སྡེ་དགེའི་རྣོ་ངར་གྱི་སྙན་ངག་ཚན་པ་གཉིས།
རང་གི་མེ་ལོང་ཕྱིས་པ།
སྡེ་དགེའི་རྣོ་ངར།
སྒྱུ་འཕྲུལ་ཟློ་བའི་ས་ངོས་འཁྱག་པ་རང་འཚང་འབྲི་སའི་ཤོག་ལྷེ་ཡིན།།
ངེས་མེད་མུན་པའི་ཁྲོན་པ་འདི་ཡང་ཚེ་རབས་འདི་ཡི་ཉལ་ས་སྟེ།།
སྐྱོ་ཤས་སྐྱེ་ཞོར་བདེ་བ་སྒོམ་སྟེ་ལུས་བསྟན་འདི་ཉིད་ཚར་སོང་ན།།
ཕལ་བའི་མི་ཡི་འགྲོ་དོན་ཟེར་བའང་དེ་ག་ཙམ་གྱིས་ཆོག་འདུག་གམ།།
ཁ་ཆར་འཚུབ་རླུང་མུར་མུར་གཡུག་པའི་རྫོགས་མེད་རྨོངས་པའི་ཀོ་གྲུ་རུ།།
སྨྲེང་བའི་རྣམ་རྟོག་ལུས་ལ་གྱོན་ཏེ་གདོད་ནས་འདི་བཞིན་སླེབས་ཡོང་ཞིང་།།
རྡུལ་དང་མུན་ནག་བཙན་ས་འདི་ན་དལ་ཞིང་ཁོམ་པར་ལུས་འདུག་པས།།
སྐྱེ་དགུའི་གྲལ་གྱི་གཞོན་པ་བདག་ནི་ལས་ངན་ནང་གི་ལས་ཟད་དོ།།
སོང་ཟིན་ལོ་ཟླའི་བརྩེགས་པའི་ངོས་སུ་ཀླན་ཀ་ཙམ་ལས་ཅི་འཆི་སྟེ།།
ཡེང་མ་ལམ་གྱི་འཁོར་བའི་མི་ངས་དོན་སྙིང་འཚོལ་སྡུད་མི་བྱེད་པས།།
ཡར་གྱི་རི་བོའི་ཟོམ་དུ་མ་འཛེད་མར་འབབ་ཆུ་བོའི་གཞུང་དུ་ལྷུང་།།
སེམས་དང་སྤྲིན་པ་གཅིག་ཆར་འཐབ་ན་བདག་བློ་སྨུག་པས་བཙེམ་མམ་ཅི།།
ཞེན་ལྟས་ཁྲིད་པའི་གྲོག་རོང་འདི་ནས་ཨ་སྟོང་མང་པོ་སིབ་སིབ་འཕྱོ།།
འཚུབ་ཅིང་བྲེལ་བའི་མི་ཚེའི་མར་མེ་མཚན་མཐའི་སྐར་མ་ཇི་བཞིན་ཏེ།།
ཁྲག་གིས་སྦགས་པའི་ལམ་བུ་འདི་ནས་གཞན་དུ་ཆས་སྙམ་བྱེད་ན་ཡང་།།
ང་ནི་རྟག་པའི་གཤིས་ལ་ཞུགས་སྟེ་བྱས་པ་ལྟར་སྟེས་སྤང་ལ་རྩེད།།
ཤུགས་རིང་སྔུར་བ་དལ་བར་མཐེན་པའི་རི་སྒོང་སྤུངས་པའི་རྩ་འཇམ་གྱིས།།
འཁོས་ཀ་ཞན་པའི་བདག་གི་རྣ་བར་སྐྱོན་གྱི་རྡོ་བ་བསྒྲིགས་འདུག་ཀྱང་།།
གང་ཞིག་མདུན་གྱི་མེ་ལོང་ནང་གི་ཚུགས་མེད་ལས་ཀྱི་གོམ་སྟབས་ཀྱིས།།
