logo

ཁྲག་གི་བརྩམས་སྒྲུང་ཐུང་གྲས《གྲོང་ཁྱེར་ནས་ཕྱིར་ལོག་པའི་མི》།

རྩོམ་པ་པོ།:ཁྲག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-06-15 ཀློག་གྲངས།:

གྲོང་ཁྱེར་ནས་ཕྱིར་ལོག་པའི་མི།
ཁྲག ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན།

     ཁ་བ་བར་མེད་དུ་འབབ་པའི་དགུན་གཞུང་འདིར་ཡུལ་གྲུ་ཐ་དག་འཇམ་ཅག་གེར་གནས་ཤིང་། རི་ར་བ་ཁང་ཁྱིམ་དག་གིས་དཀར་མདོག་གི་དགུན་ལྭ་གྱོན་ནས་སྨྲ་བ་མེད་པར་ལོ་གཅིག་གི་ཆེས་མཐའ་མའི་དུས་ཚིགས་འདིའི་ངོ་གདོང་སྲུང་ནས་ཁ་རོག་གེར་འདུག དུས་བཞིའི་དབྱེ་བ་མངོན་གསལ་དོད་པའི་མཐོ་སྒང་གི་གནས་འདིར་མཚོན་ན་འདི་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཅིག་ཡིན་པས། སྔ་མོ་སྔ་མོའི་དུས་ནས་བཟུང་ཡུལ་འདིའི་མི་རྣམས་དགུན་གྱི་ཁ་བར་གོམས་ཤིང་ལོབས་འདུག
     ཏག་ཏག་ཁ་བ་འབབ་པའི་དགུན་ཁའི་ཉིན་འདི་ནི་གྲོང་ཁྱེར་རུ་སློབ་ཆེན་འགྲིམས་བཞིན་པའི་ཟླ་བ་དོན་གྲུབ་ཀྱི་དགུན་གནང་གཏོང་བའི་ཉིན་ལ་ཁེལ་འདུག རང་གི་ཚེ་སྲོག་འཕོས་སའི་མཐོ་སྒང་གི་རི་བྲག་རྩྭ་ཐང་དང་བྲལ་ནས་ལོ་ངོ་འགའ་ལོན་པའི་འབྲོག་ཕྲུག་འདིས་ཕ་ཡུལ་དྲན་པའི་གདུང་ཡུས་ག་འདྲ་ལྕིའང་། རང་ཡུལ་གད་པ་ཡིན་རུང་སྐྱིད་ཅེས་ཟེར་བ་མ་ཡིན་ནམ། ལོ་རེ་རེར་སློབ་གྲྭས་ནམ་ཀུན་ལྟར་དགུན་གནང་གཏོང་གི་ཡོད་མོད། ཁོ་རང་བྱ་བའམ་གང་ཅིའི་རྒྱུ་རྐྱེན་གྱིས་ལོ་དེའི་དཔྱིད་ཀར་ཕ་ཡུལ་དང་གྱེས་པ་ནས་ལོ་ངོ་འགར་རང་ཡུལ་ལ་ལོག་མ་ཐུབ།
