ང་རང་རྩོམ་འབྲིར་རོལ་དོན་ཅི་ཞིག་གི་ཆེད།
གངས་ཞེན་རྡོ་རྗེ་བུ། དྲ་མིང་ལ་གངས་ཞེན་པ་ཟེར། དངོས་མིང་ལ་རྡོ་རྗེ་བུ་ལགས་ཞུ། ཕ་ཡུལ་གཙང་སྟོད་གཏིང་སྐྱེས་ནས་ཡིན། ད་ལྟ་གཞིས་རྩེ་དྲིལ་བསྒྲགས་པུའུ་ནང་ལས་ཀར་ཡོད།
༡
དཔེ་དེབ་དགའ་རོགས་སུ་རློམས་པའི་ལོ་དེ་དག་རིང་།
བདག་ནི་དགའ་མར་ཆགས་པའི་ཕོ་གསར་ཞིག་ཡིན།
རྩོམ་རིག་ནི་དགའ་མའི་ཞས་རས་རེད།
མིག་དཀྱུས་རེད།
མྱོས་བུམ་རེད།
ཐ་ན་དགའ་བའི་བུ་གའང་རེད།
དེ་དུས།
བདག་གིས་རྩོམ་ལ་འཇུག་ཕྱིར་དཔེ་དེབ་ཀློག་པས།
རྩོམ་ལ་འཇུག་པ་བདག་གི་དམ་བཅའ་ཁུངས་མེད་ཅིག
༢
རྩོམ་ཉོག་ཐར་ཐོར་གྱི་དཔྲལ་མགོར།
རྫིག་པོར་རློམས་པའི་རང་མིང་གི་རྟགས་ཐམ་འགོད་དུས།
བདག་ནི་ཧམ་སེམས་ཀྱི་རྨི་ལམ་ལ་འཐིམས་པའི་མི་ཞིག་ཡིན།
རྨི་ལམ་ནང་གི་ཚགས་དེབ་དང་དུས་དེབ།
ད་དུང་། རྨི་ལམ་ནང་བདག་གིས་བརྩམས་པའི་དཔེ་དེབ་དེ་དག
བདག་གི་མིང་མཆན་རྫིག་པོ་དང་མཉམ་དུ་ལྡིང་དུས།
རྩོམ་ལ་འཇུག་པ་སྨྱུག་མིང་རྫིག་པོ་ཞིག་འདོད་པ་འདྲ་ལ།
རྩོམ་ལ་འཇུག་དོན་མིང་གྲགས་རི་རབ་ཙམ་རྩོད་པ་འདྲ།
༣
དཔེ་དེབ།
རིན་ཐང་གིས་འཇལ་ཅིང་ལེགས་འདེམས་ཀྱིས་ལྟ་དུས།
སྙན་ངག
མནོ་བསམ་གྱིས་གཉོར་གྱིན་རྣམ་ཤེས་ཀྱིས་གཞིབ་དུས།
བདག་ནི་རྩོམ་རིག་ལ་ཧ་ཅང་སྨྱོས་རུང་ཤིན་ཏུ་སྐྲག་པའི་མི་བུ་ཞིག་ཏུ་གྱུར་གྱིན་ཡོད།
མི་གཤིས་དང་བསམ་བློ།
མི་རིགས་དང་ཡར་རྒྱས།
ད་དུང་འདི་དག་འདྲ་བའི་རླབས་ཆེན་གྱི་མིང་ཚིག་མང་པོས།
བསམ་གཞིགས་ཀྱི་ཁུར་པོ་དཔུང་པར་འགེལ་དུས།
རྩོམ་རིག་ནི་སྨྱུག་ཁ་ན་རྩེན་པའི་གཏམ་རྒྱུད་དང་སྒྱུ་རྩལ་ཙམ་ག་ལ་ཡིན།
འདི་དུས།
བདག་གིས་གཅེས་ཕྲུག་ལ་དྲན་རྟེན་ཞིག་འཇོག་ཕྱིར་ཟེར་རྒྱུ་ལས།
རྩོམ་ལ་འཇུག་དོན་གྱི་ལན་ཞིག
དྲན་པའི་ནང་གཤོང་ཐབས་མེད་ལ།
སྨྲ་ལྕེ་འདིས་འཆད་ཐབས་མི་འདུག
ལྕང་སྨྱོན། རང་མིང་དུ་བུ་ཆུང་དང་སྨྱུག་མིང་དུ་ལྕང་བུ་ཆུང་ངམ་ལྕང་སྨྱོན་དུ་འབོད་པས་ལྷ་ལྡན་དགེ་བའི་གྲོང་གི་རང་ཤག་ནས་ཟླ་ཚེས་བཟང་པོར་སྦྱར་བའོ།།
