ནས་ཁོས་ཁ་དགེར་བཤད་རྒྱུར“ཁྱོད་ཀྱི་ཨ་ཞང་དེ་རིང་ཡོང་རྒྱུ་རེད”ཟེར།
ཁ་དགེས་སྐད་ཆ་དེ་ཐོས་མ་ཐག་རང་དབང་མེད་པར་ཕྱོགས་བཞིར་བལྟ་ཙམ་བྱས།
ངོ་མ་མི་བསླེབས་བྱུང་། དེ་ནི་བུད་མེད་ཅིག་སྟེ། མེ་ཏོག་གི་འདབ་མ་བལྡད་བཞིན་པའི་བུད་མེད་ཅིག་རེད། མེ་ཏོག་ལོ་མའི་ཨ་ཞང་ཨ་མ། ཟླ་བསྟན་གདོང་ཕྱེད་ཀྱི་ཨ་མ། ཁ་དགེ་ཡིས་ཁོ་མོའི་མཆུ་འགྲམ་དུ་མེ་ཏོག་གི་འདབ་མ་དམར་པོ་ཞིག་ལུས་ཡོད་པ་མཐོང་ལ། དེ་ནི་ཁོ་མོའི་མཆུ་ངོས་སུ་སྲུབས་ཀ་ཆུང་ཆུང་ཞིག་ཕྱེ་སྟེ་ནང་ནས་ཟིལ་བ་ལྟ་བུའི་ཁྲག་ཐིགས་ཅིག་བཞུར་བྱུང་བ་དང་མཚུངས། ཁྲག་ཐིགས་དེ་དྭངས་ཤིང་བཀྲག་མདངས་བཀྲ་བས་མེས་བསྲེག་པ་དང་ཡང་འདྲ། ཁ་དགེས་མེ་ཏོག་ལོ་མའི་ཨ་ཞང་ཨ་མར་མཆུ་ངོས་སུ་ལུས་པའི་ལྷག་རོ་གཙང་མར་ཕྱི་དགོས་ཞེས་བཤད་འདོད་ཡོད་མོད། ཁོ་མོས་ཁ་དགེ་སྣང་མེད་དུ་བཞག་སོང་། ཁོ་མོའི་མིག་ནང་རང་གི་བུ་ཕྲུག་མ་གཏོགས་མེད།
ཁོ་མོས་དལ་འཇམ་ངང་ཟླ་བསྟན་གདོང་ཕྱེད་ལ་བཤད་རྒྱུར“འགྲོ་དང་། ངའི་བཞིན་མི་སྡུག་པའི་བུ"ཟེར།
ཟླ་བསྟན་གདོང་ཕྱེད་ཁོ་མོའི་རྗེས་དེད་ནས་བུད་སོང་། ཁོས་ཀོ་ཁུག་སླར་ཡང་སྐ་རགས་ཀྱི་གསེབ་ཏུ་བཅུག ཁ་དགེའི་སེམས་སུ་ཁོས་རང་ཉིད་ཀྱི་ཨ་ཕ་སུ་ཡིན་མིན་ལ་མོ་ཞིག་བཏབ་ན་འགྲིག་སྙམ། བུ་སྐྱིད་འཁྲེང་སའི་རྩྭ་ཐང་གི་ཚང་མའི་ཨ་ཞང་། ཁོའི་མི་སྡུག་པའི་གདོང་ཕྱེད་དེས་ཚོད་དཔག་གི་གཞི་འཛིན་ས་མེད་པར་བཟོས་སོང་། དེར་བརྟེན། ཁོས་དངོས་གནས་མོ་འདེབས་དགོས་སྟེ། འདི་ནི་རེ་སྒུག་བྱེད་རིན་ཡོད་པའི་མཇུག་འབྲས་ཤིག་ཡིན།
