གྱིན་འདའ་བའི་སྙན་ངག་བདམས་བཀོད།
ཡུལ་ཤུལ་དང་བཞི་གཅིག་བཞི།
གྱིན་འདའ་བ། ཁྲི་འདུ།
ཡུལ་ལ་ཕྱི་སྣོད་ཀྱི་ཕུན་ཚོགས་འཁོར་ཞིང་།།
ཡུལ་འདིར་ནང་བཅུད་ཀྱི་དྲོད་ཁོལ་འཁྱིལ་དུས།།
ཡུལ་འདིའི་བཀྲ་ཤིས་ཀྱི་དགེ་མཚན་བ་དན།།
ཡུལ་གྲུ་རྒྱལ་ཁམས་ན་བསྒྲེངས་བ་མྱོང་ལོ།།
ཡུལ་ལ་བདེ་སྐྱིད་ཀྱི་ཕྱྭ་གཡང་ཆགས་ཤིང་།།
ཡུལ་ཁམས་བཀྲ་ཤིས་ཀྱི་དགེ་ལེགས་འབར་དུས།།
ཡུལ་འབངས་རྒན་གཞོན་གྱིས་ལས་འབྲས་སྣོག་པས།།
ཡུལ་ནས་ཧམ་སེམས་ཀྱིས་འགྲན་རྩོད་བྱས་སོང་།།
ཡུལ་འཁོར་རིན་ཆེན་གྱི་ནོར་བུ་བཙོངས་ཤིང་།།
ཡུལ་གཞོངས་མཛེས་སྡུག་གི་ཕ་ས་བསློགས་ཏེ།།
ཡུལ་རྫས་དངོས་ཟོག་གི་རིན་ཐང་བོར་བས།།
ཡུལ་གྱི་སྣོད་བཅུད་ལ་ཕམ་ཁ་བཟོས་སོང་།།
ཡུལ་ལྷ་གཞི་བདག་ལ་ཕོག་ཐུག་བཏང་ཞིང་།།
ཡུལ་སྲུང་ཆོས་སྐྱོང་གི་དམ་ཚིག་འགལ་ཏེ།།
ཡུལ་སྲོལ་གོམ་གཤིས་ཀྱང་གཞི་ནས་བསྒྱུར་བས།།
ཡུལ་སྡེའི་ཆབ་འབངས་ཀྱི་རླུང་རྟ་རྒུད་སོང་།།
ཡུལ་འདིའི་རྨང་ལམ་ཡང་རྨིས་མྱོང་མེད་པའི།།
ཡུལ་གྱི་ལྷིང་འཇགས་ཀྱི་སྐྱ་རེངས་འོག་ནས།།
ཡུལ་ཟླའི་བཞི་གཅིག་གི་བཞི་ཚེས་ཉིན་དེ།།
ཡུལ་ཤུལ་ཆགས་འཇིག་གི་དངོས་འབྲས་ཡིན་ནོ།།
ཡུལ་འདིའི་ས་ཆེན་གྱིས་ངར་སྒྲ་ཕྱུང་སྟེ།།
ཡུལ་ལུང་རྡུལ་སྨིག་གིས་གོས་ནག་འགེམས་ཤིང་།།
ཡུལ་ནས་མྱ་ངན་གྱི་འོ་དོད་འབོད་དུས།།
ཡུལ་མིའི་གཅེས་སྲོག་གི་རྣམ་ཤེས་བརླགས་སོང་།།
ཡུལ་གཞིས་སྡུག་བསྔལ་གྱི་གཅོང་སྐད་ཟང་ཟིང་།།
ཡུལ་ལ་སྨྲེང་ངག་གི་མིག་ཆུ་ཤུར་ཤུར།།
ཡུལ་གྲུའི་སྣང་ཁམས་སུ་སེམས་སྟོང་ལྷང་ལྷུང་།
ཡུལ་ཤུལ་གཤིན་པོ་ཚོར་རྗེས་དྲན་ཞུས་ཡོད།།
ཡུལ་གྱི་གོད་ཆགས་དེ་སྡུག་གི་མིག་ཆུ།།
ཡུལ་མིའི་ད་ཕྲུག་ཚོ་དྲན་པའི་མིག་ཆུ།།
ཡུལ་ཤུལ་ས་ཡོམ་དེ་ལོ་ཟླའི་མིག་ཆུ།།
ཡུལ་གྲོང་གསར་བ་འདིའི་དེབ་ཐེར་ཡིན་ནོ།།
2017.4. 14 ཉིན་བྱང་ཉི་མ་བླ་བྲང་ནས་བྲིས།
ཕ་ཡུལ་གྱི་སྙན་ངག
སྐྱ་རེངས་འཛུམ་དཀར་དྲོན་མོའི་ཞལ་ཁ་དེ་ཕྱེས་དུས།།
འཆར་ཁའི་འོད་ཀྱི་གོང་བུ་རྨང་ལམ་ནས་གྲོལ་སོང་།།
ལྷིང་འཇགས་རུ་སིལ་དམར་པོའི་གསང་ལམ་གྱི་མདོ་ནས།།
འདབ་དྲུག་ཁ་བའི་མེ་ཏོག་མར་མར་རུ་བྱོ་སྟེ།།
སྨུག་སྤྲིན་ན་བུན་སྟུག་པོ་རི་སྐེད་དུ་ཉལ་རུང་།།