ཁ་རོག་ཏུ་འདུག་པའི་མི་བུ་ཞིག་ལ།
སྨྲ་ལྕེ་འགུལ་བའི་རྩོལ་བ་མེད་མི་སྲིད་ལ།
ནང་སེམས་ཕྱི་རུ་འཕྱུང་བའི་ཚོར་འདུ་མེད་པ་ཅི་ལ་སྲིད།
འོན་ཏེ། ཅི་ཞིག་གི་དབང་གིས
བླ་འཁྱེར་བའམ། སྙིང་བརླག་པའམ། སེམས་སྟོང་པ་བཞིན།
མི་ཚོགས་ཀྱི་སྲུབས་ཀ་ཞིག་ཏུ།
གཉའ་སྨད་ཅིང་མགོ་བོ་དུད་ནས་ཁུ་སིམ་མིར་སྡོད་ཀྱི་ཡོད།
མི་བུ་འདི་སུ་ཞིག་ཀྱང་ཡིན་སྲིད་ལ་གང་ཞིག་ཀྱང་མིན་སྲིད།
ང་རང་ནི་མི་བུ་འདིའི་ཁོངས་སུ་འཛུལ་བཞིན་དུ་དོན་འོང་གིན་ཡོད་ལ།
དོན་བཞིན་དུ་འཛུལ་ཡང་འགྲོ་ཡི་ཡོད།
དེའི་དབང་གིས་ང་རང་མི་བུ་དེ་རིགས་ཀྱི་ཁྱུ་ཚོགས་དང་།
སྐབས་རེ་བློ་ཉེ་ལ། མཚམས་རེར་ཞེ་ཡང་འགྲས།
ང་རང་མི་བུ་འདི་དག་གི་གྲལ་དུ་ཞུགས་དུས།
ཁ་རོག་ཏུ་འདུག་པ་ནི་ཕྱི་རྣམ་པའི་ཚུགས་ཀ་ཞིག་ཡིན་པ་ལས།
ནང་སེམས་ཀྱི་རང་བཞིན་དེ་རྩ་བ་ནས་མིན་ཏེ།
སྐབས་དེར།
རྩོམ་ཡིག་ཏུ་རློམ་པའི་ཡིག་འབྲུའི་ཕུང་གསོག་འདི་དག
ངའི་ནང་སྙིང་ཕྱི་རུ་མངོན་པའི་ལག་ཆ་ཡག་ཤོས་དེ་ཡིན།
དེར་བརྟེན།
སྐབས་དེ་ཤེད་དུ།
ངའི་ཡིག་འབྲུའི་ཕུང་གསོག་འདི་དག
གནའ་བོའི་ལོ་རྒྱུས་ཐོག་གི་གསང་གཏམ་བརྗོད་སའི་ཙི་ཁུང་དེ་རང་ཡིན།
ང་རང་མི་བུ་འདི་དག་གི་ཚོགས་ལས་བྲལ་དུས།
ཟང་ཟིང་གི་སྨྲ་བརྗོད་མང་བ་ནི་ཕྱི་རྣམ་པའི་མངོན་ཚུལ་ཙམ་ལས།
ནང་སེམས་ཀྱི་དམིགས་ཡུལ་དེ་རྩ་བ་ནས་མིན་ཏེ།
སྐབས་དེར།
ཡིག་འབྲུའི་ཞིང་ས་ལས་བླངས་པའི་འབྲས་བུ་དེ་དག
ཡང་བསྐྱར་ཡིག་འབྲུའི་ཞིང་ས་གཞན་ཞིག་འདེབས་པའི་རྒྱུ་ཆ་གསོག་བྱེད་ཀྱི་ཡོ་བྱད་ཁོ་ནའོ།།
དེར་བརྟེན།
སྐབས་དེ་ཤེད་དུ།
ངས་བགྱིས་པའི་ལས་ཀྱི་རྣམ་པ་དེ་ནི་མཁས་པ་དག་གིས་ཞལ་ནས་གྲགས་པའི་སོ་ཕག་འཕངས་ནས་གཡང་ཊྲི་ལེན་པ་ཞེས་པ་དེའོ།།
མདོར་ན།
ཁུ་སིམ་དང་ཟང་ཟིང་གི་བར་ན།
ངའི་རྩོམ་ཡིག་གི་དགོས་སོགས་ཆོས་བཞི་འཐིམས་ནས་ཡོད་དོ།།