     ལྕི་བའི་མེ་ཕུང་གི་དྲོད་ཁོལ་དང་དགུན་ཁ་བའི་ཙག་རླུང་གི་འཐབ་རྩོད་ཁྲོད་མི་ཚེའི་ན་ཚོད་དུས་བཞིའི་བརྗེ་རེས་ཀྱི་ཁྲོད་ཟད་ནས་ཚར་འགྲོ་བའི་ཨ་ཁུ་མཐུ་སྟོབས་ཡང་སྔོན་དང་མི་འདྲ་བར་ངོ་གདོང་གི་གཉེར་རིས་ཇེ་ཟབ་དང་ནམ་ཞར་སྨྲ་བར་གོམས་པའི་ཀུ་རེའི་མཚར་གཏམ་ཡང་ཇེ་ཉུང་རེད། འདི་ནི་སྐྱེ་བ་ནས་རྒ་བའི་གོ་རིམ་ལ་འཐམས་པའི་རྟགས་ཤིག་མ་ཡིན་ནམ། ཨ་ཁུ་མཐུ་སྟོབས་ཕོ་ལོ་བཅོ་ལྔ་བྲོ་མ་ལ་མི་སློང་བའི་དུས་སྟག་ཤར་ཞིག་གི་དཔའ་ཉམས་ཡོངས་སུ་སྨིན་པའི་སྐབས་དེ་ནས་ད་རག་བར་དུ་ཟོག་ལུག་གི་རྨིག་རྗེས་ནས་རང་གི་རྨི་ལམ་བཙལ་བ་རེད། ཁོའི་བསམ་པར་མི་ཚེའི་ལང་ཚོ་འདི་ལྟར་ཟད་ན་དོན་སྙིང་མེད་པར་འདོད་ཏེ་རང་གི་བུ་གཅིག་པོ་སློབ་གྲྭར་མངགས་པའི་ཉིན་དེ་ནས་བཟུང་དཀའ་ངལ་ཅི་དང་གང་ལ་འཕྲད་ཀྱང་བུ་སློབ་གྲྭ་ནས་ཕྱིར་ལེན་པའི་བློ་ནི་སྐྱེས་མ་མྱོང་། དེའི་ཕྱིར་འབྲོག་སྡེ་འདིར་སློབ་ཆེན་འགྲིམས་བཞིན་པ་ནི་ཟླ་བ་དོན་གྲུབ་གཅིག་པོ་ཡིན་ལ། ཕྱིའི་འཇིག་རྟེན་ཉུལ་བའི་མི་ཡང་ཁོ་གཅིག་པུའོ། །
     གྲོང་ཁྱེར་གྱི་ཟང་ཟིང་གིས་བསླངས་བའི་སེམས་ངལ་དང་ཕ་ཡུལ་གྱི་ལྷིང་འཇགས་ཕྱོགས་སུ་འཐམས་པའི་ཟླ་བ་དོན་གྲུབ་གཞུང་ལམG213སྟེང་དུ་བང་རྩལ་ངོམས་བཞིན་པའི་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་ཏུ་ཉིན་ཞག་གཉིས་གསུམ་ཙམ་རིང་བསྡད་པས་ངལ་དུབ་ཀྱི་དབང་གིས་ཁོ་རང་གཉིད་དུ་ཡུར་འདུག དུས་ཚོད་འགའི་གཉིད་ལ་ཡུར་རྗེས་ཕ་ཡུལ་གྱི་ཕྱོགས་སུའང་སླེབས་འདུག་པས་དངངས་འཚབ་ཀྱི་འདུ་ཤེས་ཤིག་གིས་ཁོས་རླངས་འཁོར་གྱི་དྲ་ཡོལ་ཕྱེས་ཤིང་མིག་ཟུང་ཆ་གཅིག་ཕྱིའི་ཡུལ་ལྗོངས་ཀྱི་བསླུ་བྲིད་ལས་བཟློག་མ་ཐུབ་པར་ཡུན་རིང་ལ་ཧད་ནས་ལུས། གློ་བུར་དུ་ངག་ནས(ངོ་མ་འགྱུར་སོང་། ངའི་ཕ་ཡུལ་གཞི་ནས་འགྱུར་སོང)རང་དབང་མེད་པར་དེ་སྐད་ཤོར། ལྗང་མདོག་གི་འཇིག་རྟེན་གསར་བ་དེ་འཕྲུལ་ཆས་ཀྱི་མཆེ་བས་གཙབས་ནས་ཐེད་རལ་དུ་གྱུར་འདུག