རླུང་བུའི་རེག་བྱ་གྲང་མོའི་གཤོག་སྒྲ་ཡི་འོག་ནས།།
མཛེས་པ་གོས་སུ་གྱོན་པའི་རུ་གྲོང་གི་ཁ་དོག།
ཟླ་འོད་སྣེ་རུ་འཇུས་པའི་རྨི་ལམ་ལ་འཐིམས་སོང་།།
ཉི་མའི་རྣ་ཆ་སྤུད་པའི་ཕ་ཡུལ་གྱི་ལྷོ་སྤྲིན།།
འཇའ་ཡི་ཟམ་ཆེན་སྟེང་གི་འོད་ཁྱིམ་དུ་འཛུལ་དུས།།
དབང་གི་དར་ལྕོག་དམར་པོ་བསྟིས་པ་ཡི་འོག་ནས།།
འོད་ཀྱི་ཐིགས་པ་དྲོན་མོ་ས་ཆེན་ལ་འབྱར་ཞིང་།།
ཁ་བའི་མུ་ཏིག་ཚོམ་བུའི་ཟེར་མདངས་དེ་མཆེད་པས།།
འཁྲུལ་བའི་འཇིག་རྟེན་ཁྲ་ཁྲའི་འཚུབ་ཆ་ཡི་འོག་ནས།།
ཚོར་བའི་མིག་ཟུང་ཡང་པོ་རྒྱང་རིང་ལ་ཅེར་དུས།།
ཕ་ཡུལ་གངས་གྲོང་འདི་ལ་སྙན་ངག་ཅིག་བཞད་འདུག།
2017.3. 11 ཕ་ཡུལ་ནས།
མཚོ་ཁའི་གཞས་ཆུང་།
མཚོ་མཐའི་སྨུག་སྤྲིན་དམར་པོ།།
མཚོ་མོའི་རླབས་ལས་བརྒལ་དུས།།
མཚོ་བྱ་ངང་བ་སེར་པོ།།
མཚོ་ལམ་བརྒྱུད་ནས་འཕུར་སོང་།།
མཚོ་ལ་མཚོ་མདངས་ཡག་པ།།
མཚོ་མོའི་འདབས་སུ་འཁྱིལ་དུས།།
མཚོ་གླུ་གཞས་ཆུང་རིང་མོ།།
མཚོ་མོའི་རླབས་སུ་འདྲེས་སོང་།།
མཚོ་ཉ་གཤོག་དྲུག་ཅན་པོས།།
མཚོ་ལ་སེམས་པ་འཁྲེང་ན།།
མཚོ་མཐའི་སེམས་པོ་འཁྱམ་པོས།།
མཚོ་ལ་ལེ་གདའ་མ་གནོངས།།
མཚོ་མོར་དར་ཁ་འགྲིམས་དུས།།
མཚོ་བྱ་གཞན་ཡུལ་འཕུར་འགྲོ།།
མཚོ་ཁའི་མེ་ཏོག་དམར་པོས།།
མཚོ་ལ་མིག་ཆུ་མ་བཏོན།།
མཚོ་ཁའི་སྨུག་སྤྲིན་ཟབ་མོས།།
མཚོ་ལ་འཇའ་ཟམ་ཕུབ་དུས།།
མཚོ་མོའི་རླབས་ཕྲེང་ངོགས་སུ།།
མཚོ་ཡི་མཛེས་པ་འཁྱིལ་འདུག།
མཚོ་དབུས་མུ་ཏིག་ཕྲ་ཚོམ།།
མཚོ་མོའི་རླབས་སུ་རྩེན་དུས།།
མཚོ་རིས་མཚོ་ཡི་བཀོད་པ།།
མཚོ་ཁའི་དབྱིངས་སུ་འཁྱིལ་འདུག།
མཚོ་རླངས་སྨུག་གི་གསེང་ནས།།
མཚོ་བྱུང་་རླབས་ཀྱི་ཟེགས་མས།།
མཚོ་ཆེན་གཤོག་གླུའི་དབར་ནས།།
མཚོ་ལ་སྙན་ངག་བྲིས་སོང་།།
མཚོ་ཁའི་ལུག་རྫིའི་བུ་མོས།།
མཚོ་གཞས་དབྱིངས་སུ་གྱེར་དུས།།
མཚོ་དང་ངང་བའི་ཟློས་གར།།
མཚོ་ལ་གཏམ་རྒྱུད་ཕབ་འདུག།
མཚོ་མོའི་རླབས་སྒྲའི་འོག་གི།
མཚོ་ཁའི་སྒྱུ་མའི་གླིང་བུས།།
མཚོ་མཐའི་རྨི་ལམ་དམར་པོ།།
མཚོ་འགྲམ་དེ་ནས་དཀྲོགས་སོང་།།
2016.6.23 ཉིན་མཚོ་སྔོན་པོའི་རྣ་ལུང་ཁ་ནས།
-
སེམས་ཀྱི་སྙན་ངག་ཁྱོད་ལ་བྲིས་ཡོད།གྱིན་འདའ་བ།ཁྲི་འདུ...