ཨ་ཞང་ནི་ཉིན་བཞིའི་རྗེས་སུ་ད་གཟོད་བསླེབས་བྱུང་། ཉིན་འགའི་སྔོན་ལ། ལམ་འགྲོ་བ་ཁ་ཤས་ཤིག་ཇ་སློང་དུ་བསླེབས་བྱུང་། ཡིན་ཡང་ཁ་དགེས་མི་གཉིས་ཀྱི་སྐད་ཆ་མ་གཏོགས་སེམས་ལ་བཟུང་མ་ཐུབ། གཅིག་ནི་ཕྱུ་པ་དཀར་པོ་གྱོན་མཁན་གྱི་ཤིང་བཟོས་ཁོར་བཤད་པ་ཡིན་ཏེ། གཞན་ཞིག་ནི་ཕྱུ་པ་ནག་པོ་གྱོན་པའི་འབྲོག་པ་དེས་ཁོའི་སྐད་ཆ་དེ་ཐད་ཀར་ཁ་དགེའི་རུས་རྐང་དུ་བརྫངས་སོང་། ཁ་དགེས་ཞིབ་ཚགས་དང་བཅས་ཁོ་ཚོའི་སྐད་ཆར་མྱོང་རོལ་བྱས། ཁོས་སྐད་ཆའི་ཁྱད་པར་དེ་ནང་སེམས་ཀྱི་ཁྱད་པར་ལས་བྱུང་བ་རྟོགས། སེམས་ཁོང་གི་གནམ་ས་ཡིས་སེམས་ཀྱི་ཁམས་ཐག་གཅོད་བྱེད། ཕྱུ་པ་དཀར་པོ་གྱོན་པའི་ཤིང་བཟོ་དེ་ནི་བུ་སྐྱིད་འཁྲེང་སའི་རྩྭ་ཐང་གི་བྱང་ཕྱོགས་ནས་རྐང་ཐང་ལ་འདིར་ཡོང་བ་ཡིན། ཡིན་ཡང་ཕྱུ་པ་ནག་པོ་གྱོན་པའི་འབྲོག་པ་དེ་ནི་གཟུགས་དཔངས་མཐོ་བའི་རྟ་མཆོག་ཅིག་ལ་ཞོན་ཏེ་ནུབ་ཕྱོགས་ནས་ཡོང་བ་ཡིན་ལ། སུམ་རྩེན་གྱི་རྟ་པ་མི་ཡུལ་དུ་བབས་པ་དང་འདྲ། ཤིང་བཟོས་ཤིང་ཕོར་བཟུང་ནས་དལ་འཇམ་ངང་ད་འགྲོ་རན་སོང་། ངས་རང་གི་རྒྱབ་གཟུགས་སྐྱུར་མི་ཐུབ་རུང་། རང་གི་སྐད་ཆ་ཞིག་ཤུལ་དུ་སྐྱུར་དགོས་ཟེར། ངའི་སྐད་ཆའི་ནང་དུ་ལྗོན་ཤིང་ཡོད། ཡིད་ལ་དམ་པོར་བཅངས་ན་ཁྱོད་ཚོའི་རྨི་ལམ་ཁེབས་ཐུབ་ཟེར། ཡིན་ཡང་ཕྱུ་པ་ནག་པོ་གྱོན་པའི་འབྲོག་པ་དེས་ཁའི་ནང་གི་ཇ་ཐུར་ཞིག་ས་སྟེང་དུ་གཡུགས་རྗེས། ཁྱོད་ཚོས་སྣེ་ལེན་བྱས་པ་ཐུགས་རྗེ་ཆེ། བུ་སྐྱིད་འཁྲེང་ས་རྩྭ་ཐང་ནི་མར་གྱིས་བཟོས་པ་ལ་རྒྱུ་མཚན་འདུག རང་གི་སེམས་སུ་སྣུམ་སྣོན་རྒྱུ་མང་དྲགས་ན་སྐྱོ་སྣང་ཆེ་ཞིང་འཆར་སྒོ་མང་ངེས་རེད་ཟེར། དེ་ལྟར་བཤད་ཞོར་དུ། ཁོས་སྦྲ་ཡོལ་བཀྱགས་མ་ཐག་གྲིབ་གཟུགས་རྟ་རྒྱབ་ཏུ་འཁྱུག་ཙམ་བྱས། རྨིག་སྒྲ་གྲགས་པ་དང་། ཁ་དགེ་སྦྲའི་ཕྱི་རོལ་དུ་སོང་ནས་རྒྱང་ལྟ་བྱེད་དུས། ཁོའི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མི་འདུག