བཞད་གངས་སྐྱེས། དངོས་མིང་ལ་མིག་དམར་དོན་གྲུབ་ཟེར། ཕྱི་ལོ1987ལོར་བོད་དབུས་གཙང་རུ་བཞིའི་ནང་ཚན་རུ་ལག་གི་ཆར་གཏོགས་པའི་མཇད་གཞུང་བཞད་མཐོང་སྨོན་རྫོང་དུ་སྐྱེས། ཕྱི་ལོ2008ལོར་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གླིང་གི་བོད་ཡིག་རྩོམ་རིག་ཆེད་ལས་འཛིན་གྲྭ་ནས་སློབ་མཐར་ཕྱིན། ཕྱི་ལོ2007ལོར་སྙན་ངག་གསར་རྩོམ་གྱི་ལམ་ལ་ཞུགས་ནས་ད་བར་མི་ལོ་བཅུ་ཙམ་སོང་། བོད་ཁུལ་གྱི་རྩོམ་རིག་དུས་དེབ་དང་ཚགས་པར་ཕལ་ཆེ་བའི་སྟེང་དུ་སྙན་ངག་དྲུག་ཅུ་ལྷག་ཙམ་སྤེལ་ཚར། ད་ལྟ་སྔར་བཞིན་འཕན་ཡུལ་གྱི་བྱང་འབྲོག་ས་ཆར་སློབ་གསོ་སློབ་ཁྲིད་ལ་གཞོལ་བཞིན་ཡོད་པའོ།།
ང་རང་རྩོམ་ལ་འཇུག་དོན་ནི་རང་སེམས་ཀྱི་རི་མོ་སྟོན་འདོད་པ་དེའོ།།
མིང་དང་ཚིག་ལ་ཚེ་སྲོག་བསྐྲུན་འདོད་པའོ།།
དབྱངས་དང་གསལ་བྱེད་ལ་རྨི་ལམ་འཇུག་འདོད་པའོ།
ཚིགས་རྐང་རེ་རེ་ནི་འབར་བཞིན་པའི་མེ་ལྕེ་ཡིན།
སྙན་ངག་གི་ས་བོན་ལ་ཟད་མཐའ་མེད།
གསེར་གྱི་ཉི་ཟླ་མཆོད་ནས་ལོ་ཟླ་བསྐྱལ།
ན་ཟུག་གི་འཁོར་ལོ་བསྐོར་མཚམས་འཇོག་གིན་མེད།
འོད་ཀྱི་ལམ་བུར་ཞུགས་ནས་ཐར་ལམ་འཚོལ་གྱིན་ཡོད།
ང་རང་རྩོམ་ལ་འཇུག་དུས་མི་ཡུལ་ལ་དགུན་རླུང་ལྡང་བྱུང་།
མུན་ནག་གི་ཕང་བ་ནས་རང་ལུས་མེ་རུ་བསྒྲོན་མཁན་དེ་སུ་རེད།
སེམས་ཀྱི་སྐར་མ་འོད་ཆེན་རྨི་ལམ་ནང་ནས་མཇལ་བྱུང་།
དབྱངས་ཅན་ལྷ་མོས་ང་ལ་དངུལ་གྱི་གཤོག་ཟུང་སྩལ་བྱུང་།
གཡུ་འབྲུག་སྔོན་མོས་མི་ཡུལ་མཛེས་པར་བརྒྱན་སོང་།
རང་སེམས་ཀྱི་ཕོ་བྲང་སྐར་ཚོགས་ཀྱིས་གང་།
གངས་ཀྱི་རླུང་བུས་ང་རང་དབྱར་གཞུང་དུ་ཁྲིད།
སྦྲ་ཁྱིམ་སྨུག་པོ་ཞིག་ནས་དུས་ཀྱི་དཔའ་བོ་དང་མཇལ་འཛོམས་བྱས།
སྙན་ངག་གི་མེ་ཏོག་ཕྱོགས་བཅུ་དུས་གསུམ་ལ་བཞད།
རིག་པའི་རྗེས་འགྲོ། ལེགས་མཆོག ཕུ་འདམ་ཤང་ལྟེ་བའི་སློབ་ཆུང་གི་དབྱིན་ཡིག་དགེ་རྒན།