མིག་རྒྱང་གང་བོར་སྔོ་ལྫང་གི་མདོག་ལྡན་ལྭ་བ་ནི་གོས་ཧྲུལ་ལ་ལྷན་པས་གཡོགས་པ་ནང་བཞིན་མཚམས་མཚམས་སུ་རྩ་རྐང་ཉག་ཚོམ་རེ་མཐོང་དུ་ཡོད་པ་ལས་སྐྱ་ཐང་ཐིང་གི་འཇིག་རྟེན་ཤི་བོ་ཞིག་ཏུ་གྱུར་འདུག རེ་ཆད་དང་འུ་ཐུག་གི་སེམས་ཁམས་དེ་དེ་མ་ཐག་ཏུ་ཁོང་གི་ངོ་གདོང་ལས་མངོན་བྱུང་། ཧ་ཅང་ཐང་ཆད་པའི་ཞེ་སེམས་དེ་དང་མཉམ་དུ་ཁོང་གི་དབུགས་ཀྱི་རྒྱུ་བ་ཡང་ཇེ་རིང་དུ་གྱུར། ཡུལ་ལྗོངས་འདི་དང་ཟླ་བ་དོན་གྲུབ་ཀྱི་ཉམས་ཚུགས་ནི་རི་མོ་བ་གང་དེས་བྲིས་སམ་སྙམ་པའི་ཐེ་ཚོམ་རེ་ཚམ་ཆོམ་མེད་པར་ཞེ་ལ་འཁོར་ཡོང་། སྐྱ་ཐང་གི་བྱེ་ཟེགས་ཁ་བ་སྲབ་མོས་མནན་ནས་མཚམས་མཚམས་སུ་རྩ་རྐང་ཉག་ཚོམ་རེ་མཐོང་དུ་འདུག
     རླངས་འཁོར་འབབ་ཚུགས་སུ་ཐོན་མ་ཐག་ཟླ་བ་དོན་གྲུབ་ལ་སྔོན་ཆད་ནང་བཞིན་གྱི་ཕ་ཡུལ་སླེབས་པའི་དགའ་སྣང་དེ་དང་ཧ་ཅང་ལྷོད་གཡེང་གི་སེམས་ཁམས་དེ་དག་མེད་པར། དེ་ལས་ལྡོག་སྟེ་སེམས་ཚོར་ལྕི་མོ་ཞིག་གིས་མནན་འདུག ཁོས་འབབ་ཚུགས་དེ་རུ་རླངས་འཁོར་ཞིག་གླས་ནས་ངལ་ཐུན་ཙམ་ཡང་མ་གསོས་པར་རང་སྐྱེ་སའི་རུ་སྡེ་དེའི་ཕྱོགས་སུ་ཆས། ལམ་བར་དུ་སེམས་ཁམས་ལ་རྙོག་འཛིང་རབ་དུ་ཆེ་བས་མགོ་བོ་ནང་དུ་གུག་ནས་འདུག་པ་ལས་སྔོན་ཆད་ཀྱི་གོམས་གཤིས་ལྟར་ཕྱིའི་ཡུལ་ལྗོངས་ཀྱི་མཛེས་པར་གཡེང་བའི་བག་ལྷོད་ཀྱི་གོམས་གཤིས་དེ་ཡོངས་སུ་བོར་འདུག རུ་འདབས་སུ་ཁོ་རང་རླངས་འཁོར་ལས་བབས་མ་ཐག་ཁོ་ལ་སྔོན་ཆད་ནང་བཞིན་གྱི་སེམས་ཁམས་དེ་ད་སོ་མར་སླེབས་བྱུང་། དགའ་བ་ལ། སྐྱིད་པ་ལ། སྟོང་གི་ནང་ནས་བརྒྱ། བརྒྱའི་ནང་ནས་བརྒྱད་དེ་ང་སྐྱེ་སའི་རུ་སྡེ་ནི་ཐག་ཉེ་རིང་གི་སྡེ་ཚོ་དེ་དག་དང་མི་འདྲ་བར་སྔར་བཞིན་སྔོན་གྱི་ཁ་མལ་དེ་ན་བསྡད་འདུག