ཤིང་བཟོ་དེས་ལག་ཆས་བཀང་བའི་སྒྲོ་བ་ཁུར་ནས་དལ་བུར་མདུན་དུ་བསྐྱོད། ཁ་དགེས་སེམས་སུ། ཕྱུ་དཀར་ཤིང་བཟོས་མི་ཡིད་ལ་བཅངས་མ་ཐུབ་རུང་ཁོའི་སྐད་ཆ་ཡིད་ལ་བཅངས་དགོས་པའི་རེ་བ་བཏོན། སྤྱིར་འདི་ནི་བཙན་བཀོལ་པ་ཡིན་མོད། ཁོའི་དམིགས་ཡུལ་འགྲུབ་སོང་། ཁ་དགེས་ཁོའི་བཟོ་ལྟ་ཡིད་ལ་མི་དྲན་རུང་ཁོའི་སྐད་ཆ་ཡིད་ལ་དམ་པོར་བཅངས་ཡོད། སྐབས་དེར་ཁ་དགེས་ཡིད་ལ་དྲན་མང་ཤོས་ནི་ཕྱུ་པ་ནག་པོ་གྱོན་པའི་འབྲོག་པ་དེ་རེད། ཁོས་བུ་སྐྱིད་འཁྲེང་སའི་རྩྭ་ཐང་ནི་མར་གྱིས་བཟོས་པ་རེད་ཟེར། ཁོས་ད་དུང་སེམས་སུ་སྣུམ་སྣོན་རྒྱུ་མང་དྲགས་ན་སྐྱོ་སྣང་ཆེ་ཞིང་དྲན་རྒྱུ་མང་ཟེར། ་་་་་་་་ཉིན་འདི་དག་གི་རིང་། ཁ་དགེས་སྐད་ཆ་འདིའིནང་དོན་ལ་བསམ་བློ་བཏང་། ཉིན་གུང་གི་དུས་དེར། ཁོས་ཕལ་ཆེར་ཧ་གོ་སོང་བ་འདྲ། ཁོས་ནོར་ཁྱུ་རིའི་སྟེང་དུ་གང་དགར་བཀྲམ་ནས་རྩྭ་ཟ་རུ་བཅུག་རྗེས། རང་ཉིད་རི་ལས་བབས་ནས་ཁྱིམ་དུ་ལོག
ཐག་རིང་ནས། ཁོས་ཨ་ཞང་གི་རྟ་དེ་སྒ་ཕོག་རྗེས་སྦྲ་གུར་གྱི་མདུན་དུ་བཏགས་ཡོད་པ་མཐོང་།
ཐག་ཉེ་སར་བསླེབས་དུས། རྟའི་ཁ་རུ་རས་ཀྱི་ཆག་ཕད་བསྐོན་ཡོད་པ་མཐོང་།
ཁ་དགེ་སྦྲ་ཡོལ་བཀྱགས་ནས་ནང་དུ་སོང་། ཁོས་ཨ་ཞང་མ་མཐོང་སྔོན་ལ་གདོང་དུ་འཛུམ་གང་བསྡུས།
ཨ་ཞང་གིས་སྐད་ཆ་ཚིག་གཅིག་ཀྱང་མི་བཤད། ཁོས་གདོང་གནག་ནས་ཞིབ་ཚགས་ངང་ལག་གི་ལུག་ཤ་དེ་ཟ་བཞིན་མཆིས། ཁ་དགེས་ཁ་གདངས་ནས་ཁོར་སྐད་ཆ་བཤད་དུས། ཁོས་ད་གཟོད་ཁོར་གཏད་ནས་མགོ་བོ་ལྡེམ་ཙམ་བྱས།
