logo

ཁྲལ་དོན་དཔོན་ཚང་གི་བོའུ་སྐད།

རྩོམ་པ་པོ།:རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-02-07 ཀློག་གྲངས།:
                                                                          ཨ་རིའི་ཨེ་ལོན་ཕོ་ཡིས་བརྩམས།
                                                                          རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར།
     ཨེ་ཧྲབ་ནི་ཁྲལ་དོན་དཔོན་གྱི་ཆུང་མ་ཡིན་ལ་ཁོ་གཉིས་ཀྱིས་འབྲོང་སྟོང་གི་རྩྭ་ཐང་ཞིག་ན་འཚོ་བ་རོལ་ཡོད། ཁྱོ་གར་ལས་བྲེལ་ཆེ་བས་ཡུལ་ལ་ལོག་ཐེངས་ཧ་ཅང་ཉུང་།
     ཉིན་དེའི་ཕྱི་དྲོར། གནམ་ངོ་རུབ་ཅིང་གནམ་གཤིས་འཁྱགས་ལ་ཁ་བའང་འབབ་བཞིན་ཡོད་པས་ཨེ་ཧྲབ་ཀྱིས་རང་གི་ཁྱོ་གར་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད། ཡིད་ལའང་མ་དྲན་པ་ཞིག་ནི། ཁྱོ་ག་གློ་བུར་དུ་ཡུལ་ལ་ལོག་བྱུང་བས་ཨེ་ཧྲབ་རབ་ཏུ་དགའ་བར་གྱུར། ཡིན་ཡང་ཁྱོ་གར་བལྟས་ཚོད་ཀྱིས་ཡིད་དགའ་བཞིན་མེད་པས་ཨེ་ཧྲབ་དལ་གྱིས་ཁྱོ་གའི་གམ་དུ་ཕྱིན་ནས〝  ཁྱོད་ལ་ཅི་བྱུང་སོང་ངམ〞  ཞེས་དྲིས། ཁྱོ་གའི་ཡིད་རྨུགས་བཞིན〝  ངས་ཁྱོད་ལ་གཏམ་ངན་ཞིག་བཤད། ངའི་གྲོགས་པོ་ཞིག་གིས་ང་ལ་བརྡ་བཏང་ནས་ཚོང་ལས་དངུལ་ཁང་བརྡིབས་སོང་ཟེར། དེ་བས་ང་རང་པ་པུ་གྲོང་རྡལ་ལ་སོང་ནས་རང་ཚང་གི་གསོག་དངུལ་ལེན་ཡོང〞  ཞེས་ལན་བཏབ།〝  ད་ལྟ་འགྲོ་རྒྱུ་ཡིན་ནམ།〞  〝  ཡིན། དུས་ཚོད་ལ་བྲེལ་བ་ཆེ།〞  དེ་ནས་ཁོས་སྲ་མཁྲེགས་ཀྱི་ཁུག་མ་དེ་མཛུབ་མོས་སྟོན་བཞིན〝  ཤོག་སྒོར་ཁུག་མ་གང་འདི་ནི་སྔོན་ཏག་ཏག་ལ་བསྡུས་པའི་ཁྲལ་དངུལ་རེད། ཡར་སྤྲོད་ཁོམ་མ་བྱུང་། ལམ་བར་ནས་བདེ་འཇགས་མིན་པར་བསམ་ནས་སྐབས་ཐོག་ལ་འདིར་ཁྱེར་ཡོང་བ་ཡིན། ཁྱོད་ཀྱིས་གནས་ལེགས་པོ་ཞིག་བཙལ་ཏེ་སྦས་ཤིག〞  ཟེར། ཡིན་ཡང་གང་ཞིག་ཏུ་སྦའམ། ཁྱོ་ཤུག་གཉིས་ཀས་གྲོས་བསྡུར་ཡང་ཡང་བྱས་རྗེས་ཤོག་སྒོར་གོར་སྲབ་ཀྱི་སྒམ་ནང་བཅུག་ནས་ཐབ་ཚང་གི་པང་གཅལ་འོག་ཏུ་འཇུག་རྒྱུ་བྱས།