བསུབ་ཏུ་མེད་པའི་ལས་བྱ་ནག་ནོག་རང་བློའི་བག་ནས་རྗེན་པར་སྟོན།།
མུན་ནག་ལང་ལོང་ཚུར་ལ་ལུད་པས་ང་ཡི་འཇིག་རྟེན་འཐིབས་པར་བྱས།།
རྡུལ་དང་ཁ་བས་འཚུབ་སྐོར་རྒྱག་སྟེ་རྣམ་ཤེས་འཁྲུལ་བའི་རྒྱ་རུ་བཙུད།།
བསྙོན་དུ་མེད་པའི་འཆི་བའི་བྱང་ཐང་ནམ་ཞིག་ཅིས་ཀྱང་བསྒལ་དགོས་མོད།།
ཞེན་པ་ཐོགས་པའི་རི་ཁུད་འདི་ནས་ང་ལ་གྲལ་སྒྲིག་གང་ཡང་མེད།།
བག་མེད་རུམ་དུ་མགོ་བོ་འཛུལ་བས་ཞི་བའི་ལྟད་མོ་མ་མཐོང་བས།།
སྡུག་བསྔལ་མཚོན་པའི་ཆུ་ཐིགས་གྲངས་མེད་སྐྲ་ལོའི་སྲུབ་ནས་གཞུར་ཏེ་འོང་།།
གནམ་གྱི་མེ་ལོང་སིག་སིག་འདར་ཏེ་ས་ཡི་དཀྱིར་འཁོར་སྒུལ་ནུས་པའི།།
ཆགས་སྡང་མཆེད་པའི་མེ་ཡི་ཟེགས་མས་རེ་བའི་ལང་ཚོ་ཡལ་བར་བྱས།།
ཡིད་ཆད་བྱུང་བའི་སྡུག་གི་ཁ་རླངས་ལུས་སེམས་ཀུན་ནས་ཧད་པའི་མུར།།
གཉོམ་པའི་མིག་མཐའ་ཆུ་གཉེར་བཅས་ཏེ་འཁུན་བུ་བར་མ་ཆད་དུ་དྲགས།།
ཀྱེ་མ་ལམ་གྱི་མདོ་བཞི་རེ་ནས་བདག་ཡིད་མཁའ་ལ་བརྡར་བ་ན།།
གངས་རྩེར་འཕོས་པའི་སྤྲིན་གྱི་ཚོམ་བུའི་ངུ་ངག་རྒྱ་མཚོར་འདྲེས་ཏེ་ཐལ།།
སྐྱོ་གདུང་ཁུར་བའི་མཚན་མོའི་བླ་རེས་སྟོང་གསུམ་ཁྱོན་དུ་འགེལ་ལམ་ཅི།།
དུབ་ཅིང་ངལ་བའི་མུ་གེའི་བྲེད་པ་འཚོ་གཞིས་གམ་དུ་ལྡེམ་མེར་འདུག།
ཟག་པའི་མདངས་ལ་རྣལ་མའི་ངེས་འབྱུང་མཚོ་ནང་ཁ་བ་བབས་པ་སྟེ།།
མཐོང་ཏུ་མེད་ལ་རེག་ཏུའང་མེད་པ་མོ་གཤམ་བུ་དང་མཉམ་པར་མཚུངས།།
སྡུག་བསྔལ་མུ་མེད་ཁྲོ་བའི་ཟོལ་གྱིས་རུས་ལ་ལྕགས་གཟེར་བརྡབས་པ་ན།།
མེ་དམར་ཚོམས་སུ་གཅིན་པ་གཏོང་འདྲའི་རྡུལ་གྱི་བྱེ་མས་བར་སྣང་བཀང་།།
གཏིང་མཐའ་བྲལ་བའི་ན་བུན་སྣ་ཚོགས་གློ་བའི་ཟབ་སར་རྡོལ་ན་ཡང་།།
གཏོལ་མེད་ལམ་གྱི་གཡང་ཁ་འདི་ནས་གུས་པོའི་ཚེ་སྲོག་གཅད་དགོས་ལགས།།
