logo

གླིང་བུ་ཚེ་རིང་དོན་འགྲུབ་ཀྱི་ལྷུག་རྩོམ་ཁག་གཉིས།

རྩོམ་པ་པོ།:གླིང་བུ་ཚེ་རིང་དོན་འགྲུབ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-05-13 ཀློག་གྲངས།:

ཡབ་ཆེན་གྱི་བཀའ་དྲིན་དྲན་པ།
གླིང་བུ་ཚེ་རིང་དོན་འགྲུབ།

      མི་ཡ་རབས་ཚུལ་དང་ལྡན་པ་ཞིག་ཡིན་ན་བཀའ་དྲིན་རྗེས་སུ་དྲན་ཤེས་པ་ཡིན། ནར་སོན་པའི་གོ་རིམ་ཁྲོད་དུ་ཕ་མའི་སློབ་གསོ་བཟང་བོར་བརྟེན་ནས་རང་ལ་ཡང་རིམ་བཞིན་གཤིས་ཀ་ཚུལ་དང་ལྡན་པ་ཞིག་འབྱོར་ཞིང་། མི་ཚེའི་གོ་རིམ་ནང་ཆེས་བཀའ་དྲིན་ཆེ་བ་ནི་རང་གི་དྲིན་ཆེན་ཕ་མ་གཉིས་ཡིན་འདུག  རང་གི་གཤིས་ཀ་དེ་ཡང་ཕ་མ་གཉིས་ལས་ཐུན་མོང་དུ་གྲུབ་པ་ཞིག་ཡིན་ལ། བརྟན་ཆགས་སུ་གྱུར་བའི་རང་བཞིན་དང་སེམས་ཁམས་སོགས་ནི་གཤིས་ཀ་འདི་ལ་འབྲེལ་བ་ངེས་ཅན་བྱུང་འདུག  
      བདག་གི་ཨ་ཕ་ནི་གཟུགས་རིང་ཞིང་ངོ་གདོང་ཅུང་དཀར་ལ། གཙང་སྦྲར་དགའ་ཞིང་ལས་ལ་བརྩོན་པ། ཕུགས་འདུན་ཆེ་ཞིང་སྙིང་སྟོབས་དང་དཔའ་ངར་ལྡན་པའི་མི་ཞིག་ཡིན། གླུ་དང་སྒྲུང་ལ་ཤིན་ཏུ་སྤྲོ་བ་ཆེ་ཞིང་གཏམ་བཤད་ན་ཁ་བདེ་ལྕེ་བདེ་ཞིག་ཀྱང་ཡིན། རྒྱུན་པར་ང་ཚོ་བུ་དང་བུ་མོ་རྣམས་ལ་གནའ་མི་ཚོའི་གཏམ་རྒྱུད་དང་ཨ་མྱེ་གེ་སར་གྱི་སྒྲུང་བཤད་བཞིན་ཆུང་དུས་ཀྱི་འཚོ་བ་ནི་བྱམས་བརྩེའི་དྲོད་སྣང་གི་འོག་ནས་ནར་སོན་པ་ཡིན།
      དེ་དུས་ང་རང་འཇིག་རྟེན་མི་ཡུལ་འདིར་ཐོན་མེད། ཕྱིས་སུ་ཨ་ཕའི་ངག་ལས་ཐོས་པ་ནི་བར་དེར་ཏག་ཏག་ཐོན་སྐྱེད་རུ་ཁག་གི་སྐབས་ལ་འཁེལ་འདུག  སྐབས་དེར་ཨ་ཕ་སྡེ་བའི་ལུག་རྫི་བྱས་མྱོང་ལ། སྡེ་བའི་རང་འཐག་འཐག་མཁན་ཡང་བྱས་ཏེ། རང་གི་བརྩོན་པ་ལས་ཡོང་སྒོ་རེ་བཙལ་ནས་བཟའ་ཚང་དང་བུ་ཕྲུག་རྣམས་ལ་འཚོ་བ་ངན་ངོན་ཞིག་རོལ་དུ་མ་བཅུག་པ་རེད། སློབ་ཆུང་གི་སྐབས་སུ་ཨ་ཕས་རེབ་གོང་གླིང་རྒྱའི་སྡེ་བ་