ཁ་དགེ་དང་མ་མཚོ་གཉིས་ཀྱིས་འབྲི་མོ་དང་ར་མའི་འོ་མ་བཞོས་ཚར། སྨག་ནག་གི་མཚན་མོར། ཨ་ཞང་གིས་སྦྲའི་ཀ་རའི་སྟེང་དུ་བཀལ་བའི་གློག་ཞུ་འོད་མི་གསལ་བ་དེར་བལྟ་བཞིན་ཁ་དགེ་ལ། ཉི་ནུས་ཀྱི་གློག་གསོག་རྫས་གསར་བ་ཞིག་བརྗེ་རན་འདུག་ཟེར། དེ་མིན་བུ་སྐྱིད་འཁྲེང་སའི་རྩྭ་ཐང་ཧྲིལ་བོར་ཁྱོད་ཚང་གཅིག་པུ་མུན་ནག་གི་ནང་འདུག་དགོས་རྒྱུ་རེད། སྐབས་དེ་དུས། ཁྱོད་ཀྱིས་ཨ་ཞང་ངའི་ངོ་ཚ་གང་དུ་འཇོག་ཟེར།
བཤད་ཚར་རྗེས་ཁོས་ཁ་དགེར་ཁ་ཡ་མི་བྱེད། ཁ་དགེས་སེམས་ཁྲལ་དང་བཅས་གློག་ཞུར་བསྐོར་བ་རྒྱག་བཞིན་པའི་འབུ་མེ་ལྕེབས་གཉིས་ལ་བལྟ་བཞིན། སེམས་ཀྱི་ཟབ་སར་མུན་ནག་འདི་དང་ཕན་ཚུན་ཆ་མཚུངས་བའི་བསམ་ཚུལ་རེ་ཐོན། ཁོའི་ལག་པས་དཀར་ཡོལ་བཟུང་ཞིང་། ཁ་ཡིས་ལུག་གི་རྩིབས་རུས་ཤིག་ལ་སོ་བཏབ་འདུག ལོ་མང་པོ་ཞིག་གི་ཡར་སྔོན་དུ། ཁམས་ཀྱི་འབྲོག་པའི་སྦྲ་གུར་ནང་ད་དུང་ཟངས་ཀྱི་མཆོད་མར་སྦར་ཐུབ་མེད་དུས། བོན་གྱི་མོ་པ་ནི་འདི་འདྲའི་འདུག་སྟངས་ཤིག་ལ་གནས་ཡོད་པ་ཁོའི་བསམ་བློར་འཁོར། ངག་རྒྱུན་ལྟར་ན་དེ་ནི་ཁོ་ཚོའི་གྲུབ་པ་མཐོ་བས་བྲག་རྡོ་ཡིན་ཡང་སྐད་ཆ་ཤོད་དུ་འཇུག་ཐུབ་ཟེར། དཀར་ཡོལ་ནང་དུ་ནམ་ཡང་མཚན་མོའི་སྨག་ནག་ཁེམ་བུ་ཁ་ཤས་བླུགས་ཡོད། ཡིན་ཡང་ལུག་གི་རྩིབས་རུས་མེ་ཐབ་ནང་བསྲེགས་པ་ལ་བརྟེན་ནས་མ་འོངས་བ་སྔོན་དཔག་བྱེད་ཐུབ། ཁ་དགེ་འདི་འདྲའི་སྔོན་དཔག་ལ་ཡིད་མི་ཆེས། གལ་ཏེ་ཡིད་ཆེས་ན། ཁོས་སྔར་ནས་ཟླ་བསྟན་གདོང་ཕྱེད་ལ་ཡིད་ཆེས་བྱས་ཡོད། ཁོས་མཁའ་དབུགས་དེ་འདྲའི་ཁྲོད་དུ། ལུག་གི་རྩིབས་རུས་བཀད་པ་ལས་མཆེད་འོངས་བའི་སྐག་སྐག་གི་སྒྲས་གཉིད་ཁུག་ཟིན་པའི་མི་རྣམས་ལ་སྐྲག་ཏུ་འཇུག་རྒྱུ་རེད་སྙམ། ཁ་དགེ་ནི་རྨི་ལམ་ནང་ཁུ་སིམ་མེར་སྡོད་མཁན་དེ་དག་ལ་དགའ།
ཨ་ཞང་གིས་སྔར་བཞིན་ཁོར་ཁ་ཡ་མི་བྱེད། ཁོས་རང་གི་བུ་མོ་མ་མཚོ་གཅིག་པུར་སྐད་ཆ་བཤད།