དཔལ་འབྱོར་འཕེལ་རྒྱས་དབྱར་གྱི་མཚོ་མོར་འགྲན་པར་དོ་བ་དང་འགྲིམ་འགྲུལ་ཆ་རྐྱེན་ལྷ་ལམ་ཡངས་པོར་རྒྱུ་སྐར་འཁྱུག་པ་བཞིན་འཛོམས་ལ། དེང་རབས་ཤེས་རིག་གི་རྦ་རླབས་དྲག་ཏུ་འཕྱུར་བའི་དེང་གི་དུས་འདིར། ཤེས་རིག་དང་ཕུགས་འདུན། སྙིང་སྟོབས། གསོན་ཤུགས་སོགས་ཀྱི་དྲི་མ་ཙམ་མ་འགོས་པའི་ང་རང་ཐལ་རྡུལ་གྱིས་ཁེངས་པའི་ཐང་སྟོང་ཞིག་ཏུ་གོ་མེད་ཚོར་མེད་དུ་ལུས།
དེའི་ཚེ་རྣམ་དག་བསླུ་མེད་ཀྱི་མགོན་སྐྱབས་ཞིག་ངའི་སར་བྱོན་ནས། མངོན་གསལ་གྱི་བདེན་དོན་མཚོན་པར་བྱས་ལ་ལྐོག་འགྱུར་གྱི་གསང་བའང་མངོན་པར་བྱས། ཞུམ་མེད་ཀྱི་སྙིང་སྟོབས་མཚོན་པར་བྱས་ལ་ཡ་ཆུང་གི་བག་ཁུམས་ཡང་མངོན་པར་བྱས། དྭངས་གཙང་གི་ལ་རྒྱ་མཚོན་པར་བྱས་ལ་མུན་ནག་གི་རང་ཤེད་ཀྱང་མངོན་པར་བྱས། ཁ་སང་གི་འདས་དོན་མཚོན་པར་བྱས་ལ་འབྱུང་འགྱུར་གྱི་ཕུགས་འདུན་ཡང་མངོན་པར་བྱས།
རེད་ཨང་། ཁྱེད་ཀྱིས།
ཕྲན་ལ་མེ་ལྕེ་རབ་ཏུ་འབར་བའི་སྙིང་སྟོབས་དང་གསོན་ཤུགས་སྦྱིན།
དཀར་ནག་ཤན་འབྱེད་པའི་ལེགས་བཤད་བདུད་རྩི་བསྩལ།
འོད་སྟོང་རབ་ཏུ་འཕྲོ་བའི་ཕུགས་བསམ་དྲོན་མོ་སྦྱིན།
ཕྲན་གྱི་མི་ཚེར་ཆེས་ལེགས་པའི་རིན་ཐང་དང་སྤྲོ་སྣང་སྟེར།
ཁྱེད་མེད་ན། ངའི་འཇིག་རྟེན་སྔོ་སང་གི་ལྷ་ལམ་ཡངས་པོ་བཞིན་སྟོང་ལྷང་ངེར་གནས་རྒྱུར་གདོན་མི་ཟ་བས་ཁྱེད་ནི་ང་ཡི་ཡོད་ཚད་ཀྱི་ཡོད་ཚད་ཡིན།
ཁྱེད་ཀྱིས། འཆི་གསོན་གྱི་རྣམ་ཤེས་བཙུགས།
མི་ཚེ་ཡི་ཁ་ཕྱོགས་བསྩལ།
མདུན་སྐྱོད་ཀྱི་སྤོབས་པ་གནངས།
སྙིང་རུས་ཀྱི་གོ་ཆ་སྤྲས།
འདུན་པ་ཡི་རྣམ་ཤེས་བཙུགས།
མ་རིག་གི་རྨོངས་པ་སེལ།
ཤེས་རིག་གི་གོ་རྟོགས་སྦྱིན།
མདུན་སྐྱོད་ཀྱི་ཁ་ཕྱོགས་བསྩལ།
མི་ཚེ་ཡི་རིན་ཐང་སྦྱིན།
སྐུལ་སློང་གི་རྦ་རླབས་འཕྱུར།
ཕུགས་བསམ་གྱི་སྙིང་སྟོབས་སྟེར།
མ་འོངས་ཀྱི་རེ་བ་སྦྱིན།
ཨེ་མ། བརྩེ་བའི་རྩོམ་ལགས།
ཁྱེད་ཀྱིས་ཕྲན་ལ་རོ་བཅུད་སྟོང་ལྡན་གྱི་བསམ་པའི་ཞིམ་ཟས་དང་ལེགས་ཚོགས་དཔག་མེད་སྦྱིན་བྱུང་བས་ངས་ནམ་ཡང་ཁྱེད་ལ་འཇུག་པ་དང་ཁྱེད་གཏན་གྱི་འདུན་མར་བརྟེན་རྒྱུ་ཡིན།
