logo

རྣམ་གླིང་རིན་ཆེན་གྱི་བརྩམས་སྒྲུང《གནའ་གྲོང་གི་གཏམ་རྒྱུད》།

རྩོམ་པ་པོ།:རྣམ་གླིང་རིན་ཆེན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-07-11 ཀློག་གྲངས།:

གནའ་གྲོང་གི་གཏམ་རྒྱུད།
རྣམ་གླིང་རིན་ཆེན།

     ཁུ་སིམ་པའི་མཚན་གུང་། ཁྱི་རྒན་གྱི་འབ་སྒྲས་དཀྲོགས། ལྷིང་འཇགས་ཀྱི་སེམས་པ་རྦ་རླབས་བཞིན་མཁའ་རུ་འཕྱོ། མུན་ནག་གི་བྱེད་གཏེས་འོད་ཟེར་གྱི་ལྷ་མོ་རྒྱང་དུ་སྤྱུགས་པས། རྒྱང་རིང་གི་རི་གྲོང་སྨག་རུམ་གྱི་ལྭ་བས་བཏུམས། རྒྱང་རིང་དུ་ཆགས་པའི་གནའ་གྲོང་ཨང་། ཁྱེད་ལ་མཚར་སྡུག་ལྡན་པའི་འདས་སོང་གི་གཏམ་རྒྱུད་ཡོད་ལ། འཇའ་བཞིན་བཀྲ་བའི་རྒྱང་རིང་གི་རྨི་ལམ་ཡང་ཡོད། རང་དབང་དང་བབ་ཆགས། བདེན་པ་དང་དགེ་བ་ཡི་མཛེས་པ་ཁྱེད་ལ་མངའ་ཞིང་། དྭངས་ཤིང་གཙང་བའི་གདོད་མ་ཡི་ལོ་རྒྱུས་ཁྱེད་ལ་དབང་། འོན་ཀྱང་། དུས་ཚོད་ཀྱི་འགྱུར་བག་ཀློང་དུ། ཡོད་ཚད་ཀྱི་ཡོད་ཚད་སྐམ་སར་ལུས་པའི་ཉ་མོ་ཇི་བཞིན་ཚེ་སྲོག་གི་རང་མདངས་དལ་གྱིས་ཤོར་ཟིན། ད་ལྟ་ཁྱེད་ནི་བགྲེས་སོང་ཚོའི་ངག་སྒྲོས་ཁྲོད་ཀྱི་གནའ་གཏམ་ཙམ་དང་། ཀུན་གྱི་དྲན་གསོ་བྱ་ཡུལ་གྱི་འདས་སོང་གི་གཏམ་རྒྱུད་ཙམ་ལས་གཞན་ཅི།

སྔོན་འགྲོའི་གཏམ་གྱི་ཚུལ་དུ།

     གནའ་གྲོང་ཞེས་པའི་ཡུལ་མིང་དེ་མི་རྣམས་ཀྱི་ཉན་བྱེད་རྣ་བའི་བུ་གར་ཐོས་ཐེངས་རེར། སྐྱེ་བོ་དུ་མ་གཅིག་གིས་ལག་ཟུང་གི་མཐེ་བོང་མཁའ་ལ་བསྒྲེངས་ཏེ“གནའ་གྲོང་ལ་ཆ་རྒྱུས་མེད་མཁན་སུ་ཞིག་ཡོད། གནའ་དེའི་གནས་རི་བྱིན་རླབས་ཆེ་ཞིང་། ཆུ་མོ་དྭངས་ཤིང་གཙང་བ། མི་རྣམས་གཞུང་དྲང་བ། ཧ་ཧ། ས་ལ་དགེ་བཅུ་ཚང་བ་ཞེས་པ་གནའ་གྲོང་ལ་ཟེར་བ་རེད་ཡཱ”ཟེར་བ་དང་། ཡང་བགྲེས་སོང་འགའ་རེས་མ་ཎི་འདྲེན་མཚམས་བཞག་སྟེ་དངན་པ་ཞིག་འཐེན་ཞོར“གནའ་གྲོང་ལ་མཚར་སྡུག་ལྡན་པའི་འདས་སོང་གི་ལོ་རྒྱུས་ཡོད་པ་བདེན། འོན་ཀྱང་། ད་ཆའི་གནའ་གྲོང་དེ‘ཤུ’”ཞེས་མགོ་བོ་འཕྲེད་དུ་གཡུག་སྟེ་ཡིད་ཐང་ཆད་པའི་ཉམས་ཤིག་བསྟན་ནས་ཁུ་སིམ་མེར་འདུག་པར་བྱེད།
     རྒད་པོ་ཚེ་རིང་ཐར་ཡང་བགྲེས་སོང་དེ་དག་ཁྲོད་ཀྱི་གཅིག་ཡིན། ཁོ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་གནའ་གྲོང་གི་མི་རབས་གསུམ་པ་དེ་ཡིན་པས། གནའ་གྲོང་གི་ལོ་རྒྱུས་ལྒིང་ཚེ་ཁོ་ལས་ཆ་རྒྱུས་ཅན་ཅིག་གཏན་ནས་མེད།
     རྒད་པོ་ཚེ་རིང་ཐར་གྱིས་ལག་གཡས་པར་བ་སོའི་ཕྲེང་བ་དང་། ལག་གཡོན་མར་ཆོས་དཔེ་སྣ་རིང་མ་ཞིག་བཟུང་ནས་དཔེ་ཆར་བལྟས་ནས་འདོན་པ་འདོན་ཞོར་ལག་ནང་གི་བ་སོའི་ཕྲེང་བ་དེ་བར་མེད་སྐོར་བཞིན་འདུག ཅང་མ་འགོར་བར་སྣ་ལུད་ཅན་གྱི་བྱིས་པ་དུ་མ་རྒད་པོའི་མཐའ་རུ་རུབ་ནས“ཨ་མྱེས་ལགས། ང་ཚོར་གནའ་གཏམ་ཞིག་གསུང་རོགས་གནོངས”ཞེས་བཤད་དེ། ཚང་མའི་མིག་ཟུང་གཡོ་འགུལ་མེད་པར་ཅེ་རེར་རྒད་པོའི་ངོ་གདོང་གི་ཁྱོན་ལ་ལྟ་བཞིན། སྡོད་རི་བོང་ལས་ཙོག་པ་བྱས་ནས་རྒད་པོས་གནའ་གཏམ་ཅི་བཤད་ལ་རྣ་ཅོག་ཀྲོང་ཀྲོང་དང་སེམས་པ་རྣལ་དུ་ཕབ་སྟེ་སྒུག་ནས་འདུག བྱིས་པ་སྣ་ལུད་ཅན་དེ་ཚོ་རྒད་པོའི་གནའ་གཏམ་ལ་ཉན་རྒྱུར་ཤིན་ཏུ་ནས་དགའ། ཁོ་ཚོ་ནི་རྒད་པོའི་གནའ་གཏམ་ཁྲོད་ནར་སོན་པ་ཡིན།
