logo

རྣམ་གླིང་རིན་ཆེན་གྱི་གཞས་ཚིག་ཕྱོགས་བསྒྲིགས། ༡

རྩོམ་པ་པོ།:རྣམ་གླིང་རིན་ཆེན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-11-03 ཀློག་གྲངས།:

ལུག་རྫི་བུ་མོ།
ཞོགས་པའི་ཉི་འོད་དྲོད་ལམ་ལམ།
བུ་མོའི་སེམས་པ་དགའ་ལྷང་ལྷང་།
འཇའ་ཚོན་འཛུམ་གྱིས་བཀང་བའི།
དམན་ཆུང་བུ་མོའི་ཞལ་རས།
སྐྱིད་ན་དབྱར་གསུམ་སྤང་གི་མེ་ཏོག
སྡུག་ན་དགུན་གསུམ་ཙག་དང་རླུང་བུ།

ཨེ།  ལུག་རྫི་བུ་མོ།
རྫི་གླུ་ཐན་ཐུན་ཁྲོད་ནས།
བུ་མོའི་ལང་ཚོ་རྒས་སོང་།
སྐྱིད་སྡུག་མི་ཚེའི་ལོ་རྒྱུས།
ཐོད་པའི་གཉེར་ལས་གསལ་བྱུང་།

བུ་མོ་བུ་མོ་མ་ཟེར།
ལུག་རྫི་བུ་མོ་དྲན་བྱུང་།
མགོ་དཀྲིས་དམར་པོ་དཀྲིས་པའི།
ལུག་རྫི་བུ་མོ་དྲན་བྱུང་།
འོད་ཀྲིག་མིག་ཟུང་དྭངས་མ།
གངས་རི་བཞིན་དུ་དཀར་སོང་།
མཚོ་ལས་ཟབ་གཅིག་ཡིན་སོང་།

ལུག་ཁྱུའི་འབའ་སྐད་ལྷང་ལྷང་།
རྣ་ཡི་བྲག་ཆར་བབས་བྱུང་།
བྲང་ཁའི་ལུ་གུའི་འཕར་ལྡིང་།
གཡང་དཀར་སྐད་དང་འདྲེས་སོང་།
བུ་མོའི་ལས་ཀྱི་རྒྱུན་ཐག
ལུག་ཁྱུའི་ཀློང་དུ་ཐིམས་སོང་།

མཐོང་བ་ནམ་མཁའ་སྔོན་མོ།
ཐོས་པ་ཆུ་མོའི་སྐད་རེད།
གནམ་དང་ཆུ་ཡི་བར་དུ།
བུ་མོའི་ལས་དབང་སྟོང་སོང་།
མི་ཚེ་གཅིག་གི་འགྲུལ་བཞུད།
གཡང་དཀར་རྗེས་ནས་ཟད་སོང་།

ཨེ།  ལུག་རྫི་བུ་མོ།
ཁ་ཆར་བུ་ཡུག་ཀློང་དུ།
བུ་མོའི་སེམས་པ་རྙིད་སོང་།
ལོ་ཟླའི་ཞབས་རྗེས་རེ་རེ།
ཆར་དང་རླུང་གིས་འཇིགས་སོང་།

བུ་མོ་བུ་མོ་མ་ཟེར།
ལུག་རྫི་བུ་མོ་དྲན་བྱུང་།
རྫི་གླུ་དབྱངས་ལ་འགུགས་པའི།
ལུག་རྫི་བུ་མོ་དྲན་བྱུང་།
བུ་མོའི་དབྱངས་རྟ་གཉོམ་པོ།
དབྱངས་ཅན་ངག་བཞིན་སྙན་སོང་།
ཁུ་བྱུག་སྐད་ལས་ལྷག་སོང་།

ཉི་མ་ལྷ་ས།
མི་རབས་དུ་མའི་མངལ་ནས་འཚར་བའི།
གནའ་གཏམ་དུ་མའི་ངག་ནས་འཁྲུངས་པའི།
ཉི་འོད་དྲོན་མོའི་ཟིལ་གྱིས་བསྐྱངས་པའི།
ལྷ་ས།  ཉི་མ་ལྷ་ས།
ར་ས་མཚོ་ཡི་མཁའ་རུ་ཆགས་པའི།
ངོ་མཚར་དད་པའི་ཀློང་དུ་བཞད་པའི།
སྲིད་གསུམ་ས་ཡི་ལྟེ་བར་འཛུམ་པའི།
ལྷ་ས།  ཉི་མ་ལྷ་ས།
ངའི་མིག་མཐའ་རུ་བཞད་པའི་མེ་ཏོག
ངའི་ཡིད་མཚོ་རུ་ལྡིང་བའི་ལྷ་བྱ།