ཁོའི་སྐད་ཆ་དེ་ཁ་དགེའི་རྣ་ཅོག་ནང་བིན་བིན་དུ་གྲགས།
ཁོས་བཤད་རྒྱུར། “ང་རང་འདིར་ཡོང་བའི་ལམ་ཁ་ནས། ཧ་ཅང་ནང་དོན་ཡོད་པའི་དོན་དག་ཅིག་ལ་འཕྲད་སོང”ཟེར།
ཁ་དགེས་ལོགས་ཤིག་ནས་ཁོའི་ལྕེ་ཡིས་ཁ་ནང་དུ་གྲགས་འགུལ་རེ་བཟོས་པ་ཐོས་བྱུང་།
མ་མཚོ་ནི་སྐབས་འདིར་ཉན་འདོད་ཤིན་ཏུ་ཆེ་བ་འདྲ་སྟེ། ཁོ་མོའི་བ་སོའི་གདུ་བུ་གྱོན་པའི་ལག་པ་དེས་རང་གི་མ་ནེ་སྐྱོར་བྱུང་། ཁ་དགེས་མ་མཚོའི་འོད་འཁྱུག་པའི་མིག་མདངས་ལས་ཨ་ཞང་གིས་ད་ནི་མ་བཤད་ན་མི་ཆོག་པ་ཤེས།
ཨ་ཞང་གིས་མུ་མཐུད་དུ་བཤད་རྒྱུར། ངས་མོ་སྤྱང་ཞིག་གི་རྨི་ལམ་ལ་དཀྲོག་རྐྱེན་སློང་སོང་། དོན་དངོས་སུ་དེ་ནི་རྨི་ལམ་དུ་གནས་པ་མ་གཏོགས། དོན་དག་འདི་འདྲར་ཐུག་མྱོང་མཁན་ཡོད་མི་སྲིད་ཟེར། ཁོས་སྐད་ཆ་བཤད་མཚམས་བཞག་ནས་བུ་མོར་ལྟ་ཙམ་བྱས། བུ་མོར་སྔར་བཞིན་གནས་ལ་མ་སོང་བའི་སྔོན་གྱི་ཉམས་སྣང་དེ་འདྲ་མི་འདུག ཁ་དགེས་ཁའི་ནང་གི་ལུག་གི་རྩིབས་རུས་དེ་ཕྱིར་བཏོན་ནས་གཞོང་བའི་ནང་གཡུགས་པ་ལས་བྱུང་དུ་བཅུག་པའི་སྒྲ་དེས། ཨ་ཞང་གིས་དོན་དག་འདི་རྒྱུན་བསྐྱངས་ནས་བཤད་པའི་སྤྲོ་བ་ལ་བར་ཆད་ཅུང་ཙམ་ཡང་མ་བྱེད་མ་ཐུབ། ་་་་་་་་ང་རང་རྒྱལ་སྐྱེ་སྐར་མར་བསླེབས་མ་ཐག་པའི་སྐབས་དེར། གྲམ་ཐང་ཞིག་ནས་ངས་རྟའི་རྨིག་སྒྲ་ལ་ཉན་པ་ཙམ་གྱིས་རང་གི་རྟ་དེ་འགྲོ་འདོད་ཀྱི་སྤྲོ་བ་ཆེ་བ་ཤེས་ཐུབ། ཡིན་ནའང་ཅུང་ཙམ་འགོར་རྗེས། དེས་གྲམ་ཐང་ནས་སྐོར་བ་རྒྱག་མགོ་བརྩམས། ཚུལ་དེ་ནི་ཐག་གཅོད་བྱེད་དཀའ་བའི་གནད་དོན་ཞིག་ལ་འཕྲད་པ་དང་མཚུངས། ངས་མིག་ཕྱེ་བ་ན། འོ་རེད། ང་ལ་རྟ་རྒྱབ་ནས་གཉིད་པའི་སྐྱོན་ཡོད་པ་དེ་ངེས་དགོས། སྐྱོན་འདི་མི་བཟང་སྟེ། སྔོན་ཆད་ང་རང་དེའི་རྐྱེན་གྱིས་རྟ་སྟེང་ནས་ལྷུང་མྱོང་། ཨ་ཞང་གིས་དེ་ལྟར་བཤད་ཞོར་བཅག་མྱོང་བའི་རྩིབས་རུས་ཀྱི་གནས་དེར་ལག་པས་རེག་ཙམ་བྱས། ཡིན་ཡང་ཁོའི་བརྗོད་པ་དེ་འགུལ་སྟངས་འདིས་མཚམས་འཇོག་ཏུ་མ་བཅུག