logo

ཆབ་འགག་རྡོ་རྗེ་ཚེ་རིང་གི་གཞས་ཚིག་བདམས་བཀོད་ཁག་བཞི་བ།

རྩོམ་པ་པོ།:ཆབ་འགག་རྡོ་རྗེ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-08-17 ཀློག་གྲངས།:
                                                  བཀྲ་ཤིས་ཤོག

བཀྲ་ཤིས་ཤོག    བཀྲ་ཤིས་ཤོག
གནམ་འཁོར་ལོ་རྩིབས་བརྒྱད་བཀྲ་ཤིས་ཤོག།
དགུང་ཉི་ཟླ་སྐར་གསུམ་བཀྲ་ཤིས་ཤོག།
ལྷོ་གཡུ་འབྲུག་སྔོན་མོ་བཀྲ་ཤིས་ཤོག།
འཇའ་དར་ཚོན་སྣ་ལྔ་བཀྲ་ཤིས་ཤོག།
དགུང་སྦྲང་ཆར་སིལ་མ་བཀྲ་ཤིས་ཤོག།
བཀྲ་ཤིས་ཤོག    བཀྲ་ཤིས་ཤོག
གནམ་འཁོར་ལོ་རྩིབས་བརྒྱད་བཀྲ་ཤིས་ཤོག།

བཀྲ་ཤིས་ཤོག     བཀྲ་ཤིས་ཤོག
ས་པད་མ་འདབ་བརྒྱད་བཀྲ་ཤིས་ཤོག།
ཕྱུགས་རྟ་ནོར་ལུག་གསུམ་བཀྲ་ཤིས་ཤོག།
འབྲུ་གྲོ་ནས་སྲན་གསུམ་བཀྲ་ཤིས་ཤོག།
ཕྱི་སྣོད་ཀྱི་བཀོད་པ་བཀྲ་ཤིས་ཤོག།
ནང་བཅུད་ཀྱི་སེམས་ཅན་བཀྲ་ཤིས་ཤོག།
བཀྲ་ཤིས་ཤོག     བཀྲ་ཤིས་ཤོག
ས་པད་མ་འདབ་བརྒྱད་བཀྲ་ཤིས་ཤོག།

བཀྲ་ཤིས་ཤོག     བཀྲ་ཤིས་ཤོག
བོད་ཆོལ་ཁ་གསུམ་ལ་བཀྲ་ཤིས་ཤོག།
སྟོད་མངའ་རིས་སྐོར་གསུམ་བཀྲ་ཤིས་ཤོག།
བར་དབུས་གཙང་རུ་བཞི་བཀྲ་ཤིས་ཤོག།
སྨད་མདོ་ཁམས་སྒང་དྲུག་བཀྲ་ཤིས་ཤོག།
བོད་མདོ་དབུས་ཁམས་གསུམ་བཀྲ་ཤིས་ཤོག།
བཀྲ་ཤིས་ཤོག      བཀྲ་ཤིས་ཤོག
བོད་ཆོལ་ཁ་གསུམ་ལ་བཀྲ་ཤིས་ཤོག།

《མཚོ་སྔོན་པོའི་སྐོར་བྲོ》ནང་གི་གླུ་ཚིག

གངས་ལྷ་མེ་ཏོག


དྭངས་གཙང་གངས་ཆབ་དཀར་པོ།།
གངས་དཀར་ལྷ་མོའི་ནུ་ཞོ།།
ཨ་རོག་ཡེ། རླབས་དཀར་ཟེགས་མ་རེ་རེ།།
ཟེགས་མ་རེ་རེ།།
ཨ་རོག་ཡེ། འོ་མའི་ཐིགས་རྒྱུན་རེ་རེ།།
ཐིགས་རྒྱུན་རེ་རེ་ཡིན་སོང་།།
ལྷ་ཆབ་བདུད་རྩི་རྒྱལ་པོས།།
གསེར་མིག་སེམས་པ་བཟི་སོང་།།
སེམས་པ་བཟི་སོང་།།
དྭངས་གཙང་གངས་ཆབ་དཀར་པོ།།
ང་ཡི་སེམས་ལ་བཞུར་ཡོད།།
སེམས་ལ་བཞུར་ཡོད།།

མཛེས་སྡུག་གངས་ལྷ་མེ་ཏོག།
གངས་དཀར་ལྷ་མོའི་རྒྱན་ཆ།།
ཨ་རོག་ཡེ། མེ་ཏོག་འདབ་མ་རེ་རེ།།
འདབ་མ་རེ་རེ།།
ཨ་རོག་ཡེ། དྲི་ཞིམ་ཟེའུ་འབྲུ་རེ་རེ།།
ཟེའུ་འབྲུ་རེ་རེ་ཡིན་སོང་།།
གེ་སར་སྦྲང་རྩི་རྒྱལ་པོས།།
གཡུ་སྦྲང་སེམས་པ་བཟི་སོང་།།
སེམས་པ་བཟི་སོང་།།
མཛེས་སྡུག་གངས་ལྷ་མེ་ཏོག།
ང་ཡི་སྙིང་ལ་བཞད་ཡོད།།
སྙིང་ལ་བཞད་ཡོད།།

འབྲེལ་ཡོད་འོས་སྦྱོར།