བཙན་པོ་དུ་མའི་ཞབས་རྗེས་གསལ་བའི།
རྟ་ཡི་རྨིག་སྒྲ་ལྷང་ལྷང་གྲགས་པའི།
དད་པའི་དབྱངས་རྟ་གླུ་རུ་ལེན་པའི།
ལྷ་ས།  ཉི་མ་ལྷ་ས།
ཉི་ཟླའི་ཞལ་རས་མཁའ་ན་འཛུམ་པའི།
དགེ་བཅུའི་ལོ་འདབ་ས་ན་བཞད་པའི།
བྱ་རྒྱལ་རྒོད་པོ་ནམ་འཕང་གཅོད་སའི།
ལྷ་ས།  ཉི་མ་ལྷ་ས།
ངའི་དད་པ་ཡི་མིག་ཟུང་གཏད་ཡུལ།
ངའི་སྒོ་གསུམ་གྱི་སྨོན་ཚིག་འཕེན་ས།
ལྷ་ས།  ཉི་མ་ལྷ་ས།

དྲན་སེམས།
ནམ་མཁའ་དགུན་ལ་མ་ཐོན།
སེམས་ལ་ཁ་བ་བབས་བྱུང་།
དྲིན་ཆེན་ཕ་ལོའི་དབུ་སྐྲ།
ཁ་བའི་འདབ་མས་བརླན་སོང་།

དབྱར་གསུམ་ཉི་མས་མི་བཞུར།
རི་རྩེའི་ཁ་བ་དཀར་པོ།
སེམས་འདི་ལ་ཁའི་དར་ལྕོག
ཡམ་ཡོམ་ངང་ནས་ཟད་སོང་།

ཁུ་བྱུག་མོན་ལ་ཕེབས་སོང་།
བྱ་བྱེའུ་ཚང་ལ་ལོག་སོང་།
ས་མཐར་འཁྱམས་པའི་བུ་ཆུང་།
ལོག་སའི་ཁྱིམ་ཚང་མིན་འདུག

གངས་རི་དཀར་པོ་མཐོང་དུས།
ཕ་ཡུལ་ཡིད་ལ་དྲན་བྱུང་།
ལྷག་བསམ་དུང་ལས་དཀར་བའི།
ཕ་མ་སྤུན་མཆེད་དྲན་བྱུང་།

སེམས་འདི་གང་འགྲོའི་ས་ལ།
ལུས་པོ་སླེབས་རྒྱུ་བྱུང་ན།
རླུང་གི་རྟ་ཕོར་བཞོན་ནས།
ཕ་ཡུལ་ཕྱོགས་སུ་བུད་འགྲོ།

རང་ཡུལ་ལུང་པ་ཆུང་ཆུང་།
སྙིང་ཁར་བཞད་པའི་མེ་ཏོག
མིག་ཟུང་བུང་བ་འཁོར་ས།
ཕ་ཡུལ་མེ་ཏོག་ལུང་པ།

འདུ་འཛི་ཟང་ཟིང་ཀློང་དུ།
མི་སེམས་རྟོགས་མཁན་མིན་འདུག
ལྷིང་འཇགས་སེམས་ཀྱི་འབབ་ཚིགས།
རང་ཡུལ་ཕ་ས་སྨུག་པོ།

ཕ་ཡུལ་ཕ་ཡུལ་མ་ཟེར།
རང་ཡུལ་ལུང་པ་དྲན་བྱུང་།
བུ་ཆུང་ཕ་མ་དྲན་པའི།
གདུང་བ་མཚོ་ལས་ཟབ་པ།

སེམས་ནང་གི་ཁྱེད།
མཐིང་མདོག་ནམ་མཁའ་སྔོན་མོ།
མིག་གི་མཐའ་རུ་འཁྱིལ་དུས།
ནམ་མཁའ་སྔོན་མོའི་འོག་གི
ཁྱེད་ཞལ་ཡིད་ལ་དྲན་བྱུང་།