     རྒད་པོས་བྱིས་པ་དེ་དག་གི་གདོང་ལ་ལྟ་བཞིན་རང་དབང་མེད་པར་དབུགས་རིང་ཞིག་འཆོར་སོང་། བྱིས་པ་ཚོས་རྒད་པོའི་ཉོབ་མདངས་ཀྱི་རྣམ་འགྱུར་དེ་མཐོང་བས། མྱུར་དུ་མ་གྲོས་གཅིག་མཐུན་གྱིས་རྒད་པོའི་ལག་ནས་བཟུང་སྟེ“གནའ་གཏམ་གསུང་རོགས་གནོངས། གནའ་གཏམ་གསུང་རོགས་གནོངས”ཞེས་ཨུ་ཚུགས་ཡང་ཡང་བྱས་མཐར། རྒད་པོས་གཞི་ནས་བྱིས་པ་ཚོར་གནའ་གཏམ་བཤད་རྒྱུར་ཁས་བླངས།
     ཡུལ་དེར་མཚོན་ན་གནའ་གཏམ་བཤད་དགོས་ཚེ་རྒད་པོ་ཚེ་རིང་ཐར་གྱི་གོང་ན་གཅིག་ཀྱང་མེད། རྒད་པོས་རང་གི་སྨ་ར་དཀར་པོར་བྱིལ་བྱིལ་ལན་འགའ་བྱེད་ཞོར་མིག་ཟུང་ལས་གྲུང་ཤ་དོད་པའི་འོད་མདངས་ཅི་ཡང་མེད་པར་བློ་ཕམ་ཡིད་ཆད་ཀྱི་རྣམ་འགྱུར་ཞིག་བསྟན་ཞོར“བྱིས་པ་སྣ་ལུད་ཅན་ཚོ། བྱས་ན་ངས་དེ་རིང་ཁྱེད་ཚོར་ངེད་ཚོའི་ཕ་ཡུལ་གྱི་ལོ་རྒྱུས་བརྗོད་པར་བྱ”ཞེས་བཤད་དེ། སྣ་ཐ་སེན་མོ་གང་ཤུགས་ཀྱིས་འཐེན་སོང་བས། རྒད་པོའི་མིག་ཟུང་གི་མཐའ་ནས་མཆི་ཞག་ཅིག་རང་ཤུགས་ཀྱིས་འཁོར་བྱུང་། རྒད་པོས་སྣ་ཐ་ཁམ་གང་རྔུབས་རྗེས། དལ་བ་དལ་བུར་རྒྱང་རིང་གི་གནམ་སའི་མཚམས་སུ་མིག་ཟུང་ཅེར་བཞིན་གནའ་གཏམ་བཤད་འགོ་ཚུགས་སོང་།
     གནའ་སྔ་མོའི་དུས་ཤིག་ལ། འུ་ཅག་གི་སྡེ་བ་ནི་ཞིང་ཆེན་ཡོངས་སུ་སྐད་གྲགས་ཆོད་པའི་ཕྱུག་འགྱུར་གྱི་སྡེ་བ་ཞིག་ཡིན། སྐབས་དེ་དུས་རྒྱལ་ཕྱི་རྒྱལ་ནང་ནས་གནས་འདིར་ཡུལ་སྐོར་བ་མང་དག་ཅིག་ཕེབས་ཀྱིན་ཡོད་པས། ངེད་སྡེ་བའི་ཡུལ་མི་ཚོ་གཞན་ཡུལ་དུ་ཞོར་ལས་དང་གླ་པ་བྱེད་པར་མ་སོང་ཡང་། ཁྱིམ་ཚང་སོ་སོའི་དཔལ་འབྱོར་གྱི་ཡོང་སྒོ་བཟང་བས། སྡེ་བ་གོང་འོག་གི་ཡུལ་མི་ཚོས་ངེད་སྡེ་བར་ཡིད་སྨོན་འཆོར་བཞིན་ཡོད། ཡུལ་སྐོར་བ་མང་དག་ཅིག་གནས་འདིར་ཕེབས་དོན་ཡང་རྒྱུ་མཚན་མེད་པ་མ་ཡིན་ཏེ། ངེད་སྡེ་བའི་མིང་ལ་གནའ་གྲོང་ཟེར་ཞིང་། སྐབས་དེ་དུས་གནའ་གྲོང་ཞེས་མིང་དུ་ཐོགས་དོན་ཡང་ངོ་མ་དོན་ལ་གནས་པ་ཞིག་དང་མིང་དོན་མཚུངས་པ་ཞིག་ཡིན་ཏེ། ངེད་གྲོང་ཚོའི་རི་འདབས་སུ་མེས་པོ་གོང་མ་རྣམས་ནས་གཅིག་འཛིན་གཅིག་རྒྱུད་བྱས་པའི་གནའ་གྲོང་གི་ཁྱད་ཆོས་མངོན་པར་གསལ་ཞིང་ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་ཤུལ་གྲགས་ཅན་དང་ཡུལ་ལུང་གི་བཀོད་པ་མང་དག་ཅིག་གནས་འདིར་ཡོད་པ་སྟེ དགོན་སྡེ་དང་། མང་ཚོགས་ཀྱི་སྡོད་ཁང་། རི་འདབས་ཀྱི་ནག་ཅིང་སྟུག་པའི་རྩྭ་དང་རྩི་ཤིང་། མཆོད་ཁང་དང་འདུ་ཁང་། མ་ཎི་ཁང་སོགས་སུ་ཞུགས་པའི་དཔེ་ཆ་རྙིང་བ་དང་། ལྡེབས་རིས་སོགས་གནའ་བོའི་བཟོ་སྐྲུན་གྱི་ཉམས་འགྱུར་གྱིས་ཕྱུག་ཅིང་། གནས་དེའི་མི་རྣམས་ཀྱི་རང་བྱུང་བབ་ཆགས་ཀྱི་འཚོ་བ་དང་། འོ་ཆུ་བཞིན་ཟབ་པའི་བརྩེ་བ། རང་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་དང་། ཐུན་མིན་གྱི་བོད་ལྭ་སོགས་ཕྱོགས་གང་ཐད་ནས་བཤད་ཀྱང་ངོ་མ་གནའ་བོའི་བཟོ་དབྱིབས་ཅན་གྱི་ཁང་བ་དང་། ལྷད་མེད་གཡོ་ཟོལ་བྲལ་བའི་མི་གཤིས། ས་དེ་གའི་ལོ་རྒྱུས་ཡུན་རིང་ལྡན་པའི་ཡུལ་ལུང་བཀོད་པ་དང་། མི་རིགས་ཀྱི་ཁྱད་ལྡན་དམངས་སྲོལ་གྱིས་ཡུལ་སྐོར་བ་ཚོའི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་སྟེ། གནས་དེར་ཡོང་མཁན་གྱི་ཡུལ་སྐོར་བའི་ཚོགས་ནི་མཚན་གུང་གི་སྐར་ཚོགས་ཇི་བཞིན་བགྲང་ལས་འདས། འོན་ཀྱང་ད་ཆ……ཧུ་ཞེས་རྒད་པོ་ཚེ་རིང་ཐར་གྱིས་དེ་ལྟར་དངན་པ་ཞིག་འཐེན་ཞོར་གས་ཆག་ཤོར་བའི་མིག་མདུན་གྱི་གྱང་རོ་དག་ལ་མིག་ཟུང་ཅེར་བཞིན་འདུག