logo

ཧྥེང་ཡུས་ཀྱིས་བརྩམས་ཤིང་སྙིང་མོ་སྐྱིད་ཀྱིས་བསྒྱུར་བའི《གཏང་རག》(སྨད་ཆ)།

རྩོམ་པ་པོ།:སྙིང་མོ་སྐྱིད་ཀྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-12-23 ཀློག་གྲངས།:
                                        བདུན།
     སྲིང་མོ་ཀིན་ལ་འཕྲད་པ་ནས་བཟུང་ཡ་ཅིས་ད་གཟོད་རང་ཉིད་ཀྱི་ཡོད་ཚད་འགྱུར་ལྡོག་བྱུང་བ་ཚོར།
     མདང་དགོང་ཁོ་རྗེས་འབྲངས་ནས་སྐྱེལ་སྲུང་བྱེད་དུ་སོང་བ་འགྲིག་འདུག ཁོར་སྔོན་ཤེས་ཡོད་པ་ནང་བཞིན་ཁོ་མོའི་འཕྲུལ་རྟ་དེ་དངོས་གནས་གནད་དོན་བྱུང་འདུག་སྟེ། ལམ་སྐེད་ལ་བསླེབས་དུས་སྣུམ་སྣོན་མ་ཐུབ་པས་མེ་ཤི་སོང་། ཁོས་ཁོག་སྟོད་མར་བསྒུར་ནས་ཁོ་མོའི་འཕྲུལ་རྟ་བཟོ་རོགས་བྱེད་པའི་གོ་རིམ་ཁྲོད། ཁོ་མོས་ལག་སྒྲོན་བཀར། སྐྲ་རིང་པོ་དེ་མར་དཔྱངས་ནས་སྐྲ་སྣེས་ཁོའི་མགོ་བོར་རེག་པ་དང་དཔུང་བར་རེག དེ་ནས་ཁོའི་གདོང་ལ་རེག་པས། ཁོ་བོར་ཟ་འཕྲུག་བསླངས་ཤིང་སྦྲིད་དུ་བཅུག་ནས་སོབ་སོབ་ཏུ་བཏང་ལ། ཁོའི་ལུས་ནང་དུ་ཡིབ་པའི་གཅན་གཟན་གཏུམ་པོ་དེ་འདུག་བཟོད་མེད་པར་བཟོས།
     ཁོ་མོས་གསལ་བོར་མཐོང་ངམ་ཟེར།
     ཁོས་ཁྱོས་ཇེ་དམར་ཅིག་གཏོང་རོགས་ཟེར།
     ཁོས་ད་དུང་ཇེ་དམར་གཏོང་རོགས་ཟེར།
     ཁོ་མོའི་ལུས་པོ་ངོ་མས་ཇེ་དམར་བཏང་སྟེ་ཕྲག་པ་ཁོའི་མགོ་བོར་ཐུག་པ་དང་། དངོས་པོ་ཞིག་རི་བོང་ཞིག་དང་འདྲ་བར་ཁོའི་གསེག་ཙམ་བྱས་ཡོད་པའི་མགོ་བོ་དང་ཕྲག་པའི་དབར་གློ་བུར་དུ་འཛུལ་བྱུང་། དེ་ནི་སྐུད་ལྭས་བཏུམས་པ་ལ་མ་དགའ་བའི་ནུ་མ་ཆ་གཅིག་རེད།
     ཡ་ཅིའི་ཕྲག་པར་འཁུར་བའི་ནུ་མ་དེས་བཤད་མི་ཤེས་པའི་མཁའ་དབུགས་ཞིག་བཏང་བས། སྐད་ཅིག་ཉིད་དུ་ཁོའི་ལུས་པོའི་ནང་གི་གཅན་གཟན་གཏུམ་པོ་དེ་ཕྱིར་གློད་བྱུང་སྟེ། ལག་གི་ལྕགས་འཛེར་སྐམ་པ་སར་གཡག་ནས་ཁ་ཕྱིར་འཁོར་བ་དང་ཁོ་མོར་འཐམས།