བདུན་ལ་གློག་བརྙན་སྟོན་པའི་བྱ་བ་དེ་འགན་ལེན་བྱས་པས་ཡོང་སྒོ་ཡང་མི་ཉུང་བ་ཞིག་འབྱོར་ཞིང་། ང་ལ་སྐབས་དེའི་ལོ་རབས་བརྒྱད་ཅུ་བའི་གློག་བརྙན་མང་བོར་བལྟ་རྒྱུའི་གོ་སྐབས་བྱུང་། ཕྱིས་སུ་བརྙན་འཕྲིན་དར་ཁྱབ་བྱུང་ནས་ཚོང་ར་མེད་པ་ཤེས་དུས་ཨ་ཕས་བློ་སེམས་བརྟན་པོས་གློག་བརྙན་འཕྲུལ་ཆས་གཞན་ལ་བཙོང་བ་དང་ལས་ཀ་གཞན་པ་གཉེར་བས་ཁོ་ཡང་མིག་རྒྱང་རིང་བའི་མི་ཞིག་ཏུ་བརྩིས་ཆོག་པ་རེད།
      བདག་གི་དྲན་ཤོས་ཐོག་མ་ནི། ཨ་ཅེ་ཆེ་བ་གནས་ལ་འགྲོ་དུས་ཨ་ཕས་ང་དང་ཕུ་བོ་ཆུང་བར་བསིལ་ཚར་གྱི་ལྭ་བ་དྲོན་པོ་གོན་ན་སྟབས་བདེ་ལ་ཕྱི་ཚུལ་ཡག་པ་གཉིས་བཟོས་པ་དེ་ཡིན་ཞིང་། དེ་དུས་ང་རང་སློབ་ཆུང་དུ་ཞུགས་མེད། ཡུན་རིང་མ་འགོར་བར་ང་ཡང་གླིང་རྒྱ་སློབ་ཆུང་དུ་འགྲོ་རན་པ་ན་ཨ་ཕས་བདག་ལ་དཔེ་ཁུག་ཆུང་ཆུང་ཞིག་བཟོས་པ་དང་བྱིས་དུས་ཀྱི་མཚར་སྣང་དང་རེ་སྒུག་གི་ཁྲོད་ནས་མ་ཡུམ་སློབ་གྲྭའི་གླིང་དུ་གོམ་པ་དང་བོ་སྤོས། མི་ལོ་སུམ་ཅུ་འགོར་བའི་དུས་དེ་རིང་ཡང་ཨ་ཕས་ང་ལ་གནང་བའི་ལེགས་སྐྱེས་འདི་གཉིས་ནི་ནམ་ཡང་བརྗེད་པ་མེད་པར་ངའི་སེམས་ཀྱི་གཏིང་རིམ་ལ་ཉར་ཡོད།
      1981ལོའི་དགུན་ཁར་ང་རང་སྐྱེས་ཤིང་ང་ནི་བུ་ཕྲུག་དྲུག་པོ་ནང་གི་ཆེས་ཆུང་བ་ཡིན། དེ་དུས་ཀྱི་མི་དམངས་མང་ཚོགས་ཀྱི་འཚོ་བ་སྤྱི་ནས་དེ་འདྲ་བཟང་རྒྱུ་མེད་ལ། ལས་བྱེད་པ་ཞིག་ཡིན་ན་ཡང་ལྷམ་པ་རྒྱབ་པའི་ལྭ་བ་དང་རས་ལྷམ་གོན་ཡོད། སྐབས་དེར་སྒོར་གཅིག་གིས་ཀྱང་རོང་བོ་གྲོང་རྡལ་ནས་འབར་ཞུན་ཤོག་སྒམ་བཅུ་དང་ཀ་ར་ལེབ་མོ་བཅུ་རེ་ཉོ་ཐུབ། ང་ནི་ཐེ་གུ་དང་རྐང་ཐེའུ་རྩེད་བ་དང་། ཟོག་རྫི་དང་ལུག་རྫི་བཅའ་ཞོར་ནར་སོན་པ་ཡིན།