ངམ་རིམ་སྐལ་ཕུན། སྐལ་བཟང་ཕུན་ཚོགས། སྤྱི་ལོ1978ལོའི་ཟླ5པར་ངམ་རིང་རྗོང་གད་ཁ་གྲོང་བརྡལ་སྐྱེས་སྨད་གྲོང་ཚོར་ཞིང་པའི་ཁྱིམ་ཚང་ཞིག་ཏུ་དལ་འབྱོར་གྱི་མི་ལུས་ཐོབ། 1988ལོ་ནས1996ལོ་བར་ངམ་རིང་རྫོང་སློབ་ཆུང་དང་སློབ་འབྲིང་བཅས་སུ་ཤེས་རིག་གི་བདུད་རྩི་འཐུང་བའི་གོ་སྐབས་བྱུང་། ལྷག་པར་དུ་སློབ་འབྲིང་སྐབས་བཤེས་གཉེན་བཟང་པོ་རྒན་འཕྲིན་ལས་རྡོ་རྗེ་སྨྱུག་མིང་འཕྲིན་སྡིངས་རྡོ་རྗེ་མཆོག་གི་གསོ་སྐྱོང་མཛུབ་སྟོན་འོག་རྩོམ་འབྲིའི་ལས་ལ་ཐོག་མར་འཇུག དེ་ནས2000ལོའི་ཟླ5པར་གཞིས་རྩེ་དགེ་འོས་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་ཕ་ཡུལ་གྱི་སློབ་གསོའི་བྱ་གཞག་ཆེད་ད་བར་ལེགས་སྐྱེས་འཕུལ། 2001ལོ་ནས2016ལོའི་སྔ་རྗེས་སུ་བོད་ལྗོངས་སློབ་གྲྭ་ཆེན་མོ་ནས་ཆེད་ཚན་དང་དངོས་གཞིའི་སློབ་མའི་བསླབ་རིམ་ཐོབ། ད་བར་སློབ་ཆུང་བོད་སྐད་ཡིག་དང་རྒྱའི་སྐད་ཡིག་གི་སློབ་གཉེར་ལས་ལ་གཞོལ། རྩོམ་རིག་ནི་རང་གི་དགའ་ཕྱོགས་ཞིག་གི་དབང་གི་སློབ་གསོའི་ལས་ཞོར་ལ་རྩོམ་ཡིག་འགའ་བྲིས་ཀྱང་དུས་དེབ་དང་ཚགས་པར་སྟེང་བཀོད་པ་ཧ་ཅང་ནས་ཉུང་། ད་ནས་ཆ་འཕྲིན་མྱུར་འཕེལ་གྱི་དུས་སྐབས་འདི་དང་འཕྲིན་སྟེགས་དྲ་བ་ཁག་བརྒྱུད་ནས་རང་ཉིད་ཀྱི་བརྩམ་བྱ་དེ་བས་མང་བ་ཀློག་པ་པོའི་སྤྱན་སྔར་བཤམས་རྒྱུ་ཡིན་ལ་རང་ཉིད་ཀྱི་རྩོམ་ཡིག་ཕྱོགས་བསྒྲིགས་དེབ་གཅིག་འདོན་རྒྱུའི་འཆར་གཞི་ཀྱང་ཡོད།
གལ་ཏེ་རྩོམ་རིག་ལ་དགའ་བའི་མི་ཚོས།
ཁྱོད་ཀྱང་རྩོམ་རིག་ལ་དགའ་བའི་མི་ཞིག་ཡིན་ནམ་ཞེས་དྲིས་བྱུང་ན།
ངས་ཐེ་ཚོམ་སྤུ་ཙམ་མེད་པའི་ངང་ནས།
བདག་ཀྱང་རྩོམ་རིག་ལ་ཤིན་ཏུ་ནས་དགའ་ཞེས་སྨྲ་བར་སྤོབས།
དེའང་རྩོམ་རིག་ནི་བདེན་དོན་གྱི་ལམ་བུར་འཇུག་པའི་ལམ་སྟོན་སྒྲོན་མེ་དང་།
སྤྱི་ཚོགས་ཀྱི་འཚོ་བ་དངོས་མཚོན་པའི་མེ་ལོང་ཞིག
སྐྱུག་བྲོ་བའི་སྣང་ཚུལ་དག་ལ་ཐེར་འདོན་ཟུར་ཟ་བྱེད་པའི་མདུང་རྩེ་རྣོན་པོ་ཞིག