ཁྱོད་ཀྱིས་ཚོད་དཔག་བྱས་དང་ངས་ཅི་ཞིག་མཐོང་ཡོད་སྲིད་དམ། སྤྱང་ཀི མོ་སྤྱང་ཅིག དེ་ཕལ་ཆེར་གཉིད་ཡོད་ཀྱང་སྲིད། རྩྭ་དོང་དེ་མི་མཐོང་སར་གནས་པས། ངའི་རྟ་ཡིས་ཨེན་ཙམ་མིན་ན་དེའི་སྟེང་དུ་སྤོས། དེ་བས། དེའི་ཞེ་སྡང་ནི་ཇི་འདྲ་ཡིན་པ་བསམ་ཀྱང་ཤེས་སྲིད། དེས་ལམ་བཀག་ནས་རྟ་འགྲོ་རུ་མི་འཇུག རྟ་གཡོན་དུ་སོང་ན་དེ་ཡང་གཡོན་དུ་འགྲོ། རྟ་གཡས་སུ་འཁོར་ན་དེ་ཡང་གཡས་སུ་འཁོར་ནས་འགོག འདི་ལྟར་ང་རང་རྟ་རྒྱབ་ལ་ཞོན་ནས་རྩྭ་ཐང་གི་ལྗོངས་རྣམ་དེ་སྐོར་བ་རྒྱག་བཞིན་པ་ལས་ཅི་ཡང་ཚོར། འབྲོག་པ་རྒན་པ་ཞིག་ལ་མཚོན་ནས་བཤད་ན། ལྗོངས་རྣམ་ནི་སྔར་ནས་ལྗོངས་རྣམ་མིན་ཏེ། གོམས་ནས་རྒྱུན་ལྡན་དུ་གྱུར་ཡོད། བལྟས་ཀྱང་མ་མཐོང་བ་ལྟར་ཡིན། འོན་ཀྱང་། སྐོར་འདི་འདྲ་ཞིག་བརྒྱབ་པའི་དབང་གིས། ངས་དངོས་འབྲེལ་ལྗོངས་རྣམ་ནི་ལྗོངས་རྣམ་ཡིན་པ་ཚོར་བྱུང་། ཨ་ཞང་གིས་བཤད་ནས་མཚམས་འདིར་བསླེབས་དུས་རང་ཉིད་ཀྱིས་སྐད་ཆ་བསྲིངས་རྒྱུ་རིང་སོང་བ་ཤེས་བ་དང་། ལམ་སེང་ལག་པ་བར་སྣང་ནས་གཡུགས་ཙམ་བྱས།་་་་་་་་མོ་སྤྱང་གིས་གནས་དེར་བཀག་ནས་འགྲོ་འདོད་མི་བྱེད། གནས་ཚུལ་དེ་འདྲའི་འོག་ཏུ། ངས་དེར་ཁ་བརྡ་བྱེད་པ་ལས་ཐབས་ཟད། ངས་མཐུར་མགོ་ཤུགས་ཀྱིས་འཐེན་པ་ན་རྟས་འགྲོ་མཚམས་བཞག་སོང་། ་་་་་་་ངས་རྟ་ཐོག་ནས་མོ་སྤྱང་དེར་སོང་ཞིག