      སློབ་ཆུང་གི་ལོ་ལྔའི་དུས་སྐབས་ནི་རྩེད་སྣང་དགོད་སྣང་དང་། མཚམས་རེར་སློབ་གྲོགས་ཕན་ཚུན་བར་བདའ་རེས་དང་རྡུང་རེས་བྱེད་པ། མཚམས་རེར་ཁྱིམ་གྱི་འབྲུ་རིགས་རྐུས་ནས་ཞོར་ཟས་ལ་བརྗེས་པ། མཚམས་རེར་ཞིང་ནང་ནས་བཞའ་སྟེ་སློབ་ཁྲིད་དུ་མ་ཞུགས་པ། དར་ཤུད་འགྱེད་པ། བོང་བུ་བཟུང་ནས་བོང་རྩལ་འགྲན་པ། རི་བོང་གི་རིལ་མ་བཏུས་ནས་དུ་བ་འཐེན་པ། ཆུ་རྐའི་ཕར་ཚུར་ལ་ལྡིང་རེས་བྱེད་པ་སོགས་ཤེས་མེད་ཚོར་མེད་ཀྱི་ངང་ནས་ཕར་འདས་ཤིང་། ང་རང་དམའ་འབྲིང་དུ་ཞུགས་པའི་ལོ་དང་པོར་ངས་ད་དུང་ལྷམ་པ་རྒྱབ་པའི་ལྭ་བ་གོན་ཡོད། དམའ་འབྲིང་འདོན་པའི་སྐབས་དེར་སྤྱི་ཚོགས་ལ་ཡང་མངོན་གསལ་གྱི་འགྱུར་ལྡོག་བྱུང་ནས་མི་རྣམས་ཀྱི་སེམས་པ་ཡང་འཚབ་བ་འཚུར་བེར་ཞིག་ཏུ་བཏང་ལ། ཁུལ་ཐོག་ཏུ་བོད་ཀྱི་ཚོང་བ་ཡང་ཇེ་མང་ནས་ཇེ་མང་དུ་ཐོན་མགོ་བརྩམས། དེ་དུས་ཨ་ཕས་དངུལ་ཁང་ནས་དངུལ་མང་བོ་བསྐྱིས་ཤིང་ཕུ་བོ་ཆེ་བ་ཁྲིད་དེ་མཚོ་སྔོན་པོའི་ཉེ་འགྲམ་གྱི་ཀླུ་ཚང་ཡུལ་དུ་སོང་སྟེ་ལུག་མང་བོ་ཉོས་ནས་ལོ་བདུན་བརྒྱད་ཙམ་ལ་ཞིང་ལས་གཙོར་བྱས་ཏེ་འབྲོག་ལས་ཀྱང་གཉེར་བས་ཁྱིམ་གྱི་འཚོ་བའི་ཆུ་ཚད་ཇེ་བཟང་དུ་སོང་། ཕྱིས་སུ་རྐྱེན་རེ་འགའི་དབང་གིས་འབྲོག་ལས་དོར་ཏེ་སྡེ་བའི་ནང་གི་ཆེས་ཐོག་མའི་འདྲུད་འཐེན་འཁོར་ལོ་དེ་ཉོས་ཤིང་། གྲམ་གཞུང་གི་བྱེ་མ་དང་ས་རྡོ་སོགས་ཨར་ལས་བྱེད་པའི་གནས་སུ་བསྐྱལ་ནས་སྒོར་མོ་བཙལ་ཅི་ཐབས་བྱས་པས་གཞན་གྱིས་མིག་དཔེ་བལྟ་སར་ཡང་གྱུར་མྱོང་། དྲང་མོར་བཤད་ན། ཁྱིམ་ཚང་སུ་ཞིག་དང་མི་སུ་ཞིག་ཡིན་རུང་། འདུག་རྒྱུར་མ་དགའ་བར་སྡིག་རུས་བྱེད་ཐུབ་ན་རང་ལ་དབང་བའི་བདེ་སྐྱིད་དེ་རིམ་བཞིན་སྨིན་ཐུབ་པར་འདོད།
      ལོ་ན་གཞོན་དུས་ཨ་ཕས་དཀའ་སྡུག་མང་བོ་མྱངས་འདུག  ཁུལ་ཐོག་ཏུ་འགྲོ་ཐེངས་རེ་ལ་གཞན་གྱིས་ཟ་ཁང་ནས་ཟས་ཞིམ་པོ་ཟ་ན་ཡང་། ཁོང་གིས་ལྟོགས་བཅད་ནས་སྒོར་མོ་དེ་དག་གིས་རང་ཡུལ་ལ་མཁོ་བའི་དཀར་ཡོལ་དང་སིལ་ཏོག   