ཡ་རབས་སྤྱོད་བཟང་གི་མི་སྣ་དང་སྤྱི་ཚོགས་ཀྱི་སྣང་ཚུལ་བཟང་པོར་བསྔགས་བརྗོད་ཀྱི་མེ་ཏོག་འབུལ་མཁན་ཞིག
བཟང་པོ་རྒྱུད་འཛིན་དང་ངན་པ་ཡོ་བསྲང་བྱེད་པའི་ཚངས་པའི་ཐིག་ཤིང་།
ལོ་རྒྱུས་ལ་ཕྱིར་ལྟ་དང་མ་འོངས་པར་རྒྱང་ལྟ་བྱེད་སའི་སྟེགས་བུ་ཞིག་ཀྱང་ཡིན།
རྩོམ་ལ་དགའ་བའི་མི་མང་པོས།
རྩོམ་རིག་ནི་རང་ཉིད་ཀྱི་རིག་གནས་འཚོ་བའི་བསམ་པའི་རྒྱགས་ཕྱེ་ཞིག་དང་།
རིག་གཞུང་བརྡར་ཤ་གཅོད་པའི་ལག་ཆ་ཞིག
ཡར་རྒྱས་ཀྱི་མཁའ་དབྱིངས་བསྙེགས་པའི་སྐས་འཛེགས་ཞིག་ཏུ་ངོས་འཛིན་ནས།
རྩོམ་འབྲིའི་ལས་ལ་འབད་པས་ཞུགས་མཐར།
རྩོམ་རིག་གི་སྐྱེད་ཚལ་ཡངས་པོར།
མཚར་སྡུག་རྣམ་དཔྱོད་ཀྱི་མེ་ཏོག་སྣ་ཚོགས་ལྷུག་པར་གྲོལ།
དཔེ་ཀློག་ལ་དགའ་བའི་ང་རང་།
དུས་ནམ་ཞིག་ནས་རྩོམ་རིག་ལ་དགའ་བ་མི་དྲན་ཀྱང་།
དཔེ་དེབ་དང་རྩོམ་རིག་གིས་རང་ཉིད་ལ་སྦྱིན་པའི་སྤྲོ་སྣང་རེ་རེ།
འཆར་ཡན་སྣ་ཚོགས།
ཚོར་འདུ་ཟབ་མོ་རེ།
རྙེད་པའི་བདེན་དོན་ངེས་ཅན་རེ།
ནམ་ཡང་བརྗེད་པར་མི་ཐུབ།
མདོར་ན།
འཛམ་གླིང་ཡོངས།
རྒྱལ་ཁབ་གཅིག
མི་རིགས་ཤིག་གི་དར་རྒུད།
རྩོམ་རིག་སྒྱུ་རྩལ་གྱི་ལམ་ནས་མངོན་ཐུབ་ལ།
རྩོམ་རིག་ནི་འཛམ་གླིང་ལ་བལྟ་བའི་སྐར་ཁུང་ལྟ་བུ་ཡིན།
རྩོམ་རིག་གི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་དང་།
སྤྱི་ཚོགས་འཚོ་བས་རྩོམ་རིག་ལ་རྒྱུ་ཆ་མཁོ་འདོན་བྱེད།
དེས་ན།
ཤེས་ཡོན་པ་ཞིག་གི་ངོས་ནས་བརྗོད་ན།
རྩོམ་རིག་ལ་དགའ་ཞེན་བྱེད་པ་ནི་འཚོ་བར་དགའ་ཞེན་བྱེད་པ་དང་མཚུངས་པས།
རྩོམ་ཡིག་འབྲི་བར་སྦྱོང་རྒྱུ་དེ་ཡང་ཧ་ཅང་ནས་གལ་ཆེ་བ་ཞིག་གོ
རྩོམ་རིག་གི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གྱུར་ལ།
རིག་གནས་འཚོ་བས་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པས།
ང་ཚོས་རྩོམ་ཡིག་འབྲི་སྦྱོང་གི་འདུ་ཤེས་བརྟན་པོར་བཙུགས་ནས།
རྩོམ་རིག་བྱ་གཞག་དབྱར་མཚོ་ལྟར་རྒྱས་པའི་བརྩོན་ལེན་བྱེད་དགོས།