ངས་བསམ་གཟས་ནས་ཁྱོད་ཀྱི་སྟེང་དུ་སྤོས་པ་མིན་ཞེས་བཤད། ཡིན་ཡང་དེ་སྔར་གནས་ནས་འགུལ་ཙམ་ཡང་མི་བྱེད། སྐབས་འདིར་ང་རང་རྟ་ལས་འབབ་རྒྱུ་ལས་ཐབས་མེད། མོ་སྤྱང་དེས་ང་རང་ལོ་ན་མཐོ་བ་ཤེས་ནས་ཐུབ་ཚོད་བྱེད་འདོད་པ་འདྲ་སྟེ། ཕར་རྒོལ་གྱི་བཟོ་ལྟ་ཞིག་བསྟན་བྱུང་། ངས་ལམ་སེང་དེ་ལྟར་མ་བྱེད། ངས་བསམ་གཟས་ནས་བྱས་པ་མིན། ངོ་མ་བསམ་གཟས་ནས་བྱས་པ་མིན་ཞེས་བཤད་པ་ན། དེས་སྤྱང་མགོ་མར་སྒུར་ནས་མིག་གིས་ཕུར་ཚུགས་སུ་ང་ལ་བལྟས་འདུག་པ་མཐོང་བྱུང་། སུས་བལྟས་ཀྱང་འདི་ནི་སེམས་ཐག་བཅད་ནས་ང་ལ་ཚུར་རྒོལ་བྱེད་རྒྱུ་ཡིན་པ་ཤེས་ཐུབ། ང་ལམ་སེང་རྟ་ཐོག་ཏུ་བུད་ནས། མུ་མཐུད་དུ་ཨ་ཅེ་ལགས། ངོ་མ་གོ་ནོར་ཐེབས་པ་རེད་ཡ་ཞེས་བཤད། རང་ཉིད་ཀྱིས་ཀྱང་བློ་ཡུལ་དུ་མ་ཤར་བ་ནི། དེས་ཨ་ཅེ་ཞེས་པའི་འབོད་སྟངས་དེ་ཐོས་མ་ཐག་མགོ་བོ་བཀྱགས་ནས་ང་ལ་བལྟས་བྱུང་། ངས་ཡང་བསྐྱར་ཨ་ཅེ་ལགས། ང་རང་ངའི་གཅེས་ཕྲུག་བུ་མོར་ལྟ་རུ་འགྲོ་རྒྱུ་ཡིན། ཁྱོད་ཀྱིས་ང་རང་གཏོང་རོགས་ཞེས་བཤད། ཁྱོད་ཀྱིས་ཚོད་དཔག་ཅིག་བྱས་ན་དེས་ཅི་ཞིག་བྱེད་ངེས། མོ་སྤྱང་དེས་ལམ་གཟུར་བྱུང་། དེས་མིག་ཟུམ་ཟུམ་གྱིས་ང་ལ་ཅུང་ཙམ་བལྟས་ནས་བསྡད། ངས་སླར་ཡང་ཨ་ཅེ་ཞེས་འབོད་དུས་དེ་བུད་སོང་།
ཨ་ཞང་གིས་དོན་དག་འདི་བཤད་ཚར་རྗེས། གློག་འོད་འོག་ནས་བུ་མོ་མ་མཚོའི་གདོང་གི་རྣམ་འགྱུར་ལ་བལྟས།
མ་མཚོས་ཨ་ཕའི་སེམས་ཁམས་རྟོགས་ཡོད་པ་འདྲ་སྟེ། “དེ་ན་ངས་མོ་སྤྱང་དེར་ཨ་ནེ་ཞེས་འབོད་དགོས་སམ”ཟེར།
ཁ་དགེས་འགྲམ་ནས་ཁུ་སིམ་མེར་ཉན་ཏེ་བསྡད། ཁོས་ཨ་ཞང་གི་ཞེང་ཆེ་བའི་ཕྲག་པ་དེ་གློག་འོད་ཀྱིས་གསལ་བར་བཏང་ཡོད་པ་མཐོང་། ཨ་ཞང་གིས་ཧ་ལམ་བུ་མོའི་དྲི་བ་མ་ཐོས་པ་འདྲ་སྟེ། རང་གིས་མཉམ་འཇོག་བྱེད་མི་སྲིད་པའི་གྲུ་ག་དེ་ནས་མཆེད་འོངས་བའི་ཁ་དགེའི་གྲགས་འགུལ་དེ་ཐོས།