སྐམ་ཤ་དང་ལུག་ཤ་ཉོས་ནས་བཟའ་མི་ཡོངས་དང་ལྷག་གཅིག་ཏུ་ཟ་ཞིང་། ཉིན་གཉིས་གསུམ་ནང་གློག་བརྙན་གྱི་སྦྱིན་ཤོག་ཐེངས་རེ་བརྗེས་དགོས་པས་དགུན་གྱི་གྲང་ངར་དང་དབྱར་གྱི་ཚ་གདུག་ལ་མ་འཛེམ་པར་ལོ་བཞི་ལྔ་ལྷག་ལ་རྒྱུན་བསྐྱང་བ་རེད། གལ་ཏེ་སྟབས་ལེགས་ནས་གཟའ་མཇུག་ལ་འཁེལ་ཡོད་ན་ཨ་ཕས་ང་རང་ལྕགས་རྟའི་འཕངས་ལ་བཞག་ནས་ཁྱིམ་དུ་སླེབས་ངེས་ཡིན། དགུན་ཁ་ཐོན་དུས་ཨ་ཕ་ལ་རས་ལྷམ་སེར་བོ་ཞིག་མ་གཏོགས་གྱོན་རྒྱུ་མེད་ན་ཡང་ང་དང་ཕུ་བོ་ཨ་ཅེ་ཚོ་ནས་དགུན་ལྷམ་མཐུག་པོ་རེ་གྱོན་ཆོག  ང་ཚོའི་དཔེ་ཁུག་རེ་རེ་ཅི་ལྟར་རལ་ན་ཡང་། ཨ་ཕས་ཁབ་དང་སྐུད་པ་རེ་རེ་བརྒྱུད་ནས་ང་ཚོ་ལ་དཔེ་ཁུག་གསར་བ་རེ་ཡང་བཟོ་ངེས་ཡིན། ལྷག་པར་དཔེ་ཁུག་ནང་ལ་གོ་རེ་ཞིམ་པོ་རེ་བཞག་ནས་སློབ་གྲྭ་ནང་དུ་སོང་ན་ངོ་མ་དབྱར་གྱི་ཚ་བ་དང་དགུན་གྱི་གྲང་ངར་བརྗེད་ཆོག་ཅིང་། ཆུང་དུས་ཀྱི་དགའ་སྐྱོ་གཉིས་ལྡན་གྱི་འཚོ་བ་མངར་མོ་དག་དྲན་ཐེངས་རེ་ལ་ངའི་རེ་བའི་མིག་ཟུང་ལ་རང་དབང་མེད་པའི་མཆི་མ་འཁོར་ཡོང་།
      བུ་ཕྲུག་རྣམས་ནི་རྒོད་ཕྲུག་ལ་གཤོག་རྩལ་རྒྱས་པ་བཞིན་ནར་སོན་ནས་རང་ཁྱིམ་རང་གིས་སྐྱོང་བའི་དུས་ལ་སླེབས་པ་དང་། ཨ་ཕས་སྔ་ས་ནས་གཞི་ས་བཀོད་སྒྲིག་བྱས་ཏེ། ཕྱོགས་བཞིར་བོར་གྱང་རྡུང་བ་དང་ར་སྐོར་ནང་དུ་སིལ་སྡོང་དང་ལྕང་སྡོང་། གསོན་སྡོང་། རྒུན་འབྲུམ། རྒྱ་སིལ་སོགས་བཙུགས་ལ། ཁང་པ་ལས་ནས་གཞི་ས་ཕུ་བོར་ཆུང་བར་སྤྲད་རྗེས་བར་ཁྱམས་སུ་མེ་ཏོག་འཛུགས་པ་སོགས་དཀའ་སྡུག་གང་རུང་ལ་མ་འཛེམ་པར་གོམ་པ་རེ་རེ་སྤོས་ནས་དོན་དག་རེ་རེ་སྒྲུབ་འདུག་པ་མ་ཟད། ཐ་ན་ངའི་མ་འོངས་པའི་ཆེད་དུ་ང་ལ་ཡང་ཁོད་སྙོམས་པའི་གཞི་ས་ཞིག་བཞག་ནས་སིལ་སྡོང་འཛུགས་པ་སོགས་འཆར་གཞི་ཡག་པོ་འཐེན་འདུག  