ང་དགའ་སའི་དྭངས་གཙང་གི་ཁ་མལ་དེ་ནས་འགུལ་ཡང་མ་འགུལ་བར་ངའི་ལོག་ཕེབས་ལ་སྒུག་ནས་བསྡད་འདུག (མ་རེད། ངའི་ཕ་ཡུལ་འགྱུར་མི་འདུག) ཁོའི་ངག་ལས་ཡང་བསྐྱར་དེ་སྐད་ཤོར་བྱུང་། ནོར་ལུག་གི་འབའ་སྒྲས་རི་ལུང་འགེངས་ཤིང་། རྟ་ཕོའི་རྨིག་སྒྲས་གནམ་ས་སྒུལ། སྒོ་ཁྱིའི་ཟུག་སྐད་ཀྱིས་ནངས་སྔ་མོའི་སྐྱ་རེངས་ཀྱི་མིག་ལྕིབས་ཕྱེ་བའི་ངའི་ཕ་ཡུལ་གྱི་ཡོད་ཚད་སྔར་བཞིན་དྭངས་གཙང་རེད་འདུག
     རླུང་བུའི་གཡུགས་འཚུབ་རྒོད་པའི་དགུན་ཟླ་འདིར་ཐག་ཉེ་རིང་གི་བྱེ་ཟེགས་རླུང་གིས་ཁྱེར་ཏེ་ཟླ་བ་དོན་གྲུབ་ཀྱི་ཕ་ཡུལ་གྱི་ནམ་མཁའ་ཡང་གྲོང་ཁྱེར་ནང་བཞིན་རྡུལ་འཚུབ་ཀྱིས་བཙན་འཛུལ་གཏོང་བཞིན་འདུག རྗེས་སུ་ཟླ་བ་དོན་གྲུབ་ཀྱིས་རང་གི་ཨ་ཕའི་ངག་ནས་གོ་ཐོས་ལྟར་ན་ཏག་ཏག་ལོ་ངོ་གཅིག་གི་ཡར་སྔོན་གྱི་དབྱར་ཁའི་ཉིན་ཞིག་ལ་ཁོ་ཚོའི་ཐག་ཉེ་རིང་གི་རུ་སྡེ་ཡོད་ཚད་ལ་ཁྱིམ་རེ་བྱས་ནས་སྒོར་ཁྲི་ལྔ་རེ་སྔོན་ལ་སྟེར་བ་དང་རྗེས་སོར་ཚོང་བ་དེས་བྱེ་ཟེགས་མོད་པའི་ས་ཡོད་ཚད་ལ་ས་རྟགས་རེ་རྒྱབ་རྗེས་ས་མིག་འདི་དག་བཙོངས་གྱུར་ན་ལོ་རེར་ཁྱིམ་ཚང་རེ་ལ་སྒོར་ཁྲི་ལྔ་སྟེར་ངེས་ཡིན་པའི་ཚིག་མཇུག་མམནའ་ཡིས་མནན་པས་དང་ཐོག་སྡེ་བ་སོ་སོར་རྩོད་གླེང་མང་དུ་བུད་མྱོང་། ཡིན་ཀྱང་མཐའ་མཇུག་སྒོར་མོའི་ཆེད་དུ་ས་བཙོངས་ནས་བྱེ་ཟེགས་བརྐོ་བའི་འཕྲུལ་ཆས་མང་བོས་རང་ས་མ་མོའི་བྲང་མགོར་ལྗང་མདོག་གི་འོད་ཁ་བཀྲ་བའི་དུས་ནས་བརྩམས་དགུན་ཙག་གི་འཇིགས་པ་ཐོན་རག་བར་དུ་ཉིན་མཚན་དབྱེར་མེད་དུ་བརྐོ་བར་བྱེད། ད་ལོའི་དཔྱིད་ཀ་ནས་བཟུང་ཁོ་ཚོས་ཟོག་ལུག་དང་སྒོ་ཁྱི་མཐའ་དག་སྒོར་ལ་བརྗེ་ནས་གྲོང་ཁྱེར་དུ་ལོགས་པའི་མགོ་བརྩམས། ད་ནི་ལུང་ཁུག་རེ་ན་སྦྲ་རྒན་དུ་བ་ཅན་དང་སླ་ང་དྲེགས་པ་ཅན་རེ་གཉིས་ལས་མིག་གི་མཐོོང་སྣང་དུ་རེག་རྒྱུ་མེད། གཏམ་རྒྱུད་འདིར་ཉན་རྗེས་ཟླ་བ་དོན་གྲུབ་ཀྱི་སེམས་ཁམས་ནི་སྨུག་སྤྲིན་གྱིས་རི་སྐེད་དཀྲིས་པ་ནང་བཞིན་དྲན་པ་རབ་རིབ་དང་མག་མོག་ཏུ་གྱུར་ཅིང་རང་ཉིད་རུ་སྐོར་མདུན་ཐད་ཀྱི་མགོ་དགུའི་རི་སྒང་མཐོངས་སུ་ཅི་ལྟར་ཅི་ཞིག་གི་ཆེད་འགོས་པ་གློ་བུར་བུའི་སྣང་ངོར་དྲན་ཏུ་མ་བྱུང་མོད། ནུབ་ཕྱོགས་ནས་ལྡོམ་ཡོང་བའི་འཁྱགས་རླུང་དེས་ད་གཟོད་ཁོ་རང་རི་སྒང་མཐོན་པོ་དེའི་མཐོངས་སུ་སྐྱོ་བསང་ལ་ཡོང་བ་དྲན་ཏུ་བཅུག་པ་དང་ད་དུང་ལམ་བར་ནས་ཨ་ཁུ་དོན་ལྡན་གྱིས་ཁོ་ལ་འཚམས་འདྲི་ཞུས་པ་ཡང་ཡིད་ལ་འཁོར། ཁོས་རྔན་པ་ཞིག་འཐེན་ཞོར(ངའི་ངོ་མདངས་ངན་པ་ལ་ཅི་ཁག ལོ་མང་མ་མཐོང་བའི་ངའི་དྲན་སྣང་གི་ཕ་ཡུལ་འགྱུར་སོང་་་་འགྱུར་བཞིན་འདུག)ཉིན་འདིར་ཁོ་རང་ཡུལ་བྱེས་པ་ཞིག་གི་རང་མདངས་ནང་བཞིན་རང་ལུས་ཕ་ཡུལ་དུ་ཡོད་ཀྱང་རང་སེམས་ད་དུང་ཡང་ལེ་དབར་ཁྲི་སྟོང་གིས་ཆོད་པའི་གྲོང་ཁྱེར་དེ་རུ་ལུས་འདུག་པའི་ལྟར་སྣང་གིས་ཧ་ཅང་སྐྱོ་བོ་དང་མག་མོག་ཏུ་འདུག་པས་ཕ་ཡུལ་དྲན་ཐེངས་རེ་རེར་ཉན་རྒྱུར་ལོབས་པའི་དམངས་གླུ་གང་དེ་དེ་རིང་ཕ་ཡུལ་གྱི་པང་ནས་ཉན་དགོས་པར་གྱུར།
     ད་ནངས་སྔ་མོའི་དུས་ནས་བཟུང་རུ་འདབས་སུ་རླངས་འཁོར་ཆེ་ཆུང་རིགས་མང་བོ་ཞིག་སླེབས་འདུག སྡེ་དཔོན་དང་རུ་བའི་ཁ་འགོ་བ་དག་གིས་ཁོ་ཚོར་སྣེ་ལེན་གྱིས་རུ་བའི་གཞུང་གི་སོ་ཕག་ཁང་བ་དེའི་ནང་དུ་ཁྲིད་ནས་ཆུ་ཚོད་འགའ་འགོར་སོང་། ཡུད་ཙམ་གྱི་རྗེས་སྡེ་དཔོན་གྱིས་རུ་ཡོངས་ལ་མྱུར་དུ་འཚོགས་འདུ་འཚོགས་དགོས་པའི་སྐད་འབོད་ཤུགས་ཆེར་བརྒྱབ་པ་དང་འཚོགས་འདུར་མ་ཡོང་ན་ཆད་པ་ཡང་ཡོད་ཅེས་སྐད་འབོད་ཐེངས་འགར་བརྒྱབ་པས། དེ་མུར་རུ་ཡོངས་ཀྱི་མི་དག་གཅིག་རྗེས་གཉིས་མཐུད་ཀྱིས་སོ་ཕག་ཁང་བའི་ཕྱོགས་སུ་འཛོམས་ཤིང་། ཅི་ཡིན་ཆ་མ་འཚལ་བའི་དོགས་ཉམས་ཤིག་གིས་གཅིག་གིས་གཅིག་གི་གདོང་ལ་བལྟ་བ་དང་། དུས་རྒྱུན་རྐུན་ལས་ཙག་ཙིག་རེ་བྱེད་མཁན་དག་གིས་ཉེན་རྟོག་པ་ཨེ་ཡིན་སྙམ་བཞིན་སྐྲག་སྣང་ཡང་སྐྱེས་བཞིན་འདུག མི་མང་འདུས་པ་དང་འ་འུར་ཟང་ཟིང་གི་སྐད་སྒྲ་ནི་ཤིང་སྐམ་ལ་མེ་མཆེད་པ་ནང་ལྟར་ཇེ་མཐོ་ནས་ཇེ་མཐོར་ཕྱིན་ཞིང་། སྡེ་དཔོན་དང་རུ་བའི་ཁ་འགོ་བ་དག་གྲགས་འགུལ་ཅི་ཡང་མེད་པར་འདང་རྒྱག་ཅིག་ཏུ་ལུས་འདུག གློ་བུར་དུ་དཔོན་པོའི་སྟེགས་བུའི་སྟེང་གི་མི་ཆ་མེད་དེ་བོད་སྐད་ད་མ་དིག་གིས་བཤད་རྒྱུར(མགོ་དགུའི་རི་རྒྱུད་གང་བོར་གསེར་དང་དངུལ་གྱི་གཏེར་ཁ་ཡོད་པས་ཟླ་གཉིས་ཀྱི་རྗེས་ང་ཚོ་གཏེར་བརྐོ་རུ་ཁག་གནས་འདི་རུ་གཏེར་ཁ་བརྐོ་རུ་ཡོང་རྒྱུ་ཡིན། གཏེར་བརྐོ་གན་རྒྱར་སྡེ་དཔོན་དང་རུ་བའི་ཁ་འགོ་བ་ཡོད་ཚད་གྲོས་མཐུན་བྱུང་ཡོད་རྐྱེན། མགོ་དགུའི་ལུང་ཁུག་གི་རུ་བ་རྣམས་ཟླ་གཉིས་ཀྱི་དུས་ཡུན་ནང་དུ་རུ་གནས་གཞན་ལ་སྤོར་རོགས)ཟེར། ཡོད་ཚད་འཇམ་ཅག་དང་ཡ་མཚན་པའི་སྣང་བས་བཟི་བའི་གླགས་དེར་བསྟུན་ནས་སྡེ་དཔོན་གྱིས(གལ་ཏེ་ཟླ་བ་གཉིས་ཀྱི་དུས་ཡུན་ནང་རུ་མི་སྤོར་མཁན་བྱུང་ཚེ་རུ་སྤོར་བའི་བར་དུ་ཉིན་རེར་ཆད་པ་སྒོར༡༠༠འདི་སྡེ་འགྲིག་ཡིན)ཟེར། འཚོགས་འདུ་འདི་སྔོན་ཆད་ཀྱི་འཚོགས་འདུ་དག་དང་མི་འདྲ་བར་ཅུང་བཙན་ཤེད་དང་སྒེར་གཅོད་ཀྱི་དབང་ཆེ་བར་འདུག