ཁོས་ད་ནི་རང་ཉིད་ཀྱིས་ཁ་དགེར་སྐད་ཆ་བཤད་དགོས་པའི་དུས་ལ་བབས་པ་ཤེས། དེ་ནས་ཁོའི་སྒྲའི་སྐྱེ་གནས་འདར་ཙམ་བྱས་པ་དང་། དབྱངས་འགྲོས་དང་ལྡན་པའི་སྐད་ཆ་ཞིག་ཁ་ནས་འགོག་མེད་དུ་ཐོན། ཡིན་ཡང་ཁོས་སྔར་བཞིན་ངོ་གནག་འདུག སྐད་སྒྲ་དེ་རྣ་རྩར་འཕོ་ཉུལ་བྱེད། ཐེངས་འདིའི་རྟ་རྒྱུགས་ཀྱི་མཇུག་འབྲས་ག་འདྲ་རེད། སྐད་ཆ་འཁྱག་པ་འདིས་སྔར་གྱི་དབྱངས་འགྲོས་ཡོད་ཚད་ཉམས་སུ་བཅུག་སོང་།
ཁ་དགེ་ཅུང་ཙམ་ལ་ཁ་རོག་གེར་བསྡད་སོང་། དེ་ནི་རང་ཉིད་ཞི་ལྷོད་དུ་གཏོང་བའི་དུས་ཚོད་ཞིག་བཙལ་བཞིན་པ་དང་མཚུངས། ཡིན་ནའང་གནད་དོན་བསླེབས་སོང་། གནད་དོན་དེ་ནི་གྲི་བཟུང་ནས་སྐྲག་སློང་ཡང་འབྲོ་མི་སྲིད། ཁ་དགེས་གནད་དོན་ནི་རྡོའི་ཁོག་གི་ནང་ཞུན་ཡིན་པ་ཤེས་ཡོད་དེ། མ་ཡོང་ན་བཟང་མོད། བསླེབས་དུས་གདོང་བསུ་དགོས། གདོང་བསུ་ན་གྱ་གྱུ་དང་ཞུམ་པ་མེད་པར་གདོང་བསུ་དགོས། ཁ་དགེས་སྐད་ཆ་བཤད་འདོད་ཀྱང་སྒྲ་འབྱིན་མ་ཐུབ། འདིས་ཁོ་རང་ཧ་ལས་སུ་བཅུག་སོང་། ཡིན་ཡང་དུས་ཚོད་ཀྱིས་ཁོ་ལ་བཙན་གྱིས་སྐད་ཆ་དེ་བཤད་དུ་བཅུག་སོང་།
ཁོས་རང་གི་སྐད་སྒྲ་དེ་དབུགས་བཀག་རྗེས་སྣ་ཁུང་ནས་མཉམ་དུ་ཐོན་པའི་ཕན་འབྲས་ཤིག་ཡིན་པ་ཐོས་བྱུང་།
“རྩྭ་ཐང་གི་ཨང་བདུན་པ།”
ཨ་ཞང་གིས་ཁོས་བཏབ་པའི་ལན་དེར་མགུ་མ་བཀང་པ་འདྲ། ཡང་བསྐྱར“སུས་ཨང་དང་པོ་བླངས་སོང་”ཞེས་དྲིས།
ཁ་དགེས“བློ་བཀྲ་རེད། བུ་སྐྱིད་འཁྲེང་སའི་རྩྭ་ཐང་ནུབ་ཕྱོགས་ཀྱི་བློ་བཀྲ་རེད”ཟེར།
ཨ་ཞང་གིས་དབུགས་རིང་ཞིག་བཏང་རྗེས། ལུས་རྒྱབ་ཀྱི་ཏ་ལེན་ལས་ཡག་པོར་བལྟེབས་ཡོད་པའི་གོས་སྔོན་པོའི་ཚི་ལེན་གོང་བརྩེངས་ཅིག་བླངས་ནས་མ་མཚོར་གཏད་དེ། “ཚི་ལེན་ཡག་པ་འདི་ཁྱོད་ཀྱི་ཨ་མ་དང་ནུ་བོས་ཁྱོད་ལ་སྐུར་བ་རེད”ཟེར།
བོད་ལྗོངས་ལྷ་ས། སྙིང་མོ་སྐྱིད།
འབྲེལ་ཡོད་འོས་སྦྱོར།