ངོ་མ་རེད། འདས་སོང་གི་མཚར་སྡུག་ལྡན་པའི་ཡུལ་ལུང་གི་བཀོད་པ་དང་། མང་ཚོགས་ཀྱི་ཉམས་དགའ་བའི་འཛུམ་མདངས་དག་ཡིད་ངོར་དྲན་ཐེངས་རེར། རྒད་པོས་ད་ཆའི་མིག་མདུན་གྱི་རྙིང་ཞིང་གོག་པའི་ཁང་རུལ་དག་མིག་ལམ་དུ་འཆར་འོང་བས། ཁོའི་སེམས་ལ་ན་ཟུག་ཞིག་ཐོལ་གྱིས་ལྡང་བྱུང་།
     རེད་ཨང་། ད་ཆ་རྒད་པོའི་མིག་ལམ་དུ་འཆར་བ་ནི་གྱང་ཆག་འགའ་དང་། ནགས་ཚལ་གྱིས་དབེན་པའི་ཐལ་མདོག་ཅན་གྱི་རི་བོ་དེ་དག་ལས་གཞན་ཅི་ཡོད། སྔོན་ཆད་ཀྱི་དགོན་སྡེ་དང་ལྷ་ཁང། མཆོད་རྟེན་སོགས་ལ་སྔ་མོ་ནས“འཛུགས་སྐྲུན”བྱས་ཏེ་ད་ཆ་མིག་ཟུང་གི་མཐོང་ཡུལ་དུ་མི་སྣང་། སྔོན་ཆད་གྲོང་ཚོའི་ཉེ་འདབས་སུ་ལྷུང་ལྷུང་བཞུར་བའི་ཆུ་མོའི་སྐད་སྒྲ་དང་། ལྗོན་ཤིང་གསེབ་ནས་བྱ་ཁུ་བྱུག་སྔོན་མོས་སྒྲོག་པའི་ཀྱུར་ཀྱུར་གྱི་སྐད་སྙན། ད་དུང་ཡུལ་སྐོར་བ་མང་པོའི་རླངས་འཁོར་གྱི་དུང་བརྡ་སོགས་ད་ལྟ་གཏན་ནས་ཐོས་རྒྱུ་མེད་པས། རྒད་པོའི་སེམས་པ་གློ་བུར་དུ་འཁྱག་སིབ་སིབ་དང་གྲང་ཤུར་ཤུར་དུ་བཏང་།
     རྒད་པོས་གནའ་གཏམ་བཤད་མ་ཚར་གོང་། བྱིས་པ་ཚོ་སྔ་མོ་ནས་གཉིད་ལ་ཡུར་འདུག རྒད་པོས་བྱིས་པ་ཚོའི་ཐལ་མདོག་འཕྱུར་བའི་ངོ་གདོང་དང་། རྙིང་ཞིང་གོག་པའི་ལྭ་བ། ནག་དྲེགས་ཀྱིས་བཏུམས་པའི་ལག་ཟུང་། ཐལ་རྡུལ་གྱིས་ཁེངས་ཤིང་རལ་བ་ཆགས་པའི་སྐྲ་ལོ་སོགས་ལ་ལྟ་བཞིན་སེམས་གཏིང་ནས་ཁོ་ཚོར་ཡ་ང་སྙིང་རྗེའི་བསམ་པ་དྲག་པོ་ཞིག་སྐྱེས་བྱུང་། སྔོན་ཆད་ཡིན་ན། གནའ་གྲོང་གི་བྱིས་པ་ཚོ་གཙང་སྦྲ་དོད་ཅིང་གོན་པ་ལེགས་ལ་ངོ་གདོང་གི་ཁྱོན་ལས་སྣུམ་ཞག་གི་སྐྱིད་སྣང་ཅིག་ཕྱིར་ཕྱུངས་ཡོང་མོད། ད་ལྟ་བྱིས་པ་ཚོའི་གདོང་ལ་འཛུམ་མདངས་མེད་ཅིང་། མིག་ཟུང་ལ་གྲུང་ཤ་མེད་པ། ཁོ་ཚོའི་ཕྲ་ལ་ཆུང་བའི་ལུས་པོས་མགོ་བོ་ཆེན་པོ་ཞིག་བཀྱག་ཡོད་པ་དང་། སྣ་ལུད་དེ་ནི་རྦབ་ཆུ་ཞིག་དང་འདྲ་བར་ཐུར་དུ་དཔྱངས་འདུག་པས། གནའ་གྲོང་གི་འཕེལ་གྲིབ་དེ་བྱིས་པ་དེ་དག་གི་ལུས་ཐོག་ནས་ཀྱང་གསལ་པོར་རྟོགས་འོང་། རྒད་པོས་བྱིས་པ་དེ་དག་གི་ཉམ་ཐག་པའི་རྣམ་པ་དེ་མཐོང་བས། སེམས་ལ་སྐྱོ་སྣང་དྲག་པོ་ཞིག་དབང་མེད་དུ་སྐྱེས་ཏེ་བྱིས་པ་དེ་དག་ནི་ངོ་མ་བསོད་ནམས་དམན་པ་ཞིག་རེད་འདུག་ཨང་སྙམ་ནས་ཤུགས་རིང་ནར་ནར་འབྱིན་འོང་།

     ཐལ་རླུང་ཞིག་ཐོལ་གྱིས་ལྡང་བྱུང་། གློ་བུར་དུ་ལྡང་འོང་བའི་ཐལ་རླུང་དེས་སྲོད་ཁའི་ཉི་མ་ལྡེ་བཞིན་པའི་བགྲེས་སོང་ཚོའི་ལྷིང་འཇགས་དཀྲུགས་སོང་། སྔོན་ཆད་ཡིན་ན་བགྲེས་སོང་ཚོས་རི་འདབས་སུ་སྐྱེས་པའི་ཚར་དུ་དངར་བའི་ལྗོན་ཤིང་གི་འོག་ཏུ་མ་ཎི་བགྲང་ཞོར་ཁ་བརྡར་རོལ་ཆོག་པ་དང་། བུད་མེད་ཚོས་གླུ་ཆུང་ལེན་ཞོར་ཉེ་འགྲམ་གྱི་རྒྱ་ལྕང་དང་ཤོལ་བོ། ཁམ་སྡོང་ལ་སོགས་པའི་རྐང་འཐུང་གི་བསིལ་གྲིབ་འོག་ཏུ་བལ་བསེད་པ་དང་། སྤུན་འཁེལ་བ་སོགས་བྱས་ཏེ་སེམས་པ་རྣལ་ལ་ཕབ་ནས་འདུག་ཆོག་ཀྱང་། ད་ལྟ་ནགས་ཚལ་དང་ལྗོན་ཤིང་དག་མིག་ཟུང་གི་མཐོང་ཡུལ་དུ་མེད་པས། ཐལ་རླུང་ངར་མོ་ལྡང་ཐེངས་རེར་མྱུར་དུ་མགོ་ལ་སྦར་མོ་བཀབ་སྟེ་བྲོས་ནས་འགྲོ་དགོས་ཀྱི་ཡོད། རྒད་པོ་ཚེ་རིང་ཐར་གྱིས་ཐལ་རྡུལ་གྱིས་འཚུབ་པའི་གནའ་གྲོང་གི་རྣམ་པ་དེ་མིག་ལམ་དུ་མཐོང་དུས། སེམས་གཏིང་ནས་ཕ་ཡུལ་“འཛུགས་སྐྲུན”བྱེད་མཁན་གྱི་མི་བུ་ཀླད་མེད་ཚོར་སྙིང་དབུས་ནས་སྡང་སེམས་ཀྱི་བསམ་པ་དྲག་པོ་སྐྱེས་འོང་།