     ཁྱོ་ག་འགྲོ་ཁར〝  མི་སུ་ཞིག་གིས་ཁ་གཡར་ས་གང་ཞིག་བཙལ་ཡང་ནང་ལ་འཛུལ་དུ་མ་འཇུག〞  ཅེས་མངགས་བཀོད་ཡང་ཡང་བཏང་།
     ཨེ་ཧྲབ་ཀྱིས་རང་གི་ཁྱོ་ག་སྨུག་ལང་ལོང་གི་བུ་ཡུག་ཁྲོད་དུ་ཡལ་རག་བར་མིག་སྐྱེལ་བྱས་ཏེ་ཁྱོ་གས་དཀའ་ལས་གང་མང་མྱངས་སོང་སྙམ་པའི་མིག་ཆུ་བཏོན།
     ཆུ་ཚོད་འགའ་ཡི་རྗེས་སུ། མུན་ནག་གི་ཡོལ་བས་ས་ཆེན་བཀབ། ཁང་ཁྱིམ་ནི་མུན་ནག་དང་རབ་དཀར་ཁ་བས་ཡོངས་སུ་བསྒྲིབས་པས་སྔར་ལས་ཀྱང་སྟོང་སང་སང་གི་རྣམ་པ་ཞིག་མངོན། ཨེ་ཧྲབ་ལ་ཟས་ཟ་འདོད་ཀྱི་ཡི་ག་མེད་པར་སྔ་མོ་ནས་ངལ་གསོ་འདོད་ཡོད་པས་སྒོ་དྲ་མར་ཡང་བསྐྱར་ཞིབ་བཤེར་ཐེངས་ཤིག་བྱས།
     ཏག་ཏག་སྐབས་འདིར། མོས་ཁང་བའི་ཕྱི་རོལ་ནས་སྒྲ་ཞིག་གྲགས་པ་ཐོས། དེ་ནི་ཧ་ལམ་རླུང་སྒྲ་ཡིན་པ་འདྲ། མོས་རྣ་བ་གཏད་དེ་ཞིབ་ཏུ་ཉན་པ་ན། མ་རེད། དེ་ནི་མི་ཞིག་གིས་སྒོ་ལ་ལག་མྱུལ་བྱེད་བཞིན་འདུག ཨེ་ཧྲབ་ཀྱི་སྙིང་དེ་མ་ཐག་ལྷོག་ལྷོག་ཏུ་ལྡིང་མགོ་ཚུགས། དེར་མཐུད། མོས་དམའ་ཞིང་མྱུར་བའི་སྒོ་རྡུང་བའི་སྒྲ་ཞིག་ཐོས།
     ཇི་ལྟར་བྱའམ། ཨེ་ཧྲབ་ཀྱིས་རང་ཁྱིམ་ན་བོའུ་ཐུང་ཞིག་ཡོད་པ་ཡིད་ལ་དྲན་བྱུང་བས་ཕྱིར་བླངས་ནས་སྤོར་ཏོག་ནན། དངོས་གནས་ཐབས་ཆགས་རེད། བོའུ་ཐུང་ནང་མེ་རྫས་མི་འདུག མ་གཞིར་བོའུ་ཐུང་གཉིས་ཡོད་ཀྱང་ཁྱོ་ག་འགྲོ་དུས་བོའུ་ཐུང་གཅིག་ཁྱེར་བ་དང་ཡུལ་དུ་བསྐྱུར་བ་ནི་མེ་རྫས་མེད་པ་དེ་རེད།
     ཐབས་བཀོད་མི་འདུག མོས་བོའུ་སྟོང་འདི་ཉིད་བཟུང་ནས་སྤོབས་པ་ཆེན་པོས་མི་དེར〝  སུ་ཡིན〞  ཞེས་དྲིས།
     〝  ལྕམ་ལགས། ང་ནི་རྨས་མ་ཞིག་ཡིན། ལམ་ནོར་ཐེབས་པས་དངོས་གནས་མུ་མཐུད་འགྲོ་མི་བཟོད། ང་རང་ནང་དུ་ཡོང་ནས་ངལ་ཞིག་གསོ་རུ་འཇུག་ཆོག་གམ།〞