     འོ་ཐེངས་མ་གསུམ་བརྒྱབ་རྗེས་ཁོ་མོས་ཁོ་རང་ཕུད་རྒྱག་བྱས། ཁོ་མོས་འདི་ནི་ལམ་ཆེན་དཀྱིལ་ཡིན་པས་མི་གཞན་གྱིས་མཐོང་ངེས་ཟེར་བ་ན། ཁོ་སྐྲག་ཐག་ཆོད་ནས་ལག་པ་བཏང་སྟེ་ཡིན་རྒྱུ་མ་རེད། ལམ་ཁ་འདིར་མཚན་མོ་འགྲོ་མཁན་ཧ་ཅང་ཉུང་ཟེར། ཁོ་མོས་ང་ཚོ་ལྟ་བུའི་འགྲོ་མཁན་མང་ཟེར།
     ཡ་ཅིས་ཁོ་མོ་བཏང་ནས་ལག་འགུལ་ཏེ་འཕྲུལ་རྟ་ཞིག་གསོ་བྱས།
     སྲིང་མོ་ཀིན་གྱིས་གལ་ཏེ་ཁྱོད་ངོ་མ་ང་ལ་དགའ་བ་ཡིན་ན་ང་ཆུང་མར་བསུས་དང་ཟེར།
     ཡ་ཅིས་ཁ་མ་གྲགས་པར་འཕྲུལ་རྟ་ཞིག་གསོ་བྱས་ནས་བསྡད།
     སྲིང་མོ་ཀིན་གྱིས་ཁྱོས་ང་རང་ཁྱོད་ལས་ལོ་ཆེ་བར་ཞེན་ཁ་ལོག་པ་ཡིན་ནམ་ཟེར།
     ཡ་ཅིས་མིན་ཟེར།
     སྲིང་མོ་ཀིན་གྱིས་དེ་ན་ཁྱོས་ཁྱོའི་ཨ་ཕ་དང་ཨ་ཞང་། ཨ་ཅེ་བཅས་ཀྱི་མོས་མཐུན་བྱུང་བར་བརྩོན་ལེན་བྱེད་འདོད་པ་ཡིན་ནམ་ཟེར།
     ཡ་ཅིས་ང་རང་གི་དོན་དག་རང་གིས་ཐག་བཅད་ཆོག ཡིན་ནའང་དུས་སྐབས་འདི་འདྲ་ཞིག་ལ་ངས་ཨ་ཕར་ཕོག་ཐུག་གཏོང་མི་རུང་། ངས་ཀྱང་ཁྱིམ་མི་དང་ཁ་རྩོད་རྒྱག་མི་འདོད། གང་ལྟར་ངེད་གཉིས་ལོ་མང་པོ་ཞིག་ལ་མི་རྐྱང་བྱས་ནས་བསྡད། ད་དུང་ཅུང་ཙམ་སྒུག་དང་། ཡིན་ཡང་ཁྱེད་ཚང་ཡ་པོ་འཐད་དམ་ཟེར།
     སྲིང་མོ་ཀིན་གྱིས་ཡ་པོ་ཆུང་དུས་ནས་ཨ་ཕས་གཅེས་མྱོང་མེད། ཁྱོས་ཁོ་གཅེས་བཞག་ན་ཁོའི་འདོད་ཐོག་ལ་རྟ་རྒྱུགས་པ་རེད་ཟེར།
     ཡ་ཅིས་ལྐུགས་པའི་བརྟུལ་ཞུགས་བཟུང་ནས་ཁོ་མོའི་འཕྲུལ་རྟ་དེ་མགྱོགས་པོར་བཟོས་ཚར་སོང་།
     ཡིན་ནའང་ད་སྐབས་སྲིང་མོ་ལི་ལོག་ཕེབས་ཡོད། དེ་མ་ཟད་ད་དུང་ཁོ་དང་ཁྱོ་ཤུག་གི་འབྲེལ་བ་སླར་གསོ་བྱེད་འདོད། ཁོ་མོའི་ནད་དེ་དྲག་བསྐྱེད་བྱུང་ཡོད་དམ། དྲག་བསྐྱེད་བྱུང་ཟིན་པའི་དབང་དུ་བཏང་ན་ཡང་ཁོ་མོ་སྲིང་མོ་ཀིན་ནང་བཞིན་བདེ་ཐང་ཡིན་ནམ།