2017ལོའི་ཟླ4བའི་ཚེས30ཉིན།
ཕ་ཡུལ་ལུང་པ།
དགའ་སྡུག་ཡིད་ཀྱི་སོར་རྩེ་ཁེན་པའི་ཕ་རོལ་འཛིན་མའི་འཕོངས་བ་རུ།།
ངོམས་མེད་ལྟ་བའི་སེམས་ཀྱི་རྨུ་ཐག་ལ་གཞུང་རྒྱུད་ནས་མཐེན་པ་ན།།
སྐྱེ་བ་གཅིག་གི་ལང་ཚོ་འཕོས་པའི་སྒྱུ་མའི་ཀློང་གི་ཨར་གཏད་འདིར།།
མི་ཕྱེད་རྟོག་པའི་ཞེན་པ་རབ་མེད་གཡེར་བག་དང་བཅས་བྱོ་ས་ཡིན།།
ཅུང་ཟད་གྲང་བའི་ཞོགས་ཁ་རེ་རེར་རི་ལུང་སྨུག་པའི་གོ་འཕང་བརྙེས།།
ཡང་ན་གངས་ཀྱི་འདབ་མ་ལྷུང་བས་གཉུག་ཞལ་འོད་ཀྱིས་གོང་བར་བྱེད།།
དོགས་པའི་ཉམས་དང་སྐྱེངས་བའི་སྦྱོར་བ་དེ་དག་གང་ཡང་མི་དགོས་པར།།
ཅི་དགར་རན་པའི་ག་ལ་བ་འདི་ལྷ་ཡི་གནས་དང་ཅི་སྟེ་མཚུངས།།
ལ་གཞུང་འབུམ་གྱི་སྤྱིལ་བུ་དེ་ནས་བྱིན་ཆགས་སྟོང་གི་ཆུ་བོ་གཞུར།།
མུ་མཐའ་བྲལ་བའི་ཐང་ཆེན་ཁམས་སུ་འབྱམས་སྐྱེས་སྣ་མང་མུར་གྱིས་རྡོལ།།
མཐའ་ཟད་དུལ་བའི་ནགས་ཀླུང་ཚོགས་ཀྱང་སྨིན་ལེགས་མ་ཡི་ལན་བུ་སྟེ།།
དངོས་འཛིན་ཡིད་ཀྱི་ཟོམ་དུ་བབ་ཚེ་མིག་གི་པདྨོ་གཡོ་བར་བྱེད།།
གངས་ཀྱི་སྐྱིབས་སུ་ཉི་ཟེར་འདུ་བས་མཐའ་ཀླས་ལྗོངས་ཀྱི་སྨག་མུན་སེལ།།
སྔོ་མདངས་ལུས་པའི་ལྗོན་པ་སྣ་ཚོགས་དོག་མོའི་གདན་དུ་ཕྱམ་མེར་འགྱིང་།།
དགོང་སྔོན་སྤྲིན་གྱི་ཉམས་སྒྲོབ་རྩེན་པས་ཡིད་ཀྱི་ངལ་བ་བཅོམ་མཛད་དེ།།
ཨེ་མ་བདག་གི་ཕ་ཡུལ་ལུང་པ་ཚེ་འདིར་འཕྲད་པའི་ཆུང་མ་ལགས།།
ཡོངས་པའི་སྤང་ནི་འཛུམ་པའི་ཉམས་ཀྱིས་དྲི་ཞིམ་འཐུབ་ཅིང་མེ་དྲོད་འཁྱིལ།།
མཐོང་ན་ཡེར་བའི་རི་ལྔོངས་དག་ནི་ཁྲོ་བའི་ཟོལ་གྱིས་བྲག་ཆར་འཁོར།།
ནོར་དང་ལུག་ཁྱུ་དགྲང་བར་མི་ནུས་སྦྲ་ཆེན་འདབས་སུ་ཐང་མར་བརྡལ།།
ཨ་ཧོ་སྲིད་པའི་གཡང་ས་འདི་ན་སྲེད་ལྡན་མགུ་བའི་ལེགས་ཚོགས་འདུག།