ཁྱེད་ཞལ་ནམ་མཁའི་ཁྱོན་ལ།
འཇའ་འོད་འཛུམ་མདངས་འཁྱིལ་དུས།
ལྷག་བསམ་སྤྲིན་དཀར་མེ་ཏོག
ཡིད་ཀྱི་གསོས་སུ་སྨིན་བྱུང་།

ཁྱེད་སེམས་ནམ་མཁའི་ཁྱོན་ལ།
ཉི་ཟླའི་སྐུ་མགྲོན་ཕེབས་བྱུང་།
ང་སེམས་ཕ་ས་སྨུག་པོ།
འོད་ཀྱི་སྣང་བས་བཀང་བྱུང་།

ཡེ།  ནམ་མཁའ་སྔོན་མོ་མཐོང་དུས།
ཁྱེད་ཞལ་ཡིད་ལ་འཁོར་བྱུང་།
གཡའ་དག་དྲི་མ་མེད་པའི།
ཁྱེད་ཀྱི་ཐུགས་གཤིས་དྲན་བྱུང་།

ནམ་མཁའ་སྔོན་མོའི་འོག་གི
ཡིད་འོང་བོད་ཀྱི་བུ་མོ།
བལྟས་ན་མིག་ལ་མཛེས་པ།
གཤིབས་ན་རང་སེམས་དགའ་བ།

ཁྱེད་ཀྱི་ཞལ་རས་དྲོན་མོ།
འཛུམ་པའི་མེ་ཏོག་བཀྲ་བྱུང་།
དགོད་སྒྲ་སྙན་མོའི་དབྱངས་ཀྱིས།
ང་སེམས་དུང་བས་བཟི་སོང་།

གཡའ་དག་ནམ་མཁའ་སྔོན་མོ།
ཡིད་ཀྱི་མཚོ་ཁར་འཁྱིལ་དུས།
ཁྱེད་ཞལ་དཀར་གསལ་ཟླ་བ།
མཚོ་མོའི་ནང་ནས་མཇལ་བྱུང་།

ཡེ།  ང་སེམས་ཉ་ཆུང་གསེར་མིག
མཚོ་མོའི་གཞུང་ལ་ཆགས་ཡོད།
མཚོ་ལ་དར་ཁ་བསྒྲིབས་ཀྱང་།
ང་གཉིས་བྲལ་ཐབས་མིན་འདུག

མཚོ་ལ་དར་ཁ་བསྒྲིབས་ཀྱང་།

ང་གཉིས་བྲལ་ཐབས་མིན་འདུག
 

དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་།
འཇིག་རྟེན་འདུ་འཛིའི་ཀློང་དུ།
སེམས་པ་སྡུག་གིས་བཟི་དུས།
དྲིན་ཆེན་ཨ་མའི་གསུང་སྐད།
རྣ་བའི་བདུད་རྩི་འདྲ་བྱུང་།

ཕ་ཡུལ་ཕྱོགས་ཀྱི་ཕ་མ།
ནམ་མཁའི་ཉི་ཟླ་འདྲ་བྱུང་།
ལུས་པོ་དགུན་གྱིས་གཙེས་ཀྱང་།
སེམས་ལ་དྲོད་ཁོལ་རྒྱས་བྱུང་།

དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་།
སེམས་ཀྱི་གཞིས་ཀ་ཉག་གཅིག
སྐྱིད་ན་གླུ་ཆུང་ལེན་ས།
སྡུག་ན་མཆི་མ་འཐོར་ས།

མི་ཚོགས་རྒྱ་མཚོ་འཁྲུགས་ཀྱང་།
སེམས་པ་སེམས་ཀྱིས་ཤེས་མཁན།
ཤ་རུས་གཅིག་ལས་མཆེད་པའི།
ཕུ་ནུ་མིང་སྲིང་དྲན་བྱུང་།

སྐྲ་ལོ་དུང་ལས་དཀར་བའི།
དྲིན་ཆེན་ཕ་མ་རྣམ་གཉིས།
སྐུ་ལ་བར་ཆད་མེད་ན།
ང་སེམས་བདེ་ལ་འཁོད་སོང་།

དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་།
སྐྱིད་པོ་ཡིན་པ་མ་ཤེས།
སྐྱོ་གདུང་ལམ་བུ་འགྲིམས་དུས།
ཕ་ཡུལ་ཡིད་ལ་དྲན་བྱུང་།

སྐྱིད་ན་འཛུམ་གྱིས་བསུ་མཁན།
སྡུག་ན་མིག་ཆུ་འབྱི་རོགས།
ཕྱི་ནང་གསང་གསུམ་སྐད་ཆ།
བརྗོད་ས་དྲིན་ཆེན་ཕ་མ།

དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་།
མི་ཚེ་གཅིག་གི་ཚེ་ནོམ།
རྒྱུ་དང་གོ་ས་མེད་ཀྱང་།
སྙིང་གཏམ་ལྷུག་པོར་གླེང་ཆོག
ཁྱེད་མེད་ན་འཇིག་རྟེན་སྟོང་པ་རེད།

སྐྱ་གསལ་ལེ་ནམ་མཁའ་ལངས་དུས་སུ།
ཁྱིམ་གྲུ་བཞི་འོད་ཀྱི་སྣང་བས་བཀང་།
མ་དྲིན་ཆེན་ཁྱེད་ཀྱི་འོ་ཇ་ཡིས།
ལུས་སེམས་པ་དྲོད་ཀྱི་ཚ་རླབས་འཕྱུར།

མགོ་ཡར་ལ་བཀྱགས་དུས་ཁྱེད་ཉིད་དྲན།
མགོ་སྔས་ལ་བཞག་དུས་ཁྱེད་རང་བསམ།
མ་དྲིན་ཆེན་ཁྱིམ་གྱི་ནོར་བུ་རེད།
ཁྱེད་མེད་ན་འཇིག་རྟེན་སྟོང་བ་རེད།

སེར་འཁྱིལ་ལེ་ཉི་མ་ཤར་དུས་སུ།
དྲིན་ཨ་ཕའི་འཛུམ་མདངས་ཡིད་ལ་འཁོར།
དྲིན་ཨ་ཕ་མཁའ་ཡི་ཉི་མ་ཡིན།
ལུས་སེམས་པ་དྲོད་ཀྱི་ཚ་རླབས་འཕྱུར།

མགོ་ཡར་ལ་བཀྱགས་དུས་ཁྱེད་ཉིད་དྲན།
མགོ་སྔས་ལ་བཞག་དུས་ཁྱེད་རང་བསམ།
ཕ་དྲིན་ཆེན་ཁྱིམ་གྱི་ཀ་བ་རེད།
ཁྱེད་མེད་ན་འཇིག་རྟེན་སྟོང་པ་རེད།

དྲིན་ཉི་མ་ནུབ་རིར་བྱོན་དུས་སུ།
གྲོགས་བཟང་པོའི་བརྩེ་བ་སེམས་ལ་དྲན།
སེམས་ལ་རྒྱའི་ཕྱི་ཐག་གཙང་པོར་བསྲིངས།
ནམ་འགྱུར་མེད་གངས་རིར་བཅོལ་ནས་ཡོད།

མགོ་ཡར་ལ་བཀྱགས་དུས་ཁྱེད་ཉིད་དྲན།
མགོ་སྔས་ལ་བཞག་དུས་ཁྱེད་རང་བསམ།
གྲོགས་བཟང་པོ་མི་ཚེའི་རྒྱུ་ནོམ་རེད།
ཁྱེད་མེད་ན་འཇིག་རྟེན་སྟོང་པ་རེད།

སྨག་མུན་པས་ས་གཞི་བསྒྲིབས་དུས་སུ།
ཁྱིམ་ཆུང་མའི་བརྩེ་འདང་ཡིད་ལ་དྲན།
ཐབ་དྲོན་མོ་བཀྲ་ཤིས་གཡང་འཁྱིལ་ནང་།
ཟས་ཞིམ་པོའི་སྡེར་ཁས་མཆོད་པ་བཤམས།

མགོ་ཡར་ལ་བཀྱགས་དུས་ཁྱེད་ཉིད་དྲན།
མགོ་སྔས་ལ་བཞག་དུས་ཁྱེད་རང་བསམ།
ཁྱིམ་ཆུང་མ་མི་ཚེའི་བསྡོངས་གྲོགས་རེད།
ཁྱེད་མེད་ན་འཇིག་རྟེན་སྟོང་པ་རེད།