      བུ་མོ་རྣམས་གནས་ལ་བསྐྱལ་དུས་ཕ་མ་གཉིས་ནས་རྒྱུན་པར་དང་པོར་འཕྲད་པ་ནི་ཀུན་གྱི་མཆོག་ཡིན་ལ། སྨན་བུ་མོ་གནས་ལ་སོང་ན་གནས་ཡུལ་ཆོད་དགོས་ཞེས་སློབ་གསོ་གཏོང་བས་ཨ་ཅེ་གསུམ་པོ་ཡང་ཐོག་མའི་གནས་ཡུལ་ན་ཆགས་ཡོད། ཨ་ཕས་རྒྱུན་དུ་ང་ཚོ་བུ་སྤུན་གསུམ་ལ་སྐྱེས་ཕོ་རབ་ཞིག་ཡིན་ན་ཁོག་རྒྱ་ཆེ་དགོས། སྤོབས་པ་ཆེ་དགོས་ཞེས་བཤད་པས་ནར་སོན་པའི་གོ་རིམ་ཁྲོད་ང་ཚོའི་སེམས་ཁམས་ལ་ཡང་དེའི་ཤུགས་རྐྱེན་ཐེབས་ཡོད། ཆེས་བརྗེད་པར་དཀའ་བ་ནི་ང་ཚོ་ཐག་རིང་གི་ཡུལ་གང་རུང་ལ་འགྲོ་དུས་ཨ་ཕས་རྒྱུན་དུ་ང་ཚོ་མིང་སྲིང་ཚོའི་མགོ་ལ་བྱིལ་བྱིལ་བྱེད་པ་དང་། འོ་བྱས་ནས་རང་སེམས་ཀྱི་བརྩེ་བ་དེ་མཚོན་པར་བྱེད་ཅིང་། དེ་ནི་དངོས་ནས་སྨྲ་མི་ཤེས་པའི་སེམས་ཀྱི་བདེ་སྐྱིད་ཅིག་རེད། ལྷག་པར་མི་ལོ་བཞི་བཅུའི་སྐབས་སུ་ཨ་མའི་མིག་ལ་ལིང་ཏོག་གི་ནད་བྱུང་དུས་ཨ་ཕས་སྨན་ཁང་ནས་ཨ་མར་ནད་གཡོག་བཟང་བོ་ཅི་རིགས་བྱས་པ་ནི་བུ་བུ་མོ་ཚོས་སློབ་སྦྱོང་དང་མིག་དཔེར་བྱ་འོས་ཤིང་། དེ་ནི་ང་ཚོའི་སེམས་ཁོངས་སུ་ནམ་ཡང་འགྱུར་བ་མེད་པར་ཨ་ཕ་ཁོང་ལ་བརྩི་བཀུར་དང་རྗེས་སུ་ཡི་རངས་བྱེད་པའི་རྒྱུ་རྐྱེན་ཅིག་ཀྱང་ཡིན།
      ཕྱིར་མདང་རེ་རྒྱབ་ན་དམའ་འབྲིང་ནས་མཐོ་འབྲིང་གི་བར་དུ། རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ཞེས་བསྔགས་པའི་ཡུལ་གྲུ་འདི་རུ་སློབ་གྲོགས་དེ་འདྲའི་མང་བོའི་ཁྲོད་ནས་རྒྱུན་བསྐྱངས་ཏེ་སློབ་གྲྭར་སོང་ཡོད་པ་ནི་ཤིན་ཏུ་ཉུང་ལ། ཨ་ཕས་ཐ་ན་ཐབ་མགོའི་སླ་ང་བཙོང་དགོས་རུང་། ཟོག་ལུག་དང་བ་ལང་ཞིག་བཙོང་དགོས་ན་ཡང་། བུ་ཕྲུག་སློབ་གྲྭ་བསྐྱལ་བའི་འདུན་པ་དེ་དོར་མ་མྱོང་། ཡིན་ན་ཡང་བསམ་མེད་ཀྱི་བྱིས་པ་ངས་ཨ་ཕའི་བསམ་འདུན་ཚོར་རྒྱུ་འཕྱི་དྲགས་སོང་། ཨ་ཅེས་རྨ་ལྷོ་དགེ་ཐོན་སློབ་གྲྭར་རྒྱུགས་འཕྲོད་རྗེས། ང་ཡང་དམའ་འབྲིང་ལོ་རིམ་གཉིས་པར་སླེབས་ཤིང་བར་དེར་བདག་ལ་ངན་ལོབས་ནས། ཁ་ལ་ཟས་ཞིམ་པོ་སྤྱད་པས་མི་ཆོག  མི་འོས་པའི་དུག་གི་ལོ་མ་དེ་འཐེན་ནས། མ་རབས་ཐ་ཤལ་གྱི་སློབ་གྲོགས་རེ་འགའ་དང་མཉམ་དུ་དུས་ཚོད་མང་བོ་ཆུད་ཟོས་སུ་བཏང་བས་དེ་ནི་ངའི་ཆེས་འགྱོད་པའི་དུས་སྐབས་ཤིག་ཡིན།
      ཨ་ཕས་རྒྱུན་དུ་ང་ལ་གལ་ཏེ་ཁྱོད་ཀྱིས་སློབ་གྲྭ་ཆེན་མོ་རྒྱུགས་འཕྲོད་སོང་ན་ཁོ་འཆི་ཡང་འགྱོད་པ་མེད་ཅེས་བཤད་མྱོང་། མཐོ་འབྲིང་དུ་ཞུགས་དུས་ད་གཟོད་ངས་སློབ་སྦྱོང་ལ་འབད་བརྩོན་བྱེད་དགོས་པའི་གནས་ལུགས་རྟོགས། དེ་ནི་ལོ་ཏོག་བྲེག་ནས་གཡུལ་ཁ་གཅོག་པའི་ཚ་གདུག་གི་ཉིན་མོ་ཞིག་ཡིན། ངས་རེབ་གོང་མི་རིགས་སློབ་འབྲིང་ནས་ཆེས་འབུར་དུ་ཐོན་པའི་གྲུབ་འབྲས་བླངས་ཏེ་ནུབ་བྱང་མི་རིགས་སློབ་ཆེན་ལ་རྒྱུགས་འཕྲོད་པའི་བརྡ་སྦྱོར་འབྱོར་དུས་ཨ་ཕའི་གདོང་ལ་བརྗོད་པར་དཀའ་བའི་འཛུམ་མདངས་ཀྱིས་ཡོངས་སུ་བཀང་འདུག  ཡིན་ན་ཡང་མི་ལོ་ལྔའི་སློབ་ཆེན་གྱི་སློབ་ཡོན་ལྗིད་མོས་ཨ་ཕ་ལགས་ཅི་བྱ་གཏོད་མེད་དུ་བཏང་རུང་ཁོ་རང་ཕམ་མ་མྱོང་ལ་ཕྱིར་སྣུར་ཡང་བྱས་མེད། དེ་ལས་ཀྱང་གལ་ཆེ་བ་ནི་ཁོང་གིས་རིག་གནས་ཡོན་ཏན་ནི་གང་ཞིག་ལས་ཀྱང་གལ་ཆེ་བ་དང་རིན་ཐང་ལྡན་པ་དེ་ཤེས་འདུག  མི་ཚེ་འདིའི་ནང་ང་རང་ལ་ཡོན་ཏན་སྦྱང་བའི་གོ་སྐབས་འབྱོར་བ་དང་། མི་ཚེ་སྟོང་ཟད་དུ་མ་བཏང་བར། མ་འོངས་པའི་མི་ཚེ་ལ་ཡིད་ཆེས་དང་རེ་བ་ཡོད་པའི་མི་ཞིག་ཏུ་བཏང་ཡོད་པ་ནི་ཨ་ཕས་ལོ་ངོ་དུ་མའི་རིང་དཀའ་བ་ཁྱད་བསལ་གྱིས་སེམས་ཀྱི་རེ་འདུན་དེ་རྒྱུན་འཁྱོངས་བྱས་པའི་འབྲས་བུ་ཁོ་ན་ཡིན།
      སློབ་ཆེན་གྱི་སྐབས་སུ་ངའི་ཐོག་མའི་བརྩེ་དུང་ལ་ཆག་གྲུམ་ཤོར་དུས། ཕ་མ་གཉིས་ནས་ང་ལ་སེམས་གསོ་གང་མང་བྱས། སློབ་མཐར་ཕྱིན་ནས་ཡུན་རིང་འགོར་ཡང་གཞུང་ཞབས་པར་རྒྱུགས་མ་འཕྲོད་དུས་ཨ་ཕས་བདག་ལ་ལེ་འདའི་ཚིག་གཅིག་དང་མཐོང་ཆུང་གི་རྣམ་འགྱུར་ཙམ་ཡང་མི་སྟོན་པར་ང་ལ་ཡིད་ཆེས་ཁོ་ན་བཅང་ནས་བརྩོན་པ་བྱས་ན་ནམ་ཞིག་གི་ཚེ་རྒྱལ་ཁ་ཐོབ་ངེས་ཡིན་ཞེས་ཡང་དང་བསྐྱར་དུ་བཤད་མྱོང་།