     དེ་ཡང་ལོ་ངོ་ཉི་ཤུའི་ཡར་སྔོན་དུ། ཡུལ་དེར་རྫོང་དཔོན་ཁུ་བྱུག་ལས་དོན་རྟོག་ཞིབ་བྱེད་དུ་འོང་། ཁུ་བྱུག་ཏུ་འབོད་པའི་རྫོང་དཔོན་དེ་གནའ་གྲོང་དུ་ཕེབས་རྒྱུ་ཡིན་པའི་གསར་འགྱུར་དེ་གཅིག་གིས་བཅུ་ལ་བཤད། བཅུ་ཡིས་བརྒྱ་ལ་བཤད། བརྒྱ་ཡིས་སྟོང་ལ་བཤད་དེ་མཐར་རྫོང་ཡོངས་ཀྱི་སྡེ་བའི་ཡུལ་མི་ཕལ་ཆེ་བས་ཤེས་པར་གྱུར། སྤྱིར་རྫོང་གྲོང་དེར་མཚོན་ན། རྫོང་དཔོན་གྱི་མིང་ལ་ཁུ་བྱུག་ཞེས་འབོད་པ་ཚང་མས་གོ་ཐོས་སུ་གྱུར་ཡང་། མང་ཚོགས་དཀྱུས་མ་མང་དག་ཅིག་གིས་ཁོ་དངོས་སུ་མིག་གིས་རིག་རྒྱུ་མ་བྱུང་སྟབས། སྡེ་བ་དུ་མའི་ཡུལ་མི་མང་པོ་མ་བོས་མགྲོན་པོ་ཇི་བཞིན་གནའ་གྲོང་དུ་རྫོང་དཔོན་ཁུ་བྱུག་མཇལ་དུ་ཡོང་།
     རྫོང་དཔོན་ཁུ་བྱུག་ཆེད་དུ་གནའ་གྲོང་དུ་ཡོང་དོན་ཡང་རྒྱུ་མཚན་མེད་པ་མ་ཡིན་ཏེ། གནའ་གྲོང་ནི་རྫོང་ཡོངས་སུ་སྐད་གྲགས་ཆོད་པའི་ཕྱུག་འགྱུར་སྣེ་ཁྲིད་བྱེད་མཁན་གྱི་མིག་དཔེ་སྟོན་སའི་སྔོན་ཐོན་གྱི་སྡེ་བ་དང་། ཡུལ་སྐོར་བྱ་བཞག་ཐད་གྲུབ་འབྲས་ཆེན་པོ་གཏོད་མཁན་གྱི་སྡེ་བ་ཞིག་ཡིན་པས། རྫོང་དཔོན་སྐུ་ངོ་མ་གནའ་གྲོང་དུ་ཡོང་དོན་ནི་གཅིག་ནས་གནས་དེའི་ཡུལ་སྐོར་བྱ་བཞག་ཐད་སྔར་ལས་ལྷག་པའི་གྲུབ་འབྲས་གཏོད་ཐུབ་རྒྱུར་མཛུབ་སྟོན་བྱེད་པར་ཕེབས་པ་དང་སྦྲགས། ད་དུང་ཁོ་ཚོའི་ཡུལ་དེར་ཡུལ་སྐོར་དང་འབྲེལ་བའི་རྣམ་གྲངས་གསར་བ་མང་དག་ཅིག་ལག་བསྟར་དོན་འཁྱོལ་བྱ་ཆེད་ཕེབས་པ་ཡིན་པས། གནས་དེའི་མང་ཚོགས་ཕོ་མོ་རྒན་གཞོན་ཚང་མས་ལག་ཏུ་བཀྲ་ཤིས་པའི་མཇལ་དར་ཐོགས་ཤིང་། ཞིམ་མངར་རོ་བཅུད་འཛོམས་པའི་ཤ་མར་དང་སྦྲང་རྩིའི་ཉིང་ཁུ་འདྲ་བའི་མཆོད་ཆང་དྲངས་ཏེ་རྫོང་དཔོན་ཁུ་བྱུག་ལ་ཕེབས་བསུ་གྱ་ནོམ་པ་ཞིག་བྱས་པས། རྫོང་དཔོན་གྱི་སེམས་ལ་དགའ་བ་འབུམ་གྱིས་མྱོས་པར་གྱུར། གནས་དེའི་མང་ཚོགས་ཚོས་རྫོང་དཔོན་དེ་རིང་ཁོ་ཚོའི་སྡེ་བར་ཕེབས་པ་ནི་ཁོ་ཚོས་ཚེ་སྔོན་མར་ལས་བཟང་བསྒྲུབས་པའི་འབྲས་བུ་ཡིན་ཅེས་བརྗོད་དེ་རྫོང་དཔོན་ལ་ཁ་ཡག་ངོ་དགའི་གཏམ་མང་དག་ཅིག་བཤད། ལྷག་པར་དུ་ཡུལ་མི་ཚོས་རྫོང་དཔོན་གྱི་ཁོ་ཚོའི་ཡུལ་ལ་རྣམ་གྲངས་གསར་པ་མང་དག་ཅིག་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ཡིན་པའི་གནས་ཚུལ་ཤེས་འཕྲལ་གནས་དེའི་སྡེ་དཔོན་གྱིས་སྡེ་བའི་མང་ཚོགས་ཚོའི་ཚབ་བྱས་ཏེ་མཐེ་བོང་མཁའ་ལ་བསྒྲེངས་ནས་“རྫོང་དཔོན་ཁུ་བྱུག་དངོས་གནས་ཁུ་བྱུག་རང་རེད”ཅེས་བཤད་པས། རྫོང་དཔོན་གྱིས་དགོད་བྲོ་དང་བཅས“ག་རེ། ཁྱོད་ཀྱིས་ང་བྱ་རེད་ཅེས་འཕྱ་སྨོད་བྱེད་པ་མ་ཡིན་ནམ”ཞེས་དྲིས་བྱུང་བས། སྡེ་དཔོན་གྱི་ངོ་མདོག་ཀུ་ཤུ་ལྟར་དམར་པོར་ཆགས། སྡེ་དཔོན་གྱིས་མགོ་སྒུར་ལྕེ་སྣར་ལན་འགའ་བྱས་ཏེ་གུས་གུས་ཞུམ་ཞུམ་ངང“དེ་འདྲ་ག་ལ་ཡིན།  གུས་པས་ཟེར་ན་ཁྱེད་རང་ལྷ་བྱ་ཁུ་བྱུག་ཇི་བཞིན་གསུང་སྙན་དང་གཏམ་བཟང་ཁོ་ན་བསྣམས་ནས་ཕེབས་ཀྱི་འདུག”ཅེས་སྨྲས། རྫོང་དཔོན་ཁུ་བྱུག་གིས་སྡེ་དཔོན་གྱི་སྐད་ཆ་དེ་ཐོས་འཕྲལ་ངོ་གདོང་གི་ཁྱོན་ལ་སྤྲོ་བའི་འཛུམ་མདངས་ཤིག་རབ་ཏུ་རྒྱས་ཤིང་། ངའོ་སྙམ་པའི་རྫིག་ཉམས་ཤིག་ཀྱང་དལ་གྱིས་ཕྱིར་ཕྱུངས་འོང་།