     ཁ་པར་གློ་བུར་དུ་གྲགས་བྱུང་། དེ་ནི་སྲིང་མོ་ཀིན་གྱིས་བརྒྱབ་པ་རེད། ཁོ་མོས་བཤད་ན་མོས་ཨ་ཕས་བཏང་རག་འབུལ་བའི་གླུ་མ་གཅིག་མ་གཏོགས་བཙལ་མ་ཐུབ་ལ། དེས་ཀྱང་ཡུན་རིང་པོར་བླངས་མ་མྱོང་བས་བྱང་ཆ་མེད། རབ་ཡིན་ན་ད་དུང་གཅིག་བཙལ་ན་ལེགས། ངའི་ཨ་ཕས་ཁྱོས་འཚོལ་ཤིག་ཟེར། ཡ་ཅིས་ཁྱོའི་ཨ་ཕས་ཀྱང་བཙལ་མི་ཐུབ་ན་ངས་གང་ནས་བཙལ་དགོས་རེད་ཟེར། སྲིང་མོ་ཀིན་ཁ་པར་ནང་ནས་གད་མོ་དགོད་བཞིན་ཁྱོས་ངོ་ཤེས་པའི་མི་ཞིག་འདུག འོན་ཀྱང་ཁྱོད་སོང་ནས་གདན་འདྲེན་ཞུ་དགོས་ཟེར། ཡ་ཅིས་སུ་རེད་ཟེར། སྲིང་མོ་ཀིན་གྱིས་ཨ་ནེ་ཧོང་ལེན་རེད་ཟེར། ཡ་ཅིས་ཨ་ཞེས་སྐད་ཅིག་ཕྱུངས་བ་དང་དར་ཅིག་ལ་ཧད་དེ་བསྡད། སྲིང་མོ་ཀིན་གྱིས་ཁྱོས་བསམ་ན་ངས་ཁྱོད་མགོ་སྐོར་གཏོང་བཞིན་ཡོད་དམ། ཁྱོས་ཡིད་མ་ཆེས་ཀྱང་མི་ཆོག ངའི་ཨ་ཕས་བཤད་ན་ཨ་ནེ་ཧོང་ལེན་ལོ་ན་གཞོན་དུས་གླུ་མ་ཐེངས་ཁ་ཤས་བྱས་མྱོང་འདུག ཁོ་མོའི་སྐད་ངག་གླུ་མ་གཞན་དག་ལས་ཀྱང་སྙན་ཟེར། ཡ་ཅིས་འོ་ཞེས་སྐད་ཅིག་ཕྱུངས། སྲིང་མོ་ཀིན་གྱིས་བཏང་རག་འབུལ་བར་དགོས་པའི་ཆང་ངས་བལྟས་ན་ཕལ་ཆེར་རྒྱ་མ་ཉིས་བརྒྱས་འདང་ངེས། ཉིན་འདི་ཚོར་ངས་ཚང་མ་བཙོས་ནས་གྲ་སྒྲིག་བྱས་ཆོག དུས་ཚོད་རན་དུས་ཡ་པོ་དང་ངེད་གཉིས་ཀྱིས་ཁྱོར་བསྐྱལ་ཡོང་ཟེར། ཡ་ཅིས་ཁྱོད་གཉིས་ལ་ལན་ཚགས་སྐོལ་སོང་ཟེར། སྲིང་མོ་ཀིན་གྱིས་ལན་ཚགས་ཅི་ཡང་མེད། ད་སྐབས་ཚོང་རྒྱག་དུས་ཚང་མས་ཚོང་ཟོག་སྒོ་ཁར་བསྐྱལ་བ་མིན་ནམ་ཟེར།
     ཁ་པར་བཏང་ཚར་མ་ཐག སྲིང་མོ་ལིས་མ་གཞི་ཁྱོས་བུད་མེད་ཅིག་བཙལ་ཚར་བ་ཨེ་རེད། ཁོ་མོ་སུ་རེད་ཟེར།