འཚོགས་འདུའི་ནང་དོན་དེ་ལྟར་གཏན་ཁེལ་བྱས་ཡོད་པས་སྡེ་མི་ཚོས་ཕན་ཚུན་ལ་ལྡབ་ལྡིབ་རེ་ལབ་པ་ལས་སྡེ་དཔོན་གྱི་གདོང་ཐད་དུ་འབུད་མ་ཐུབ་པར་སོ་སོས་རང་ཁྱིམ་གྱི་སྦྲ་སྒོ་འཐེན་ནས་ཕྱིན་སོང་། མགོ་དགུའི་རི་རྒྱུད་ཟེར་བ་ནི་ཟླ་བ་དོན་གྲུབ་ཚང་གི་མདུན་ཐད་དུ་ཡོད་པའི་རི་རྒྱུད་དེ་རེད། རི་རྒྱུད་དེར་གཅིག་པ་གཅིག་རྐྱང་གི་རི་རྩེ་དགུ་ཡོད་པས་ཡུལ་མི་ཚོས་སྔ་མོའི་དུས་ནས་བཟུང་མགོ་དགུ་ཟེར་ལ་ད་དུང་ཡང་དེ་ལྟར་འབོད། རྒན་རབས་པ་ཚོས་བཤད་ན་རི་རྩེ་སོ་སོ་ནི་རུ་སྐོར་སོ་སོའི་གཞི་བདག་དང་སྲུང་མ་ཡིན་ཟེར། གཏེར་ཁ་ཡོད་རབས་ཤིག་སྔོན་ནས་བཤད་ལ་གཏེར་བརྐོ་རུ་ཁག་ཅིག་ཀྱང་ཐོན་མྱོང་། དེས་སྡེ་བའི་དཔོན་པོ་དང་ཁ་འགོ་བ་དག་ལ་ལྐོག་རྔན་མ་བྱིན་པས་ཉིན་དེར་ཐད་ཀར་ཕྱིར་ལོགས་དགོས་སོང་།
     ཟླ་བ་གཉིས་ནི་རྒྱུག་ཆུ་བཞུར་བཞུར་གྱིས་མགྱོགས་པོར་བཞུར་ཚར་སོང་། ཟླ་བ་གཉིས་འགོར་རྗེས་ཀྱི་དེ་རིང་དཔྱིད་དཔལ་སྒེག་མོས་ས་གཞིར་གསོན་ཤུགས་གནང་བས་དགུན་གྱི་དཔའ་ལ་རྒོལ་མ་ཐུབ་པར་ལྷོ་ཕྱོགས་སུ་བཞུད་པའི་བྱ་བྱེའུ་དག་ཡང་བསྐྱར་ནམ་མཁའི་དབྱིངས་སུ་ལྡིང་སྐོར་རྒྱག་བཞིན་ཡོད་ལ། རླུང་བུས་ཁྱེར་སོང་བའི་མེ་ཏོག་གི་དྲི་ངད་ཡང་སྲོག་ལྡན་ཀུན་གྱི་སྣ་ལམ་དུ་འཚངས་བཞིན་མཆིས། དུས་བཞིའི་འཁོར་སྐྱོད་ཀྱི་ཀློང་མཐོ་སྒང་གི་འབྲོག་རྐྱང་དག་ལ་མཚོན་ན་འདི་ནི་ཆེས་རྒྱུན་ལྡན་ཡིན་པས་རྩྭང་གི་པང་ནས་གན་རྐྱལ་དུ་ཉལ་ཏེ་ནམ་མཁའི་མཐོངས་སུ་ཅེར་ནས་སྡོད་མཁན་དེ་གྲོང་ཁྱེར་ནས་ཕྱིར་མཐོ་སྒང་དུ་ལོགས་པའི་ཟླ་བ་དོན་གྲུབ་གཅིག་པུ་རེད། མཐོ་སྒང་གི་འཛིན་མའི་པང་བར་མེ་ཏོག་ཁྲ་ཆིལ་གྱི་ཕྲས་བརྒྱན་པ་དང་བྱ་བྱེའུ་ཁྲི་སྟོང་གིས་གར་འཁྲབ་པའི་མཛེས་སྡུག་སྟོང་ལྡན་གྱི་དུས་འདིར་ཟླ་བ་དོན་གྲུབ་ཀྱི་ཕ་ཡུལ་ལའང་འཕྲུལ་ཆས་ཀྱི་བཙན་འཛུལ་སླེབས་རྒྱུ་ཡིན་པས། སློབ་གྲྭར་ལོགས་པའི་ཉིན་དང་ཐག་ཇེ་ཉེ་ཡིས་ཟླ་བ་དོན་གྲུབ་ཀྱི་སེམས་ཚེགས་ཡང་ཇེ་ལྕི་རེད་འདུག