མཚན་སྐར་ཚོགས་དགུང་ལ་འཆར་དུས་སུ།
དྲིན་བཤེས་གཉེན་དཀར་གསལ་ཟླ་བ་དྲན།
ནང་མ་རིག་འཇོམས་པའི་དགེ་བཤེས་ཁྱེད།
ཐུགས་རྒྱུད་པ་གངྒའི་རྒྱུན་དང་འདྲེས།

མགོ་ཡར་ལ་བཀྱགས་དུས་ཁྱེད་ཉིད་དྲན།
མགོ་སྔས་ལ་བཞག་དུས་ཁྱེད་རང་བསམ།
མགོན་བཤེས་གཉེན་མུན་སེལ་སྒྲོན་མེ་རེད།
ཁྱེད་མེད་ན་འཇིག་རྟེན་སྟོང་པ་རེད།

མེ་ཏོག་ལྟ་བུའི་ཁྱེད།
ཁྱེད་ནི་མེ་ཏོག་ཅིག་ཡིན་པས།
ང་ཡི་སྐྱེད་ཚལ་དུ་ཕེབས་ཤོག
སོ་དཀར་འཛུམ་མདངས་དེ་སྟོན་ནས།
ང་ཡི་ཡིད་མཁའ་རུ་བཞད་རོགས།

ཁྱེད་ནི་མེ་ཏོག་ཅིག་ཡིན་པས།
ང་ཡི་གུར་ཁང་དུ་བཞད་ཅིག
ལང་ཚོའི་འདབ་བརྒྱ་ཡི་བྲོ་གར།
ང་ཡི་ཡིད་མཁའ་རུ་ཁྲོབས་ཤིག

ཁྱེད་ནི་མེ་ཏོག་ཅིག་ཡིན་པས།
ང་ཡི་མིག་མཐའ་རུ་བཞད་བྱུང་།
ལུས་ངག་ཡིད་གསུམ་གྱི་དྲན་ཤིང་།
ཁྱེད་ཀྱི་གློ་སྙིང་དུ་བཏབ་ཡོད།

ཁྱེད་ནི་མེ་ཏོག་ཅིག་ཡིན་པས།
ང་ཡི་སྙིང་ཁ་རུ་བཞད་བྱུང་།
དྲན་གདུང་སྙིང་ཁ་ཡི་འཕར་ལྡིང་།
ཁྱེད་ཀྱི་གོམ་སྒྲ་ལ་ཉན་ཡོད།

ཁྱེད་ནི་མེ་ཏོག་ཅིག་ཡིན་པས།
ང་ཡི་མིག་མདུན་དུ་བཞད་རོགས།
སྦྲང་ཆར་སིལ་མ་ཡི་ཚུལ་དུ།
མིག་ཆུས་འདབ་མ་དེ་གསོས་ཆོག

ཁྱེད་ནི་མེ་ཏོག་ཅིག་ཡིན་པས།
ང་སེམས་ལྡུམ་ར་ལ་ཕེབས་ཤོག
ཉི་འོད་དྲོན་མོ་ལ་བརྟེན་ནས།
ལང་ཚོའི་མཛེས་རྒྱན་དེ་སྤུད་ཆོག

མཚོ་ཆེན་རྣམ་བཞི།
སྟོད་ཀྱི་མ་ཕམ་གཡུ་མཚོ།
ལྷ་དང་ལྷ་མོའི་བླ་མཚོ།
སྐོར་བ་ལན་གསུམ་བརྒྱབ་པས།
བདག་སེམས་ལྷོད་ལ་འབབ་བྱུང་།

བར་གྱི་ཡར་འབྲོག་གཡུ་མཚོ།
གཡུ་ཡི་མེ་ལོང་འདྲ་བྱུང་།
དད་པའི་ཕྱག་གསུམ་འཚལ་བས།
ལུས་སེམས་བདེ་ལ་འཁོད་བྱུང་།

བྱང་གི་གནམ་མཚོ་ཕྱུག་མོ།
ཨ་སྔོན་ས་ལ་བབས་འདྲ།
དཀར་གཙང་མཇལ་དར་འཕེན་པས།
དད་པའི་མིག་ཆུ་འཐོར་བྱུང་།