བརྩེ་བའི་གཤིས་ལ་ལྷུན་ཆགས་མངའ་བའི་མེ་ཏོག་འཐུ་བའི་གཞོན་ནུ་མས།།
ཡིད་ལ་སུན་པའི་ངག་གི་ཚངས་དབྱངས་རི་སུལ་ཀུན་ནས་ལེན་ཏེ་འོང་།།
མཚར་སྣང་རླུང་གི་འཇམ་གཉེན་ནེན་མོས་སྒང་ཟོམ་ཀུན་ནས་རེག་ཅིང་སྒུལ།།
ཉམས་དགའི་ཞར་གྱི་འཚོ་བའི་ཕ་ཡུལ་དུ་ཞགས་ཉི་ལེར་ཕ་གིར་འདུག།
སྟོང་ཞིང་མཛེས་པའི་ཉག་ག་ཕལ་ཆེར་ཚོགས་དྲུག་ཆགས་པའི་ཆུ་ཀླུང་སྟེ།།
ཞེ་འདང་འཛར་བའི་ཟླ་འོད་ངོགས་སུ་གཟི་བྱིན་དང་བཅས་རབ་ཏུ་བྲུག།
གཡོ་མེད་འདོད་དགུའི་ཆར་ཆེན་དབབ་ཅིང་དེ་ཚེར་ང་ཡང་བཟི་བྱས་ཏེ།།
ཅི་ཡང་བདོག་པའི་ལུང་གཤོང་དེ་གར་འཁྲེང་བའི་བ་དན་ཡང་ཡང་དགྲེང་།།
ལྗོན་པའི་འདབས་ལོ་ཐུར་དུ་དཔྱང་པའི་རྩྭ་ཐང་མཛེས་པའི་བ་གམ་ནས།།
དམར་སེར་ཚོམ་གྱི་སྐྱེ་དངོས་སྣ་ཚོགས་རྟ་ནོར་ལུག་གི་རྨིག་པས་རྫི།།
མུར་རྒྱུན་འཕྱོ་བའི་གཙང་པོ་རབ་མེད་མཐའ་ཡས་རྒྱ་མཚོའི་འགྲམ་དུ་གཞུར།།
དེ་དང་ལྷན་དུ་ཉི་འོད་ལམ་ལམ་བསིལ་བའི་དོད་ཀྱིས་ཡུལ་ཀུན་འཕྲོལ།
དེ་ལྟར་ན་ཡང་བདག་ནི་འདི་སྟེ་ཉམ་ཉེས་ལས་ཀྱི་གཡབ་མོའི་འོག།
སེམས་ཀྱི་ཟབ་སའི་སྣོད་བཅུད་དེ་དག་ཡེ་ནས་སྐྱུར་ཏེ་བས་མཐའ་འགྲིམ།།
ཡིད་ལས་མ་འགགས་གནའ་བོའི་དུམ་ཁྱིམ་སྣང་བའི་ངོས་སུ་འདུག་ན་ཡང་།།
རྟག་པར་རང་གི་རྩེད་གཞིས་དག་ནི་རྨི་ལམ་མིན་པས་མི་མཐོང་གི།
ད་ནི་ལམ་གྱི་གཞི་མདོ་རེ་ནས་ཡིད་སེམས་དྲན་པས་མི་གདུང་ངོ།།
ད་ནི་འཕྲུལ་འབྱམས་རྩིག་ལྡེབས་ངོས་ནས་སྨྲེང་བའི་ངལ་བ་མི་བྱེད་དོ།།
ད་སྟེ་མི་ཡུལ་དཀར་ངོགས་འདི་ནས་མི་ཚེ་འདི་དང་ཕྱམ་གཅིག་ཏུ།།
སྟོང་ཆེན་ཁམས་སུ་རྡོག་པོས་གནན་ཏེ་ནམ་ཞིག་དེར་རུ་ལྷུང་བར་ངེས།།
2017ལོའི་ཟླ5བའི་ཚེས10ཉིན།