     ཡ་ཅིས་ཁྱོས་གང་བྱུང་མ་བཤད། ཁོ་མོ་ལྷ་ཡུལ་སྡེ་བའི་སློབ་དཔོན་ཧོང་ཅིན་ཞུའོ་ཡི་བུ་མོ་རེད། ངས་ཁོ་མོའི་བསྙལ་བའི་འབྲས་ཆང་ཉོས་ཏེ། མོའི་ཨ་ཕ་ཆོ་ག་འབུལ་རོགས་ལ་གདན་འདྲེན་ཞུས་ཡོད། ཁྱོས་ཆོ་ག་འབུལ་བ་ཤེས་སམ། དེ་ནི་བཏང་རག་ཆེ་བ་འབུལ་བ་ཡིན། ངས་རང་གི་ཨ་ཕའི་ཆེད་དུ་བཏང་རག་ཆེ་བ་འབུལ་རྒྱུ་ཡིན་ཟེར།
     སྲིང་མོ་ལིས་བཏང་རག་འབུལ་རྒྱུ་ཡིན། ངས་ས་ཆ་གཞན་གྱི་མིའི་ཁ་ནས་གོ་མྱོང་། ཨ་ཕའི་ཆེད་དུ་བཏང་རག་འབུལ་བ་འདི་ངོ་མ་བཟང་གི ཁོ་མྱུར་དུ་དྲག་བསྐྱེད་ཡོང་བ་ངའི་རེ་བ་ཡིན་ཟེར།
     ཡ་ཅིའི་རང་གི་སེམས་ནས་ངའི་ཨ་ཕར་ཁྱོད་ལྟ་བུའི་མནའ་མ་ཞིག་སྔ་མོ་ནས་མེད་ཟེར་བ་ཐོས་ཀྱང་། ཁོས་ཁ་ནས་ཁོ་སྔ་མོ་ནས་ཁྱོའི་ཨ་ཕ་མ་རེད། ཁོ་ངའི་ཨ་ཕ་རེད། ཁྱོས་ཁོར་ད་དུང་ཨ་ཕ་འབོད་དོན་ཅི་ཡིན་ཟེར།
     སྲིང་མོ་ལིའི་མིག་གཉིས་སླར་ཡང་རྔ་དང་མཁར་རྔ་བྲེལ་རྡུང་བྱེད་པ་ལྟར་རྡེབ་བཞིན་ངས་ཁོ་སྔར་བཞིན་རང་གི་ཨ་ཕར་རྩིས་ཡོད། གང་ལྟར་ཁོ་ཡ་ཧྲིན་གྱི་སྤོ་བོ་ཡིན། ངའི་རེ་བ་ཡིན་ན་ཁྱོས་ངས་བཤད་པའི་སྐད་ཆ་དེར་བསམ་བློ་ཞིག་གཏོང་རོགས། ང་ལོ་འདི་འདྲ་མང་པོ་ཞིག་ལ་ཕྱི་ལ་སོང་ནས་སྒོར་མ་བཙལ་བ་སུའི་ཆེད་དུ་ཡིན། མཐར་གཏུག་ན་ཕྱིར་ལོག་ནས་ཨར་འདམ་གྱི་ཐོག་ཁང་ཞིག་བསྐྲུན་ཆེད་མིན་ནམ། ཡིན་ནའང་ཨར་འདམ་གྱི་ཐོག་ཁང་ནང་ང་གཅིག་པུ་བསྡད་ན་སྙིང་བོ་ཅི་ཡོད། དེ་འདྲ་ཡིན་ན་ངས་དེ་མ་བསྐྲུན་ན་དགའ། ཕ་མ་གཉིས་ནམ་ཉི་མ་ཞིག་ལ་ང་དང་ཁ་བྲལ་ངེས་ལ། བུ་ཕྲུག་རྣམས་ཞོར་ལས་ལ་འགྲོ་སྲིད་པ་དང་། ང་ནང་བཞིན་ལོ་གཅིག་ལ་ཐེངས་གཅིག་གཉིས་ཙམ་མ་གཏོགས་ལོག་མི་སྲིད། སྐབས་དེར་བསླེབས་དུས་ང་ཡང་རྒས་ཟིན་པས། ང་ལ་འདུག་རོགས་མེད་ན་འཚོ་བ་ཇི་ལྟར་རོལ་ཟེར།
     ཡ་ཅིས་གལ་ཏེ་སྔོན་ཆད་ཁྱོས་འདི་ལྟར་འདང་རྒྱག་ཤེས་ན་ཇི་འདྲའི་ལེགས་ཟེར།
     སྲིང་མོ་ལིས་ངས་ད་ལྟ་འདི་ལྟར་འདང་བརྒྱབ་ན་འཕྱི་སོང་བ་ཨེ་རེད་ཟེར།
