logo

བརྒྱད་ཅུའི་བགྲེས་པོ།

རྩོམ་པ་པོ།:གྱིན་འདའ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-05-31 ཀློག་གྲངས།:

གྱིན་འདའ་བ།    ཁྲི་འདུ།

གངས་རི་མཐོན་པོ་ཤེལ་དཀར་འདྲ་བོའི་ཚུར་ལོགས་སུ།།

རྩྭ་ཐང་ཡངས་པོ་གོས་གཞོངས་འདྲ་བོའི་ཕ་ཕྱོགས་སུ།།

སེམས་ཀྱི་སྙིམ་པའི་བདེ་ཆེན་འཁོར་ལོའི་ནང་དབུས་ན།།

བརྒྱད་ཅུའི་བགྲེས་པོའི་ཐུགས་བརྩེའི་དཀྱིལ་འཁོར་སྒོམ་ནས་ཡོད།།


རྒྱབ་རི་སྨུག་པོ་གླང་ཆེན་འདྲ་བོའི་ཚུར་ནང་དུ།།
མདུན་རི་བརྗིད་པོ་སེང་ཆེན་འདྲ་བོའི་ཕར་ནང་དུ།།
དད་འདུན་རྣམ་ཤེས་གྲངས་མེད་ཅིག་གི་སེམས་ཁོང་ན།།
བརྒྱད་ཅུའི་བགྲེས་པོའི་དགྱེས་འཛུམ་དྲོད་ཁོལ་འཁྱིལ་ནས་ཡོད།།

གཙང་བོ་རབ་མེད་ཐགས་རྒྱུད་འདྲ་བོའི་ཚུར་ཁ་རུ།།

རི་བོ་ཆེན་པོ་མཆོད་རྟེན་འདྲ་བོའི་ཕར་ཁ་རུ།།
རེ་བཞག་སྟོང་གི་མཆོད་ཁ་འཐེན་པའི་དད་ཀློང་ན།།
བརྒྱད་ཅུའི་བགྲེས་པོའི་ཞལ་གསུང་མེ་ཏོག་བཞད་ནས་ཡོད།།

ཏི་སེ་གངས་དཀར་ལྕགས་རི་འདྲ་བོའི་ནང་རོལ་དུ།།
པོ་བྲང་དམར་པོ་གཡང་ཁྱིམ་འདྲ་བོའི་ཕ་རོལ་དུ།།
ཧི་མ་ལ་ཡའི་ཆབ་འབངས་རེ་རེའི་སྙིང་དབུས་ན།།
བརྒྱད་ཅུའི་བགྲེས་པོའི་མཚན་དཔེའི་མཛད་བཟང་འཚེར་ནས་ཡོད།།

སྟོད་ཀྱི་མཚོ་མོ་གཡུ་མཚོ་འདྲ་བོའི་ནང་ལོགས་སུ།།
སྨད་ཀྱི་སྤང་གཞོངས་ཞུན་མར་འདྲ་བོའི་ཕ་ལོགས་སུ།།
སྐལ་ལྡན་གདུལ་བྱ་རིགས་ཀྱི་སྐྱེ་བོའི་མགྲིན་ངག་ནས།།
བརྒྱད་ཅུའི་བགྲེས་པོའི་ཞབས་བརྟན་སྨོན་ཚིག་བགྲང་ནས་ཡོད།།

2017.5.17 ཉི་མ་བླ་བྲང་ནས་བྲིས། 


འབྲེལ་ཡོད་འོས་སྦྱོར།