སྨད་ཀྱི་ཁྲི་ཤོར་རྒྱལ་མོ།
མེས་པའི་ཟུངས་ཁྲག་དྲོན་མོ།
སྔོན་བྱོན་མེས་པའི་ཞལ་རས།
མཚོ་མོའི་མཁའ་ནས་མཇལ་བྱུང་།

ཕ་ཡུལ་གངས་ལྗོངས་གཞུང་གི
ངོ་མཚར་མཚོ་ཆེན་རྣམ་བཞི།
རང་ཡུལ་གངས་ཅན་ཞིང་གི
ཕྱོགས་བཞིའི་མེ་ལོང་ཡིན་སོང་།

གདན་ས་ཧའོ་དགོན་ལ་བསྟོད་པའི་སྙན་དབྱངས།
བལྟས་ན་བྱིན་རླབས་ཆེ་བ།
དད་པའི་མིག་ཆུ་འཐོར་ས།
དད་ལྡན་འདྲེན་པའི་ཞིང་ཁམས།
གདན་ས་ཧའོ་དགོན་ཡིན་ནོ།

མཁྱེན་བརྩེ་ནུས་གསུམ་བདག་ཉིད།
མཁས་བཙུན་བཟང་གསུམ་བླ་མ།
ཆོས་ཀྱི་འཁོར་ལོ་བསྐོར་བའི།
ཧའོ་དགོན་བླ་མ་དྲན་བྱུང་།

དོན་གྲུབ་བླ་མའི་དྲུང་དུ།
བཀའ་ཆོས་ཉན་པར་བཅར་བས།
ང་ཡི་དད་གསུམ་ལྕགས་ཀྱུ།
བླ་མའི་གསུང་གིས་བཀུགས་སོང་།

དབེན་པའི་རི་ཁྲོད་བསྒྲིམས་ན།
ཧའོ་དགོན་གཞུང་ལ་ཕེབས་དང་།
གདན་ས་སྐད་གྲགས་ཆེ་བ།
དོན་དམ་བྱིན་རླབས་ཆེ་བ།

དྲིན་ཆེན་བླ་མ་ཟེར་བ།
ཧའོ་དགོན་དོན་གྲུབ་རིན་པོ་ཆེ།
བླ་མའི་ཆོས་ཀྱི་དབྱངས་རྟས།
མི་སེམས་ལྷོད་ལ་བབས་བྱུང་།

བླ་མའི་ཆོས་ཀྱི་བྱིན་རླབས།
དུས་ཐོགས་སྦྲང་ཆར་ཡིན་ནོ།
སྦྲང་ཆར་བབས་པས་ཡག་བྱུང་།
དགེ་བའི་ལོ་འདབ་རྒྱས་བྱུང་།

བྱམས་སེམས་ཅན་གྱི་བླ་མ།
གསེར་གྱི་ཁྲི་ལ་བཞུགས་སོང་།
མགོ་ཞྭ་མར་ལ་ཕུད་ནས།
དད་པའི་ཕྱག་གསུམ་འཚལ་ཡོད།

འགྲོ་བའི་ལམ་སྟོན་གནང་མཁན།
ཧའོ་དགོན་དོན་གྲུབ་རིན་པོ་ཆེ།
བཀའ་ཆོས་ཉམས་པ་མེད་པའི།
སྨོན་ལམ་སྙིང་ནས་བཏབ་ཡོད།

དད་པས་བཅིངས་པའི་མང་ཚོགས།
ཧའོ་དགོན་གཞུང་ལ་ཕེབས་དང་།
གཏི་མུག་འཆིང་རྒྱས་བསྡམས་པའི།
མ་རིག་མུན་པ་སེལ་ཡོང་།

ཚེ་སྔོན་ལས་དབང་བཟང་པོས།
ཧའོ་དགོན་གདན་ས་མཇལ་བྱུང་།
དྲིན་ཆེན་རྩ་བའི་བླ་མ།
ཧའོ་དགོན་གཞུང་ནས་མཇལ་བྱུང་།

བསླབ་གསུམ་ཤེས་རབ་སྤྱན་གྱིས།
འགྲོ་དྲུག་སྡུག་བསྔལ་གཟིགས་པའི།
དོན་གྲུབ་བླ་མའི་སྐུ་ཚེ།
རྡོ་རྗེའི་བྲག་ལས་བརྟན་ཤོག


འབྲེལ་ཡོད་འོས་སྦྱོར།