      སློབ་འབྲིང་གི་སྐབས་སུ་ངས་ཨ་ཕས་ཁུག་མ་ནས་དུ་བ་རྐང་གཅིག་བརྐུས་ཤིང་། གལ་ཏེ་ཤེས་བྱུང་ན་གཅར་རྡུང་ཆེན་པོ་བྱེད་ངེས་རེད་སྙམ་ནས་སྐྲག་སྣང་སྐྱེས་ན་ཡང་རྗེས་སུ་གྲགས་འགུལ་ཅི་ཡང་མི་འདུག  མཚམས་རེར་ཨ་ཕ་བཟི་ལ་ཉེ་དུས་ང་ཚོས་ཁོའི་ཆང་ཉུང་ངུ་ས་ལ་བླུགས་ཏེ་ནང་དུ་ཆུ་མང་ཙམ་བསྲེས་ན་ཡང་ཨ་ཕས་ཚོར་གྱི་མི་འདུག  ཡང་མཚམས་རེར་ང་དང་ཕུ་བོས་རྩེད་སྤྱད་ཉོ་བའི་ཕྱིར་དུ་ཨ་ཕའི་སྒོར་ཁུག་ལས་སྒོར་རྡོག་འགའ་རེ་རྐུས་ན་ཡང་ཁོས་གཏན་ནས་ཚོར་མ་མྱོང་། སློབ་ཆེན་གྱིས་སྐབས་སུ་ལྭ་བ་ཡག་པོ་ཞིག་ཉོ་བའི་ཆེད་དུ་སྒོར་མོ་འགའ་མཁོ་ཚུལ་བཤད་ན་ཡང་ཨ་ཕས་དོགས་སྣང་དང་ལེ་འདའ་གཅིག་ཀྱང་མི་བྱེད་པར་དུས་ལྟར་བསྐུར་ཡོང་བ་རེད། ལོ་ངོ་མང་པོ་ཞིག་ནི་རིམ་བཞིན་ཕར་འདས་སོང་། ཕྱིར་དྲན་ཞིག་བྱས་ན་ཆུང་ངུའི་དུས་སུ་ཕ་མའི་ཁ་ཏ་སློབ་གསོའི་ཚིག་གཅིག་དང་རྣམ་འགྱུར་གང་རུང་ཞིག་གིས་ཀྱང་བུ་ལ་བག་ཆགས་ཟབ་མོ་ཐེབས་ཡོད་པ་ཤེས་ཐུབ།
      ལས་ཀྱི་བཀོད་སྒྲིག་གི་དབང་གིས་ང་ནི་རྒྱང་ཐག་རིང་བའི་རྒྱལ་ཐང་གི་ཡུལ་འདིར་སྡོད་དགོས་བྱུང་། ཡིན་ན་ཡང་བརྗེད་དུ་མེད་པ་ནི་ཨ་ཕའི་སློབ་གསོ་ཡིན། ཁོང་གིས་རྒྱུན་པར་མི་ཞིག་ཡིན་ན་བསམ་པ་ཡར་སེམས་བཟུང་དགོས། ཁ་ཡར་བལྟ་བྱེད་དགོས། ཕྲག་དོག་བྱས་ན་ཕན་པ་མེད་ཅིང་གཙོ་བོ་རང་གི་ལག་ཟུང་གཉིས་ཀྱི་བརྩོན་འགྲུས་ལ་བརྟེན་དགོས་ཞེས་བཤད་པ་སོགས་ནི་དྲང་མོར་བཤད་ན་མི་ཚེའི་ལམ་སྟོན་དང་འཚར་ལོངས་བྱུང་བྱེད་ཀྱི་རྒྱགས་ཕྱེ་རེ་རེར་གྱུར་འདུག  ད་ལྟ་ཨ་ཕ་ལགས་ལོ་བདུན་ཅུ་ལྷག་ལ་སོན་ན་ཡང་། ཇ་སྣ་ཚོགས་འཐུང་བ་དང་ལྒང་ལི་འགྲན་བསྡུར་ལ་བལྟ་བ་སོགས་དགའ་ཕྱོགས་མང་ལ་སྔར་བཞིན་བྱ་དངོས་ལ་སྤྲོ་སྣང་ཆེ་བས་ལོ་རྒས་རུང་སེམས་ནི་ཆེ་ཆེར་རྒས་མེད་པས་དེ་ནི་ངས་ཀྱང་ཡིད་སྨོན་བྱ་འོས་པའི་གནས་ཤིག་རེད།