     གནའ་གྲོང་གི་ཡུལ་མི་ཚོས་རྫོང་དཔོན་ཁུ་བྱུག་ལ་ཇ་ཆང་བར་མེད་འདྲེན་ཞོར་རྣམ་གྲངས་ཅི་ཞིག་གནང་ངམ་སྙམ་བཞིན་སྐོམ་པ་ཆུ་འདོད་ལྟར་གྱི་རེ་སྒུག་བྱེད་བཞིན་འདུག  རྣམ་གྲངས་རྣམ་གྲངས་ཞེས་ཟེར་ཡང་དོན་དམ་དུ་ཡིན་རྒྱུ་ནི་སྡེ་དཔོན་གྱིས་མང་ཚོགས་ཚོར་དབང་བའི་ས་ཞིང་དག་གཞུང་དངུལ་སྤྱད་དེ་གཅིག་གྱུར་གྱིས་ཉོས་ནས་ཁོ་ཚོའི་ས་ཞིང་གི་ཐོག་ཏུ་ཚར་དུ་དངར་བའི་དེང་རབས་ཀྱི་ཐོག་བརྩེགས་ཁང་བ་མང་དག་ཅིག་འཛུགས་སྐྲུན་བྱ་རྒྱུ་དེ་དང་། གནའ་གྲོང་གི་རི་འདབས་སུ་སྐྱེས་པའི་ནགས་ཚལ་དག་རྩ་འགོག་བྱས་ཏེ་རི་འདབས་སུ་རླངས་འཁོར་འགྲོ་སའི་གཞུང་ལམ་བཟོ་རྒྱུ་དེ་ཡིན་པ་རེད། རྫོང་དཔོན་གྱིས་ཟེར་ན་གནའ་གྲོང་ཕྱུག་འགྱུར་བྱེད་པར་ངེས་པར་དུ་ཡུལ་སྐོར་ལ་བརྟེན་དགོས་ལུགས་དང་། ཡུལ་སྐོར་བ་གནས་དེར་གདན་འདྲེན་ཞུ་བར་སྔོན་ལ་འགྲིམ་འགྲུལ་གྱི་ཆ་རྐྱེན་ཏེ་གཞུང་ལམ་བཟོ་དགོས་ལུགས་བཤད་ཅིང་། གཞུང་ལམ་བཟོས་ན་ད་གཟོད་སྔར་ལས་མང་བའི་ཡུལ་སྐོར་བ་གནས་དེར་ཡུལ་སྐོར་དུ་ཡོང་ཚུལ་སོགས་མང་དག་ཅིག་བཤད། རྫོང་དཔོན་གྱི་སྐད་ཆ་དེ་མང་ཚོགས་ཚོའི་རྣ་ཡི་བུ་གར་ཐོས་འཕྲལ་མང་ཚོགས་ཚོས་མ་གྲོས་གཅིག་མཐུན་གྱི་སྒོ་ནས“དེ་འདྲ་བྱས་ན་གཏན་ནས་མི་འགྲིག ང་ཚོའི་མི་རབས་དུ་མའི་རིང་ས་ཞིང་ཁོ་ནར་བརྟེན་ནས་འཚོ་བཞིན་ཡོད་པས། གལ་ཏེ་ང་ཚོའི་འཚོ་རྟེན་ས་ཞིང་དེ་མེད་པར་གྱུར་ན་ང་ཚོ་ཙམ་མ་ཟད་ང་ཚོའི་རྗེས་རབས་པ་ཚོ་ཇི་ལྟར་འཚོ་དགོས”ཞེས་བཤད་དེ་ཡུད་ཙམ་ཞིག་རིང་རྒྱང་རིང་གི་གནའ་གྲོང་དེར་འདུ་འཛིའི་ཡོ་ལང་རབ་ཏུ་རྒྱས། མང་ཚོགས་ཚོའི་སྐད་ཆར་ཉན་རྗེས་རྫོང་དཔོན་ཁུ་བྱུག་གིས་མྱུར་དུ་“དེ་ལ་ཁྱེད་ཚོ་སེམས་ཁྲལ་བྱ་མི་དགོས། ང་ཚོ་སྲིད་གཞུང་ལ་མང་ཚོགས་ཀྱི་ས་ཞིང་གཞུང་བཞེས་གཏོང་དབང་མེད། སྲིད་གཞུང་གིས་ཁྱེད་ཚོའི་ས་ཞིང་ལ་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་ཡིན”ཅེས་བཤད་པས། མང་ཚོགས་ཚོའི་སེམས་པ་ད་གཟོད་ལྷོད་ལ་བབས་བྱུང་། རྫོང་དཔོན་གྱིས་མང་ཚོགས་ཚོའི་ས་ཞིང་གི་མུའུ་གྲངས་ལ་གཞིགས་ནས་དངུལ་སྒོར་ཁྲི་དང་ཁྲི་བྱས་ཏེ་མང་ཚོགས་ཚོའི་ལག་ཏུ་སྤྲད། མང་ཚོགས་ཚོས་དངུལ་སྒོར་མང་པོ་དེ་འདྲ་མཐོང་བ་ཐེངས་དང་པོ་ཡིན་པས། ཚང་མའི་སེམས་ལ་དགའ་སྤྲོའི་འཛུམ་མདངས་རབ་ཏུ་རྒྱས་ཏེ་རྫོང་དཔོན་ཁུ་བྱུག་ལ་བཀའ་དྲིན་ཡང་ཡང་ཞུ་ཞིང་། ང་ཚོ་མང་ཚོགས་ལ་ཁྱེད་ལྟ་བུའི་རྫོང་དཔོན་ཞིག་འཕྲད་པ་ནི་ཁོ་ཚོའི་བསོད་བདེ་དབང་ཐང་ཡིན་ཚུལ་བརྗོད་དེ། ཚང་མས་རྫོང་དཔོན་ལ་ཇ་ཆང་བར་མེད་འདྲེན་བཞིན་ཉིན་གང་གི་དུས་ཚོད་ཕར་ལ་འདས་སོང་། སྐབས་དེ་དུས་དྲོད་འཇམ་གྱི་ཉི་མ་དེའང་དལ་བ་དལ་བུར་ནུབ་ཕྱོགས་ཀྱི་ཕང་བར་ཐིམས་ཤིང་མུན་ནག་གི་ཡོལ་བ་ཆེན་པོ་ཞིག་གནའ་གྲོང་གི་ས་གཞིའི་ཁྱོན་ལ་བཀབ་པ་ལྟར། གནའ་གྲོང་གི་ཡོད་ཚད་ནག་རོག་རོག་ཏུ་གྱུར་སོང་།