     ཨེ་ཧྲབ་ཀྱིས་རྨས་མ་ཞིག་ཡིན་ཟེར་བ་ཐོས་འཕྲལ་དབུགས་རིང་ཞིག་དབང་མེད་ཤོར་ནས་འཛེམ་འཛེམ་དོགས་དོགས་ཀྱིས〝ངའི་ཁྱོ་ག་ཁྱིམ་དུ་མི་འདུག་པས་མི་ཆ་མེད་སུ་ཞིག་ཀྱང་ཡོང་དུ་འཇུག་མི་རུང〞  ཟེར།
     〝  ཡིན་ཡང་། ང་རང་ཁྱེད་ཚང་གི་སྒོ་འགྲམ་ནས་འཁྱགས་རེངས་སུ་འགྱུར་སྲིད།〞  དེར་མཐུད་ཁོས་མུ་མཐུད་དུ་ཞུ་བ་བྱས་ནས〝  ང་རང་ནང་ལ་ཡོང་དུ་ཆུགས་དང་། ངས་ཁྱོད་ལ་གནོད་སྐྱེལ་མི་སྲིད〞ཟེར།
     ཨེ་ཧྲབ་ཀྱི་སེམས་གཉོམ་པས་སོམ་ཉི་ཅུང་ཙམ་བྱས་རྗེས〝  ནང་དུ་ཤོག〞  ཟེར།
     མོས་སྒོ་ཕྱེ་བ་ན་མི་དེས་འཁྱགས་རླུང་གྲང་མོ་ཞིག་བསྣམས་ཏེ་ནང་དུ་འཛུལ་བྱུང་། ཁོ་ནི་གཟུགས་པོ་རིང་ཞིང་གདོང་སྐྱ་ཐག་ཆོད་པ་ཞིག་ཡིན། ལུས་སྟེང་དུ་ཁ་བའི་འདབ་མས་ཁེངས་ཤིང་དཔུང་བའི་སྟེང་དུ་རྨ་དཀྲིས་ཤིག་ཀྱང་ཡོད།
     ཨེ་ཧྲབ་ཀྱིས་རྣམ་དག་སྒོས་རྨས་མ་འདི་སྐྱོར་ཏེ་ཐབ་ཚང་གམ་གྱི་རྐུབ་བཀྱགས་སྟེང་ཙོག་ཏུ་བཅུག་རྗེས་ཁོའི་རྨ་ཁ་བཀྲུ་བ་དང་རྨ་དཀྲིས་བརྗེས་ཤིང་རང་ཉིད་ལ་གྲ་སྒྲིག་བྱས་པའི་ནུབ་ཚའང་ཁོ་ལ་ཟ་རུ་བཅུག ཁོས་ཟ་མ་ཟ་སྐབས་སུ་མོས་ལྟག་རྒྱབ་ཀྱི་ཁང་བའི་མལ་ཁྲིའི་སྟེང་མལ་གདན་བཏིང་། མི་དེས་བཀའ་དྲིན་ཡང་ཡང་ཞུས་ཤིང་ཟ་མ་ཟོས་ཚར་རྗེས་མལ་ཁྲིའི་སྟེང་ལོག་མ་ཐག་གཉིད་དུ་ཡུར་སོང་།
     ཡིན་ཡང་ཁོ་རང་དངོས་གནས་གཉིད་སོང་བ་ཡིན་ནམ་ང་ལ་མགོ་སྐོར་གཏོང་བ་ཡིན་ནམ།
     ཨེ་ཧྲབ་གཉིད་ཁུགས་ཐབས་མ་བྱུང་བར་ཉལ་ཁང་ནང་ཡར་འགྲོ་མར་འགྲོ་བྱས། མཚན་མོ་ནི་ཁུ་སིམ་མེར་གནས། བུད་ཤིང་གི་ཚག་སྒྲ་ཕྲ་མོ་ལས་གཞན་ཅི་ཡང་ཐོས་རྒྱུ་མི་འདུག
     གློ་རྡེག་ཏུ་མོས་སྒྲ་དམའ་མོ་ཞིག་ཐོས་བྱུང་། ཨེ་ཧྲབ་ཀྱི་སྙིང་དྲག་ཏུ་ལྡིང་མགོ་བརྩམས། གམ་གྱི་མི་དེས་ལྐོག་ཇུས་བཤོམ་པ་ཡིན་ནམ། མོས་གློག་སྒྲོན་བཏེགས་ཤིང་རྐང་འཇབ་ལག་འཇབ་ཀྱིས་ཕར་སོང་ནས་སྒོ་སྲུབས་ལས་རྣ་བ་བླགས་ཏེ་ཉན། ཁང་བའི་ནང་ནས་ཁོའི་སྔུར་སྒྲ་རིང་མོ་དེ་མཆེད་བྱུང་། རྫུན་བཟོ་བྱེད་པ་ཡིན་ནམ། མོས་སྒོ་དེད་དེ་ནང་ལ་སོང་ནས་རྨས་མ་དེར་བལྟས་པ་ན་ཁོ་རང་དངོས་གནས་གཉིད་དུ་ཡུར་འདུག
     མོ་རང་ཚོམས་ཆེན་ནང་ཐོན་པ་ན་སླར་ཡང་ཁྱད་མཚར་བའི་སྒྲ་དེ་ཐོས་བྱུང་། ཐེངས་འདིར་མོས་ཉན་ཏེ་ཧ་གོ་སོང་། མི་གཅིག་གིས་སྒོ་ཟྭ་གཅོག་བཞིན་འདུག མོས་འཕྲལ་དུ་ལག་ཆའི་སྒམ་དུ་སྦས་པའི་ལྟེབ་གྲི་ཆེ་བ་བཟུང་ནས་རྨས་མའི་གམ་དུ་རྒྱུགས་ཏེ་ཤུགས་གང་ཡོད་ཀྱིས་ཁོ་རང་སྒུལ་ནས་གཉིད་ལས་བསླངས། རྨས་མ་དེས་མོའི་ལག་གི་འོད་ཆེམ་ཆེམ་གྱི་ལྟེ་གྲི་མཐོང་བས་དངངས་སྐྲག་གི་ཨག་རིང་ཞིག་ཤོར།
     〝  ཁ་རོག མི་ཞིག་གིས་སྒོ་ཟྭ་གཅོག་བཞིན་འདུག མྱུར་དུ་ང་ལ་རོགས་ཤིག་བྱོས།〞
     〝  ཅི་ཞིག རྐུན་མ་འདུག་ཟེར་རམ། ཀུ་རེ་མ་བཤད། འདི་རུ་རྐུ་རྒྱུ་ཞིག་རྩ་བ་ནས་མི་འདུག〞
     〝  ཡོད། ཐབ་ཚང་གི་པང་གཅལ་འོག་ན་ཤོག་སྒོར་གང་མང་ཞིག་སྦས་ཡོད།〞  ཨེ་ཧྲབ་བྲེལ་འཚུབ་སྐྱེས་ཏེ་གསང་རྒྱ་ཤོར་བས་མོས་རང་ཉིད་ཀྱི་ལྕེ་སྣེ་བཅད་ན་ཅི་མི་ཆོག་སྙམ།
     རྨས་མ་དེས་ཡིད་འཇོག་མ་བྱས་པར〝  དེ་ན་ཆོག་གི ཁྱོད་ཀྱིས་ངའི་བོའུ་བཟུང་། ངའི་ལག་པར་གཡས་པར་རྨས་སྐྱོན་ཤོར་ཡོད་པས་བོའུ་བརྒྱག་མི་ཐུབ། གྲི་ང་ལ་བྱིན〞  ཟེར།
     སྐབས་འདིར། ཨེ་ཧྲབ་ཀྱིས་ཕྱི་རོལ་གྱི་མི་དེས་གཏན་ཤིང་ཕྱེ་བ་ཐོས་ཏེ་སྐབས་བབ་འཕྲལ་གཅོད་ཀྱིས་བོའུ་ལག་ཏུ་བཟུང་།
     རྨས་མ་དེས〝  ཁྱོད་རང་སྒོ་འགྲམ་ནས་སྡོད། མི་སྔོན་མ་ནང་དུ་ཐོན་ན་ཁྱོད་ཀྱིས་བོའུ་རྒྱོབས། མདའ་ཤུབས་ནང་མདེའུ་དྲུག་ཡོད། མི་དེ་འགྱེལ་ནས་འགུལ་རྒྱུ་མེད་རག་བར་མཚམས་མ་བཞག་པར་བོའུ་རྒྱོབས། ངས་མི་གཉིས་པ་དེར་ཁ་གཏད་འཇལ། ད་ནི་ཁྱོད་ཀྱིས་གློག་སྒྲོན་གཟིམས་ཤིག〞  ཟེར།
     