logo

བྱ་ཁྱུ་གང་ལ་འཕུར།

རྩོམ་པ་པོ།:བྱ་མདོ་བདེ་སྐྱིད་སྒྲོལ་མ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-02-09 ཀློག་གྲངས།:

                                                  ས་མཐའི་བོད་མི་ཚོར་ཕུལ་བ།
                                                   ---བྱ་མདོ་བདེ་སྐྱིད་སྒྲོལ་མ།
གནམ་གྱི་ཐོང་ག་ན་ལྕེབས་པའི་ཉི་ནུབ་ཀྱི་མཚམས་སྤྲིན་འོག་ཏུ
གཤོག་རླབས་ཀྱིས་གཡབ་མོ་གཏོང་བའི
རུ་ཕྲེང་གི་ཚོགས་ཀྱིས
སྟོན་མཇུག་གི་ལོ་མ་དང་མེ་ཏོག་གི་ཟེའུ་འབྲུ་གཏོར་ནས
གང་ལ་འཕུར
ཞི་ལྷོད་དང་ལྷིང་འཇགས་ཀྱི་དག་ཞིང་ཞིག་ན
ཁྱེད་ཚོར་འཛུམ་གོང་སྟོང་གིས་རེ་སྒུག་དང
ཞི་བདེའི་འབོད་པ་བཏང་ཡོད་ཟེར་བ་ཨེ་བདེན

ཐོས་ཚོད་ལ
ཁྱེད་ཚོ་སྔར་གྱི་གནས་ཚང་ལ་ཕྱོགས་ནས་བྲེལ་བས་སྔངས་འདུག་ཟེར
ལོ་རེའི་ད་ཚོད་ལ
གཙང་བོ་དང་ཆུ་བོའི་གཉེར་རིས་བཤིག་ནས་ལྷོ་ལམ་བསྙེགས་འགྲོ་ཟེར
ད་ལོ་ཡང་ངས་ཁྱེད་ཚོ་འཕུར་འགྲོ་བསམ་ནས
ཉི་མ་དང་དུས་ཚིགས་ལ་ཆད་ལྷག་མེད་པར་དབྱིངས་ཀྱི་འཕུར་ལམ་ལ་ཅེར་ནས་ཡོད
ཞོགས་པ་ནས་ས་སྲོད་བར་སྒེའུ་ཁུང་གི་རྩ་རུ
འཚིག་ཇའི་མངར་ཁར་རོལ་བ་འདི
ཁྱེད་ཚོའི་འགྲུལ་བཞུད་ལ་སྒུག་སྲོལ་ཡིན

ང་ཡང་ཁྱེད་ཚོ་ལྟར་འཕུར་ན་འདོད
ཆར་ཆུའི་རློན་ཤ་འཁྲོལ་ས་དང
ནགས་ཀྱི་ན་བུན་རྒྱས་ས་ཞིག་ལ

ཞོགས་དུས་དྲ་ངོས་ནས་ཆུ་རྡུལ་རྡོག་པོ་འགའ
མུ་ཏིག་གི་དོག་པ་ལྟར་མར་ཉིལ་ན
བདག་གི་སེམས་པ་འདི་ཇི་འདྲའི་ཁུ་སིམ་པ་ཞིག
རྒྱང་རིང་གི་ལྕང་མའི་འདབ་ལོ་རླུང་གིས་ཤིག་ཤིག་སྒུལ་ན
བདག་གིས་ཁྱེད་ཚོའི་རུ་ཕྲེང་གི་སྒྲིག་སྲོལ་ལྷག་ཏུ་མཐོང་འདོད

དེ་རིང
སྔོ་ཡུག་ཡུག་གི་ནམ་མཁའི་ཁྱོན་ན
སྤྲིན་པ་མེད་ལ་སྨུག་རྒྱུ་ལང་ལོང་གི་གྲིབ་མའང་བཞུར་གྱིན་མི་འདུག
ཕལ་ཆེར་ཁྱེད་ཚོར་འཕུར་ལམ་ཕྱེས་པ་འདྲ
བདག་གིས་ཀྱང
ལག་ཟུང་ཐོད་ལ་བཞག་ནས
དགུ་ཚིགས་ཀྱི་མཐའ་གཉིས་ལ
མིག་ཟུང་གི་ཞགས་པ་འཕངས་ཡོད

འོ་་་་་
ངས་མཐོང་བྱུང
རོལ་མོའི་དབྱངས་ལ་འཐིམ་པའི་བྱ་ཁྱུ་ཞིག
ཡིད་ཆེས་དང་འགན་འཁྲི་ཁུར་བའི་བྱ་ཁྱུ་ཞིག
ཁྱེད་ཚོའི་འཕུར་སྲོལ་ཡིད་དུ་འོང  སྙིང་དུ་སྡུག
ཁྱེད་ཚོའི་གཤོག་འོག་ན་སང་ཉིན་གྱི་སྤང་ཐང་ལ་འཇའ་འོད་ཀྱི་ཐིག་རིས་བཏབ་འདུག
ཁྱེད་ཚོའི་གཤོག་སྣེ་ལ་ཡུལ་དུས་ཀྱི་མངར་སྐྱུར་ཁ་གསུམ་ཐོགས་འདུག

རོལ་མོའི་དབྱངས་ལ་འཐིམ་པའི་བྱ་ཁྱུ
ཡིད་ཆེས་དང་འགན་འཁྲི་ཁུར་བའི་བྱ་ཁྱུ


འབྲེལ་ཡོད་འོས་སྦྱོར།