      ད་ལྟ་ངས་ཉིན་མ་རེར་ཡུལ་ལ་ཁ་པར་ཐེངས་རེ་བཏང་བ་ཡིན། མཚམས་རེར་ང་ཚོས་དུས་ཚོད་གཅིག་གཉིས་ལ་ཚར་རྒྱུ་མེད་པའི་ཁ་བརྡ་བྱས་པ་ཡིན། ཨ་ཕས་སེམས་ཁུར་མི་བྱེད་ས་གཅིག་ཀྱང་མེད། ད་དུང་ཡང་ཕྱོགས་མང་བོར་ཁོང་གིས་མཛུབ་སྟོན་དང་བློ་ས་ཕུལ་གྱི་ཡོད། ངས་བསམ་ན་ང་དང་ཕུ་བོ་ཨ་ཅེ་རྣམས་ཀྱི་ཆེས་ཆེ་བའི་བསོད་ནམས་ཀྱི་བགོ་སྐལ་དུ་ཐོབ་པ་ནི་ད་ལྟ་ཡང་ཕ་མ་གཉིས་ལ་ན་ཚ་ཅི་ཡང་མེད་པར་རྐང་ལག་བདེ་ཞིང་ཁྱིམ་ལས་ཚང་མ་ལས་ཏེ་སྐུ་གཟུགས་བདེ་ཐང་བྱུང་ཡོད་པ་འདི་ཡིན་ལ། ཕ་མ་གཉིས་སྐྱིད་ཅིང་བདེ་བར་གནས་ན་དེ་ནི་བུ་ཕྲུག་ཚོའི་སེམས་ཀྱི་བདེ་སྐྱིད་དང་རེ་བ་ཉག་ཅིག་ཡིན།
      ངའི་བརྩེ་བའི་ཡབ་ཆེན་ལགས། ང་ནི་ཁྱོད་ཀྱི་རྟག་བརྟན་གྱི་རྒྱབ་རི་དེའི་དྲོད་སྣང་འོག་འཚར་ལོངས་བྱུང་།  ཁྱོད་ཀྱི་སུན་སྣང་མེད་པའི་གཉེར་སྐྱོང་འོག  ང་ལ་རྒྱལ་ཁམས་འགྲིམས་པའི་གཤོག་རྩལ་རྒྱས་ཤིང་ལེགས་ཉེས་བླང་དོར་འབྱེད་པའི་ཤེས་རབ་ཀྱི་བློ་གྲོས་རྒྱས།  ངའི་ཡིད་ཆེས་དང་སྤོབས་པ། ལྷག་པར་མི་ཚེ་འདིའི་བདེ་སྐྱིད་ཀྱི་འཚོ་བ་སོགས་ནི་ཁྱོད་ཀྱི་དཀའ་སྡུག་གི་རྔུལ་ཆུས་བསྐྲུན་ལ། ཁྱོད་ཀྱིས་བདག་ལ་དང་ལྷོད་མེད་པར་ཡང་དག་པའི་ཁ་ཕྱོགས་བསྟན།
      ང་རང་ཕ་ཡུལ་དང་ས་ཐག་རིང་བའི་གནས་ན་ཡོད་ཀྱང་། ཨ་ཕའི་བཀའ་དྲིན་ནི་ཅིས་ཀྱང་བརྗེད་རྒྱུ་མེད། ངའི་བརྩེ་བའི་ཡབ་ཆེན་ལགས། ཁྱོད་ཀྱིས་དངོས་ནས་དཀའ་ལས་མྱངས་སོང་། ང་རང་ཕ་ཡུལ་དང་ས་ཐག་རིང་བའི་གནས་ན་ཡོད་ཀྱང་། ནམ་ཡང་འགྱུར་དུ་མེད་པ་ནི་ང་རང་ཁྱོད་ལ་དགའ་ཞིང་དུང་བ་དེ་ཡིན།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།