ཨེ་ཧྲབ་ཀྱིས་གློག་སྒྲོན་གཟིམས་བྱུང་། ཁང་བའི་ནང་ཡོངས་སུ་མུན་ནག་ཅིག་ཏུ་གྱུར། ཟྭ་གཅོག་པའི་སྒྲའང་མཚམས་བཞག་བྱུང་། རིང་བོ་མ་འགོར་བར། སྒོའི་ཕྱི་རོལ་ནས་ཟྭ་གཅོག་པའི་སྒྲ་གྲགས་བྱུང་། སྐབས་འདིར། ཟྭ་བཅག་ནས་མི་ཞིག་ནང་དུ་འཛུལ་བྱུང་། ཨེ་ཧྲབ་ལ་བསམ་གཞིག་གཏོང་ཁོམ་མ་བྱུང་བར་བོའུ་གཅིག་བརྒྱབ་པ་ན་མི་དེ་སྒྲ་ཞིག་དང་བཅས་ས་རུ་འགྱེལ། འོན་ཀྱང་ཡུན་རིང་མ་སོང་བར་མི་དེ་ལག་པར་ཁེན་ནས་ཡར་ལངས་གྲབས་བྱས། ཨེ་ཧྲབ་ཀྱིས་བོའུ་ཐེངས་གཉིས་པ་བརྒྱབ། མི་དེ་སླར་ཡང་འགྱེལ་སོང་། ཡིན་ཡང་ཁོ་སྔར་བཞིན་མ་ཤི་བར་ལག་པའི་གྲུ་མོར་ཁེན་ནས་འགུལ་སྤོར་བྱེད་བཞིན་ཡོད། ཨེ་ཧྲབ་ཀྱིས་སླར་ཡང་བོའུ་གཅིག་བརྒྱབ་པ་ན་ཁོ་རང་དལ་གྱིས་འགྱེལ་ནས་སླར་འགུལ་རྒྱུ་མ་བྱུང་།
     རྨས་མ་དེ་མདུན་དུ་སོང་ནས〝  ཁྱི་སྐྱག ཇག་རྐུན་གཅིག་ལས་མི་འདུག〞  ཟེར། དེར་མཐུད་མཛུབ་མོ་ཀེར་ནས〝  ལྕམ་ལགས། བོའུ་རྩལ་བཟང་པོ་འདུག〞  ཟེར།
     ཁོས་བེམ་རོ་ཡར་ལ་བསྐོར་བ་ན་མི་དེས་ངོ་འབག་ཅིག་ཀྱང་གྱོན་འདུག ངོ་འབག་བཤུས་པ་ན་ཨེ་ཧྲབ་ཀྱིས་མཐོང་བས་ཨང་རིང་ཞིག་ཤོར། རྐུན་མ་འདི་ནི་མ་གཞིར་རང་ཉིད་ཀྱི་ཁྱོ་ག་ཡིན་འདུག
     མ་གཞིར། ཨེ་ཧྲབ་ཀྱི་ཁྱོ་ག་ཁྲལ་དོན་དཔོན་ཡིན་ཡང་དོན་དུ་རྒྱན་ལྐུགས་ཀྱི་དབྱིངས་སུ་ཞུགས་ནས་བུ་ལོན་གྱི་འོབས་སུ་ཚུད་ཡོད། དངུལ་ཁང་ནང་གི་གསོག་དངུལ་དེ་དོན་དངོས་སུ་ཁོས་སྔ་མོ་ནས་ཕམ་ཤོར་བྱུང་ཡོད། ཉིན་འདིར། ཁོས་ཁྲལ་དངུལ་གང་མང་ཞིག་བསྡུས་རྗེས་འདི་འདྲའི་བསམ་བཀོད་ངན་པ་ཞིག་འཐེན། སྒོར་མོ་རང་ཁྱིམ་དུ་བཞག་རྗེས་ཆུང་མར་རྫུན་བཤད་དེ་མཚན་མོར་བརྐུ་རྒྱུ་བྱས། དེ་ནས་ཆུང་མ་མངགས་ཏེ་ཉེན་འགོག་ཀུང་ཟིར་རྒྱུ་ནོར་ཉེན་འགོག་དངུལ་སློང་དུ་འཇུག་བསམས་ཡོད། གལ་སྲིད་བསློངས་མ་ཐུབ་ནའང་སྐྱོན་མི་འདུག སྒོར་མོ་ནི་ཆུང་མས་བོར་དུ་བཅུག་པ་ཡིན་པས་བཙོན་དུ་འདུག་དགོས་ནའང་ཆུང་མ་འདུག་དགོས་པ་ཡིན། བློ་ཡུལ་ལའང་མ་ཤར་བ་ཞིག་ནི། བྱས་བྱས་ལས་ཀྱི་མཐའ་མར་རང་ཉིད་ཀྱི་ཚེ་སྲོག་ཤོར་བ་རེད།
                                                 ༢༠༡༦.༦.༡ཉིན་གྱི་ཕྱི་དྲོར་ཙོང་ཁ་གྱི་ཐང་ནས་བསྒྱུར་གྲུབ།


འབྲེལ་ཡོད་འོས་སྦྱོར།