     ད་ལོ་ནི་ཆར་ཞོད་འབེལ་བའི་དབྱར་ཁའི་ནམ་ཟླ་ཞིག་རེད། ནམ་མཁའ་ཡི་མིག་ཆུ་ལྟ་བུའི་ཆར་བ་དེ་དལ་བ་དལ་བུར་ནོར་འཛིན་སྒེག་མོའི་སྙིང་ཁར་བབས་བྱུང་།  ཆར་བ་བབས་ཚད་མང་བས་གནས་དེའི་བགྲོད་ལམ་ཀུན་འདམ་རྫབ་ཀྱིས་གང་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་འགྲུལ་པ་མང་པོར་འོ་རྒྱལ་ཡང་ཡང་བཟོ་བཞིན་འདུག  འོན་ཀྱང་། གནས་དེའི་མང་ཚོགས་ཚོར་སེམས་ཚེགས་བྱ་ཡུལ་ཅི་ཡང་མེད། རྒྱུ་མཚན་ནི་མི་རིང་བར་གནས་དེར་སྣུམ་ནག་གི་གཞུང་ལམ་བཟོ་རྒྱུ་ཡིན་པས། ཁོ་ཚོས་སྣུམ་ནག་གི་གཞུང་ལམ་དེ་གང་མགྱོགས་བཟོ་ཐུབ་ན་ཅི་མ་རུང་ཨང་སྙམ།
     དེ་ནས་ཟླ་བ་འགའ་ཤས་འདས་རྗེས། རྫོང་གྲོང་ནས་ཡུལ་དེར་ཆེད་ལས་མི་སྣ་མངགས་ཏེ་ཁང་བ་རྒྱག་པ་དང་གཞུང་ལམ་བཟོ་བའི་ལས་གྲྭ་འགོ་ཚུགས་སོང་། མང་ཚོགས་ཚོའི་སེམས་ལ་རེ་བས་ཕྱུག་འདུག གཞུང་ལམ་མགྱོགས་མྱུར་བཟོས་ན་གནས་དེར་ཡུལ་སྐོར་བ་མང་དག་ཅིག་ཡོང་ངེས་པས། ཁོ་ཚོའི་དངུལ་ཁུག་ཇེ་མཐུབ་ནས་ཇེ་མཐུབ་ཏུ་འགྲོ་རྒྱུ་གདོན་མི་ཟ་སྙམ། མང་ཚོགས་ཚོས་དེ་ལྟར་བསམ་ཞོར་གཞུང་ལམ་བཟོ་ཡུལ་གྱི་ལས་གྲྭའི་ཕྱོགས་སུ་མིག་ཟུང་ཅེར་བཞིན་བསྡད།
     དེ་ནས་ཟླ་བ་བརྒྱད་དགུ་ཙམ་ཞིག་འདས་རྗེས། གནའ་གྲོང་དུ་གཞུང་ལམ་བཟོ་བའི་ལས་གྲྭ་མཇུག་བསྒྲིལ་སོང་ལ། སྲིད་གཞུང་གིས་མང་ཚོགས་ཀྱི་ས་ཞིང་ལ་བསྒྱུར་བཀོད་བྱས་ཏེ་གནས་དེར་ཚར་དུ་དངར་བའི་དེང་རབས་ཀྱི་ཐོག་བརྩེགས་ཁང་ཅན་མང་དག་ཅིག་ཀྱང་གསར་བཞེངས་བྱས་ཟིན། གནའ་གྲོང་གི་ཡུལ་མི་ཚོས་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་ཐོག་བརྩེགས་ཁང་ཆེན་དེ་དག་མིག་གིས་རིག་སྐབས་ཧ་ལས་ཧང་སངས་པར་གྱུར་ནས“ད་ནི་ང་ཚོའི་ཕ་ཡུལ་དེ་སྔོན་ཆད་ཀྱི་གནའ་གྲོང་དེ་རེད་མིན་འདུག ང་ཚོའི་སྡེ་བ་ཆུང་ཆུང་དེ་ད་ཆ་གྲོང་ཁྱེར་ལྟ་བུར་ཆགས་འདུག”ཅེས་བསྟོད་ཚིག་འཕེན་ཞོར་ཀུན་གྱི་གདོང་ནས་དགའ་བའི་འཛུམ་ཞལ་ལྷུག་ལྷུག་ཏུ་གྲོལ་བཞིན་འདུག ངོ་མ་རེད། ཕྱི་རོལ་ནས་བལྟས་ན་ད་ལྟའི་གནའ་གྲོང་ཞེས་པའི་སྡེ་བ་ཆུང་ཆུང་དེ་གྲོང་ཁྱེར་ལྟར་སྣུམ་ནག་གི་གཞུང་ལམ་མཐོང་རྒྱུ་ཡོད་ལ། ཐོག་བརྩེགས་ཁང་ཆེན་ཡང་མཐོང་རྒྱུ་ཡོད་པར་གྱུར། དེས་མ་ཟད། མང་ཚོགས་ཀྱི་རེ་བ་ལྟར་གནས་དེར་ཡུལ་སྐོར་བ་མང་དག་རླངས་འཁོར་བསྐོར་ནས་ཡུལ་སྐོར་སྤྲོ་འཆམ་ལ་ཡོང་གིན་ཡོད་པས། གནའ་གྲོང་གི་མང་ཚོགས་རྣམས་ནི་འབྲུག་སྒྲ་ཐོས་པའི་རྨ་བྱ་དང་ཚ་བས་གདུང་བའི་གླང་པོ་ཆེ་མཚོ་ལ་རོལ་བ་ཇི་བཞིན་བདེ་སྣང་གི་ཚོར་བས་ཡོངས་སུ་ཕྱུག
     དེ་ནས་ཉིན་ཤས་འདས་རྗེས། རྫོང་དཔོན་ཁུ་བྱུག་གི་བཀོད་སྒྲིག་ལྟར་མང་ཚོགས་ཀྱི་ཞིང་ཐང་ངོས་སུ་བསྐྲུན་པའི་ཐོག་བརྩེགས་ཁང་ཆེན་དེ་དག་ཡུལ་སྐོར་བར་ཕེབས་བསུ་བྱེད་པའི་ཞབས་ཞུའི་ལྟེ་གནས་སུ་བཅོས་སོང་། འོན་ཀྱང་།  བསམ་ཡུལ་ལས་འདས་པ་ཞིག་ལ་གནས་དེར་ཕེབས་པའི་ཡུལ་སྐོར་བ་མང་དག་ཅིག་སྔོན་ཆད་དང་མི་འདྲ་བར་ཉིན་གཉིས་གསུམ་གནས་དེར་ཡུལ་སྐོར་སྤྲོ་འཆམ་བྱས་ནས་མི་སྡོད་པར་རླངས་འཁོར་ལས་བབས་ཏེ་གནས་དེའི་ཡུལ་ལྗོངས་ལ་མིག་གིས་ལྟ་ཙམ་བྱས་རྗེས་མགོ་བོ་འཕྲེད་དུ་གཡུག་ནས་རང་རང་གི་ཕ་ཡུལ་ཕྱོགས་སུ་ལོག་འགྲོ་བཞིན་འདུག  དེས་མ་ཟད་ཉིན་ཤས་རིང་གནས་དེར་ཡུལ་སྐོར་ལ་ཕེབས་མཁན་གྱི་ཡུལ་སྐོར་བའི་མི་གྲངས་དེ་ལོ་གོང་མ་ལས་ལྡབ་འགྱུར་གྱིས་ཇེ་ཉུང་དུ་ཕྱིན་འདུག་པས། གནས་དེའི་མང་ཚོགས་ཚོའི་ཡུལ་སྐོར་གྱི་ཡོང་འབབ་ཧ་ཅང་ཞན། ཁོ་ཚོའི་རེ་བ་དང་ཕུགས་འདུན་མཐའ་དག་སྐད་ཅིག་ཉིད་དུ་སྟོང་བར་གྱུར་སོང་། ད་ནི་རྫོང་དཔོན་གྱིས་སྤྲད་པའི་ས་ཞིང་གི་ཁ་གསབ་རོགས་དངུལ་དེ་དག་ཀྱང་བཀོལ་ནས་ཚར་ལ་ཁད། སྔོན་ཆད་མང་ཚོགས་ཚོའི་ངོ་གདོང་ངོས་ཀྱི་འཛུམ་མདངས་དེ་ཡང་དལ་བ་དལ་བུར་མཐོང་རྒྱུ་མེད་པར་ཀུན་གྱི་ངོ་གདོང་གི་ཁྱོན་ལ་ཡིད་ཐང་ཆད་པའི་ཉམས་སྣང་ཞིག་གིས་ཁེངས་ཤིང་། ཕམ་སེམས་དྲག་པོ་ཞིག་སྐྱེ་བཞིན་པའི་ཚོར་སྣང་སྦྱིན་འོང་།
     སྔོན་ཆད་ཀྱི་གྲོང་ཚོའི་རི་འདབས་ངོས་སུ་སྐྱེས་པའི་ནག་ཅིང་སྟུག་པའི་ནགས་ཚལ་དང་རྩི་ཤིང་ད་ལྟ་མིག་ཟུང་གི་མཐོང་ཡུལ་དུ་མེད་པས། ཐལ་རླུང་ངར་མོ་ལྡང་ཐེངས་རེར། སྡེ་བའི་ཁུགས་སོ་ཡོད་ཚད་ཐལ་རྡུལ་གྱིས་གང་བར་བྱེད།  ད་ནི་ཞིང་ཁ་མེད་པས་འབྲུ་རིགས་ཀྱང་ཚར་ལ་ཉེ་ཞིང་། བ་ཕྱུགས་ལ་གཟན་ཆས་སྦྱིན་བྱེད་ཀྱི་རྩྭ་ཡང་རྫོགས་ལ་ཉེ། ད་ནི་ཁོ་ཚོས་ཐབས་བཀོད་ཅི་ཞིག་འཐེན་ཏེ་མིག་མདུན་གྱི་དཀའ་ངལ་དེ་དག་ལས་རྣམ་པར་རྒྱལ་ལམ། སྡེ་དཔོན་གྱིས་མང་ཚོགས་ཚོའི་མིག་མདུན་གྱི་དཀའ་ངལ་དེ་དག་མིག་གིས་རིག་རྗེས། མྱུར་དུ་སྡེ་བའི་མང་ཚོགས་ཚོ་བོས་ནས་ཚོགས་འདུ་ཞིག་ཚོགས། ཚོགས་འདུའི་ནང་སྡེ་དཔོན་གྱིས“ངེད་ཚོར་ད་ལྟ་རང་ལ་དབང་བའི་ས་ཞིང་མེད་པས་སྔོན་ཆད་ལྟར་ཞིང་ཁར་བརྟེན་ནས་འཚོ་བ་འཁྱོལ་ཐབས་མེད། ང་ཚོ་འཚོ་བ་མུ་མཐུད་བསྐྱལ་དགོས་ན་ཡུལ་སྐོར་ལ་བརྟེན་དགོས་པ་ཨ་ཅང་བརྗོད་མེད་རེད། བྱས་ཙང་ཚང་མས་སྒོར་མོ་ཁྲི་གཉིས་རེ་གྲབ་གསོག་བྱས་ཏེ་དེ་བས་ཕུན་སུམ་ཚོགས་པའི་ཡུལ་སྐོར་གྱི་དྲན་རྟེན་དང་། བཟའ་ཆ་དང་འཐུང་བྱ་སོགས་ཉོས་ཏེ་ཡུལ་སྐོར་གྱི་ཅ་དངོས་མཁོ་འདོན་བྱ་དགོས་”ཞེས་བཤད། སྡེ་དཔོན་གྱི་སྐད་ཆར་ཉན་རྗེས། ཚང་མས་རང་གི་ལག་ཏུ་ཡོད་པའི་སྒོར་མོ་བཀོལ་ནས་ཡུལ་སྐོར་དང་འབྲེལ་བའི་ཅ་དངོས་མང་དག་ཅིག་ཉོས་ཏེ་ཡུལ་སྐོར་བ་ཕེབས་རྒྱུར་སྒུག་ནས་བསྡད། ཚང་མའི་སེམས་ལ་ད་ནི་ཡུལ་སྐོར་བ་མང་དག་ཅིག་གནས་དེར་ཡོང་ནས་ཁོ་ཚོའི་ལག་ཏུ་སྒོར་མོ་ལྗིད་ཏིག་ཏིག་ཐོབ་རྒྱུར་གདེང་ཚོད་ཀྱིས་གང་འདུག འོན་ཀྱང་། རེ་བ་ཇི་ཙམ་ཆེ་ན་ཕམ་སེམས་ཀྱང་དེ་ལྟ་བུ་ཞིག་འབྱུང་ངེས་པས། ཁོ་ཚོས་ཉིན་ལྔ་དྲུག་ཙམ་ཞིག་སྒུག་ནས་བསྡད་ཀྱང་གནས་དེར་ཡུལ་སྐོར་བའི་རླངས་འཁོར་གཏན་ནས་མཐོང་རྒྱུ་མ་བྱུང་བས། ཁོ་ཚོའི་སེམས་པ་དངངས་སྐྲག་གིས་ཡོངས་སུ་ཕྱུག  གལ་ཏེ་གནས་དེར་གློ་བུར་དུ་ཡུལ་སྐོར་བའི་རླངས་འཁོར་ཞིག་འབྱོར་ཚེ། གནས་དེའི་མང་ཚོགས་ཚོས་འཚང་ཁ་ཤིག་ཤིག་ངང་རླངས་འཁོར་དེའི་ཕྱོགས་སུ་རྒྱུགས་ངེས་ཡིན། ཡིན་ནའང་། ཟླ་བ་གཅིག་ཙམ་སོང་རུང་གནས་དེར་ཡུལ་སྐོར་བའི་རླངས་འཁོར་གཅིག་ཀྱང་ཐོན་མེད་པས། ཚང་མའི་སེམས་ལ་ཁོང་ཁྲོའི་མེ་ལྕེ་རབ་ཏུ་འབར་འོང་། ཁོ་ཚོ་དེ་ལྟར་ཡིད་ཐང་ཆད་པའི་སྐབས་གནས་དེར་ཡུལ་སྐོར་བའི་རླངས་འཁོར་གཅིག་འུར་སྒྲ་དང་བཅས་ནས་སླེབས་བྱུང་བས། ཁོ་ཚོའི་སེམས་ལ་སྤྲོ་བ་རབ་ཏུ་འཕེལ་ཏེ་རླངས་འཁོར་གྱི་ཕྱོགས་སུ་བརྒྱུགས་སོང་། འོན་ཀྱང་། ཡུལ་སྐོར་བ་ཚོས་ཐལ་རྡུལ་གྱིས་ཕྱུག་པའི་གནའ་གྲོང་གི་རྣམ་པ་དེ་མཐོང་བས། ཡིད་ཐང་ཆད་པའི་ཉམས་ཤིག་བསྟན་ཏེ་ཕྱིར་རང་རང་གི་ཕ་ཡུལ་དུ་འགྲོ་རྩིས་བྱས་པ་ན། གནའ་གྲོང་གི་སྡེ་དཔོན་གྱིས་ཁོ་ཚོའི་ལམ་བཀག་སྟེ་ཁོ་ཚོ་སྔོན་ཆད་ལྟར་གནས་དེར་ཡུལ་སྐོར་སྤྲོ་འཆམ་གནང་ནས་མི་ཞུགས་པར་མྱུར་དུ་ལོག་དགོས་དོན་གྱི་རྒྱུ་མཚན་དྲིས་པས། གཟུགས་པོ་རིང་ལ་སྣ་ཆེ་བའི་ཡུལ་སྐོར་བ་ཞིག་གིས་“ང་ཚོ་སྔོན་ཆད་གནའ་གྲོང་དུ་ཡོང་དོན་ནི་ས་ཆ་གཞན་པར་མཐོང་དཀོན་པའི་གནའ་གྲོང་གི་མཛེས་པ་སྟེ། གནའ་ཉམས་ཀྱིས་ཕྱུག་པའི་གནའ་གྲོང་གི་ཁང་བ་དང་། ནགས་ཅིང་སྟུག་པའི་གནའ་གྲོང་གི་གདོད་མའི་ནགས་ཚལ། ད་དུང་ཁྱེད་ཚོའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གནའ་བོའི་ཞབས་བྲོ། ལྷད་མེད་གཡའ་དག་པའི་མི་གཤིས་དང་། དམངས་སྲོལ། མདོར་ན་རི་མཐོ་ཞིང་ས་གཙང་ལ་ལོ་རྒྱུས་ཀྱིས་ཕྱུག་པའི་གནའ་གྲོང་གི་ཉམས་འགྱུར་ལོངས་སུ་སྤྱོད་པར་ཡོང་ཡང་། ད་ཆ་དེ་དག་མིག་ཟུང་གི་མཐོང་ཡུལ་དུ་མིན་འདུག”ཅེས་བཤད་དེ་རླངས་འཁོར་ནང་ཞུགས་ནས་འུར་སྒྲ་དང་བཅས་གནའ་གྲོང་ལས་གྱེས་སོང་། རེད་ཨང་། གནའ་གྲོང་ལ་ད་ལྟ་ཅི་ཞིག་ལྷག་ཡོད་དམ། ཡུལ་སྐོར་བ་དེས་བཤད་པའི་སྐད་ཆའི་ནང་དོན་ལ་ཉན་རྗེས། ཁོ་ཚོས་གློ་བུར་དུ་ཡོད་ཚད་རྟོགས་སོང་། སྔོན་ཆད་ཡིན་ན་གནའ་གྲོང་གི་ཞིང་ཐང་གི་ཁྱོན་དུ་ལྗང་ལྡེམ་ལྡེམ་གྱི་སྙེ་མའི་རྦ་རླབས་འཕྱོ་ཞིང་། ནགས་ཚལ་གྱི་ཀློང་ནས་བྱ་བྱེའུ་སྣ་ཚོགས་ཀྱི་གསུང་སྙན་སྒྲོག་པ། ད་དུང་བྱིན་རླབས་ཀྱིས་ཕྱུག་པའི་དགོན་སྡེ་དང་། ལྷ་ཁང་། མ་ཎི་ཁང་སོགས་ལོ་རྒྱུས་ཀྱིས་ཕྱུག་པའི་གནའ་ཤུལ་གྲགས་ཅན་དེ་དག་ད་ལྟ་མིག་ཟུང་གི་མཐོང་ཡུལ་དུ་མེད་པས། གནས་དེར་ཡུལ་སྐོར་བ་མི་འཁོར་དོན་ཡང་རྒྱུ་མཚན་མེད་པ་ག་ལ་ཡིན། ད་ལྟ་གནའ་གྲོང་ལ་མངའ་བ་སྡོད་མཁན་མེད་པའི་ཐོག་བརྩེགས་ཁང་ཆེན་འགའ་དང་།  འགྲུལ་བཞུད་བྱེད་མཁན་མེད་པའི་སྣུམ་ནག་གི་གཞུང་ལམ་དེ་དག་ལས་གཞན་ཅི་ཡོད། མང་ཚོགས་ཚོས་གནའ་གྲོང་གི་ད་ལྟའི་གནས་བབ་དེ་མཐོང་དུས། རང་དབང་མེད་པར་ཁུ་བྱུག་ཟེར་བའི་རྫོང་དཔོན་དེ་ཡིད་ལ་དྲན་འོང་ཞིང་། སྔོན་ཆད་མང་ཚོགས་ཚོའི་མིག་ནང་དུ་གསུང་སྙན་དང་གཏམ་བཟང་ཁོ་ན་སྒྲོག་མཁན་གྱི་བྱ་ཁུ་བྱུག་ལྟ་བུའི་རྫོང་དཔོན་དེ་དལ་བ་དལ་བུར་ཀུན་ལ་ཆག་སྒོ་དང་བར་ཆད་འཁྱེར་ཡོང་མཁན་གྱི་བྱ་ཁྭ་ཏར་གྱུར་སོང་།
     ཞིང་ཆེན་ཡོངས་སུ་སྐད་གྲགས་ཆོད་པའི་ཕྱུག་འགྱུར་སྣེ་འཁྲིད་ཀྱི་མིག་དཔེར་འཛིན་པའི་གནའ་གྲོང་དེ་ལྟར་དུས་ཚོད་ཀྱི་འགྱུར་བག་ཀློང་དུ་ཀུན་གྱིས་དབུགས་རིང་འཆོར་ཡུལ་གྱི་དབུལ་པོའི་སྡེ་བ་གནའ་གྲོང་དུ་གྱུར་སོང་།
     ཐལ་རླུང་ངར་མོ་སླར་ཡང་ལྡང་བྱུང་། རྒད་པོ་ཚེ་རིང་ཐར་གྱིས་བྱིས་པ་ཚོ་གཉིད་ལས་སད་དེ་མགོ་ལ་སྦར་མོ་བཀབ་ནས་བྲེལ་བྲེལ་འཚུབ་འཚུབ་ངང་རང་ཁྱིམ་གྱི་ཕྱོགས་སུ་བརྒྱུགས་སོང་། ཁྱིམ་དུ་སླེབས་རྗེས། རྒད་པོའི་མིག་ཟུང་གི་ཁྱོན་ལ་མཆི་ཞག་གིས་གང་འདུག  མཆི་ཞག་དེ་མིག་ལ་བྱེ་མ་འཛུལ་བས་ལན་པ་ཡིན་ནམ་ཡང་ན་སྙིང་ཁོང་ནས་བཞུར་བའི་མིག་ཆུ་ཞིག་ཡིན། གང་ལྟར་མིག་ཆུ་དེས་རྒད་པོའི་མིག་མདུན་གྱི་ཡོད་ཚད་རབ་རིབ་ཏུ་བཏང་སོང་། རབ་རིབ་ཏུ་བཏང་སོང་།


འབྲེལ་ཡོད་འོས་སྦྱོར།