དོན་དུ་སེམས་ཚེགས་དེ་ནི་བྱིས་པ་བསམ་མེད་ཚོ་སློབ་གྲྭར་ལོགས་ཁར་གྱི་སེམས་ཚེགས་དང་གཏན་ནས་མི་འདྲ་བར་དེ་རིང་གི་ཕ་ཡུལ་ལོ་འགའི་རྗེས་སུ་ཕྱིར་རང་ཁྱིམ་དུ་ལོགས་ཡོང་དུས་ག་འདྲ་ཞིག་ཡིན་པ་དེའོ། །
     ནངས་སྔ་མོའི་ཞོགས་པའི་ཉི་ཟེར་གྱི་འོག་ཏུ་དགྲ་ལྷའི་ལྷ་བསང་གི་དཔའ་གདེངས་དང་ལྷན་འགྲུལ་སྐྱེལ་རླངས་འཁོར་དེས་ཟླ་བ་དོན་གྲུབ་ཕ་ཡུལ་དང་བར་ཐག་རིང་ནས་རིང་དུ་ཁྱེར་བའི་ལམ་བར་ནས་ངལ་དུབ་ཀྱི་དབང་གིས་གཉིད་དུ་ཡུར་ཅིང་། གཉིད་ཡུར་དེ་ནི་ནམ་རྒྱུན་དང་མི་འདྲ་བར་ཁོང་གིས་ཡ་མཚན་པ་དང་འཇིགས་ཡེར་བའི་རྨི་ལམ་འགའ་རྨིས་སོང་། རྨི་ལམ་དུ(ཕ་ཡུལ་ནི་སྔར་ལྟར་གཙང་ལ་ཡིད་དུ་འོངས་པ། ནམ་མཁའ་གཡའ་དག་ཅིང་ས་གཞི་རྡུལ་དག་པ། སྦྲ་རྒན་དུ་བ་ཅན་དང་ནོར་ལུག་དག་མཁའ་ནས་ཐང་དུ་བཀྲམ་པའི་སྐར་ཚོགས་བཞིན་ཐང་ཡངས་མོའི་ངོས་སུ་བཀྲ་ལམ་མེར་འདུག སྒོ་ཁྱིའི་ཟུག་སྐད་རླུང་གིས་ཁུར་ནས་ཐག་རིང་གི་སྤྱང་ཚོགས་དག་བག་ཞ་བར་བྱེད། མཐའ་ཡས་བའི་རྩྭ་ཐང་ནི་གོས་གསར་གདན་དུ་ཐིངས་པ་ནང་བཞིན་ལུས་ལ་འཇམ་ཅིང་མིག་ལ་མཛེས། གློ་བུར་བའི་ནང་མཛེས་སྡུག་གི་ཕ་ཡུལ་དུ་མཁའ་ནས་སྤྲིན་ནག་འཁྲུགས་ཞིང་དྲག་ཆར་བབས་པས་རྔམ་བརྗིད་ལྡན་པའི་རི་བོ་དག་དལ་གྱིས་དལ་གྱིས་ཉིལ། རི་བོ་ཉིལ་བའི་བར་གླགས་དེར་ཡུལ་མི་ཚོས་ཐང་ཡངས་མོའི་ཁུད་དེ་ནས་ནོར་ལུག་དག་ཟོང་སྐྱེལ་རླངས་འཁོར་ཅིག་ཏུ་བསྡུས་ནས་གྲོང་ཁྱེར་གྱི་ཕྱོགས་སུ་ཆར་ཞོད་དུ་བྲོས་ཤིང་སྦྲ་རྒན་དག་རླུང་གིས་གཟེད་ནས་ཐེད་རལ་དུ་གྱུར་བའི་ཤུལ་དུ་རང་གཅིག་པོས་རང་ཁྱིམ་གྱི་ཕྱོགས་སུ་ལོགས་པའི་རྐང་ལམ་དེ་བཙལ་བཞིན་འདུག)

2016ལོའི་ཟླ4དའི་ཚེས16ཉིན།


འབྲེལ་ཡོད་འོས་སྦྱོར།