     ཡ་ཅིས་འཕྱི་སོང་། ངོ་མ་འཕྱི་སོང་ཟེར།
     སྲིང་མོ་ལིས་ང་ཚོ་ད་དུང་རྒས་མེད་པས་ཇི་ལྟར་འཕྱི་སོང་ཟེར།
     ཡ་ཅིས་ང་ལ་དགོས་པ་ནི་ཁྱིམ་འདུག་བུད་མེད་ཅིག་ཡིན། ཁྱོད་ནམ་ཡང་འདི་ལྟར་ཕྱི་ལ་ཐོན་པས་ཁྱོད་ཡོད་རུང་མེད་རུང་གཅིག་ཡིན་ཟེར།
     སྲིང་མོ་ལིས་ང་ད་ལྟ་ལོག་པ་ཡིན་ན་ཟེར།
     ཡ་ཅིས་འཕྱི་སོང་ཟེར།
     སྲིང་མོ་ལིའི་ངུ་སྐད་ཕྱིར་འཕུར་བྱུང་།
     ཡ་ཅིའི་ངོ་གདོང་ཕར་འཁོར་སོང་། ཁོས་རང་ཉིད་ཀྱི་མིག་ཆུ་ཡང་བསྲན་མི་ཐུབ་པར་བཞུར་བར་སྐྲག་པ་རེད། དེ་ནི་ཁོས་ཁོ་མོར་མཐོང་དུ་འཇུག་མི་འདོད་པའི་དངོས་པོ་དེ་ཡིན།
     སྲིང་མོ་ལི་བརྒྱུགས་ནས་ཕྱི་རོལ་དུ་བུད་སོང་། ཡ་ཅིས་ཁོ་མོ་བརྒྱུགས་པ་ལས་མཆེད་པའི་སྒྲར་བསྟུན་ནས་མགོ་བོ་ཚུར་འཁོར་བ་ན། ཁོས་མཐོང་བ་ནི་ཁོ་མོའི་གཟུགས་བརྙན་སྒོའི་ཕྱི་རོལ་ནས་གློག་ལྟར་འཁྱུག་ཙམ་བྱས་རྗེས་མི་སྣང་བར་གྱུར་ལ། འོད་ཆེམ་ཆེམ་གྱི་མིག་ཆུའི་ཐིགས་པ་འགའ་དྲི་བཞོན་རླུང་གིས་བདས་ནས་ཁང་བའི་ནང་འཕུར་འོངས་ཏེ་ཁོའི་སྟེང་ལ་ཁྲོ་ཚུབ་ཚུབ་ངང་གཏོར་བྱུང་།

བརྒྱད།

     བཏང་རག་འབུལ་བའི་ཉིན་མོ་དེ་མ་ཁོམ་པའི་གསེང་ནས་བསླེབས་བྱུང་།
     ནམ་མ་ལངས་གོང་ལ། སྲིང་མོ་ཀིན་དང་ཡ་པོ་གཉིས་ཀྱིས་འཕྲུལ་རྟ་རེ་ཞོན་ནས་བསླེབས་བྱུང་། མི་རེས་རྒྱ་མ་བརྒྱ་ཅན་གྱི་འབྲས་ཆང་མར་ཕོག་པ་དང་ཡང་མདོག་ཁ་པོས་ཚོམས་ཁང་དུ་ཁྱེར།
     སྲིང་མོ་ཀིན་གྱིས་ཉིན་འདི་དག་ལ་ངེད་མ་བུ་གཉིས་ཀ་ཁྱོར་རོགས་བྱེད་དུ་ཡོང་ཟེར། ཡ་ཅིས་མི་དགོས་ཟེར། སྲིང་མོ་ཀིན་གྱིས་ཅིའི་ཕྱིར་མི་དགོས། འདིར་ཕྱི་ནང་གཉིས་ཀ་ཁྱོད་གཅིག་པུས་ཆོག་གམ། དེ་རིང་ཁྱོས་ང་ཕྱིར་བསྐྲོད་བསམ་ཀྱང་བསྐྲོད་མི་ཐུབ། ངའི་ཨ་ཕས་ང་ད་ཐེངས་བཏང་རག་འབུལ་བའི་ཇ་མར་བཀོད་སྒྲིག་བྱས་ཡོད་ཟེར་བཞིན་སྐག་སྐག་ངང་བགད་བྱུང་། བགད་ཚར་རྗེས་ཁོ་མོས་ད་ནས་བཟུང་ནས་ཉིན་འགའ་ལ་ཁྱོད་ཚང་གི་ཐབ་ཚང་ང་ལ་དབང་བ་ཡིན། ཁྱོའི་ཨ་ཅེ་གཉིས་ཀ་ངའི་ལག་རོགས་ཡིན། ངེད་ཚང་གི་ཡ་པོ་ཉིན་རེར་གྲོང་བརྡལ་དུ་སོང་ནས་ཁྱོར་ཚོད་མ་དང་ཤ། ད་དུང་ཅ་ལག་གཞན་པ་ཉོ་རོགས་བྱེད་ངེས་ཟེར།
     སྲིང་མོ་ཀིན་གྱིས་གློ་བུར་དུ་ཅི་ཞིག་དྲན་པ་ལྟར་ཨ་ནེ་ཧོང་ལེན་གང་དུ་ཡོད་ཟེར། ཡ་ཅིས་ངའི་ཨ་ཕས་རང་གི་འཁར་བ་ཁེན་ནས་འགྲོ་ཐུབ་པ་ནས་བཟུང་ངས་ཁོ་མོ་སྐབས་འགར་མ་གཏོགས་ཡོང་དུ་བཅུག་མེད། མི་ཁ་འཁོར་ངེས་ཟེར། སྲིང་མོ་ཀིན་གྱིས་ཁོ་གཉིས་མ་གཞི་ནས་གཅིག་ལ་ཁྱོ་ག་མེད་པ་དང་གཅིག་ལ་ཆུང་མ་མེད་པས་མཉམ་དུ་བསྡད་ཀྱང་ཚུལ་དང་མཐུན་པ་རེད། ཁྱོད་ཚོ་བུ་ཕྲུག་དག་མི་འཐད་པར་སྐྲག་ནས་ལྐོག་སུད་ངང་འགྲོ་འོང་བྱས་ཏེ་མིང་དོན་གཉིས་ཀ་ཚུལ་མཐུན་མིན་པས་མི་ཁ་འཁོར་བ་རེད། ཡང་མིན་ན་ཁོ་མོ་ཚུར་བསུས་ནས་ཁོ་གཉིས་མཉམ་དུ་འདུག་ཏུ་ཆུགས། འདི་ལྟར་བྱས་ན་མི་བཤད་དགུ་བཤད་བྱེད་མཁན་ཚོའི་ཁ་བཅད་པ་མ་ཟད། ཁྱོའི་ཨ་ཕར་ཡང་བདག་སྐྱོང་བྱེད་མཁན་ཡོད་པ་རེད། དཔྱིད་འགོ་ཚུགས་རྗེས་ཁྱོས་ཀྱང་སེམས་ལྷོད་ལ་བབས་ནས་སྒོར་མོ་བཙལ་དུ་སོང་ཆོག་ཟེར།
     ཡ་ཅིས་ཡང་བསྐྱར་ལྐུགས་པའི་བརྟུལ་ཞུགས་བཟུང་ནས་བསྡད།
     སྲིང་མོ་ཀིན་གྱིས་ངས་ཁྱོར་ཁོ་མོ་གླུ་མར་གདན་འདྲེན་བྱས་ཞེས་མངགས་ཡོད་པ་མ་ཡིན་ནམ། ཁྱོས་གདན་འདྲེན་ཞུས་སམ་ཟེར། ཡ་ཅིས་ཨ……ངས་བརྗེད་སོང་ཟེར། སྲིང་མོ་ཀིན་གྱིས་བརྗེད་སོང? འདི་འདྲའི་དོན་དག་གལ་ཆེན་ཞིག་ཀྱང་བརྗེད་སོང་། ངས་བལྟས་ན་ཁྱོས་རྩ་བ་ནས་ཁོ་མོ་གདན་འདྲེན་ཞུ་འདོད་མི་འདུག གླུ་མ་མེད་ན་ཁྱོས་བཏང་རག་འདི་འབུལ་དགོས་སམ་མི་དགོས་ཟེར། ཡ་ཅིས་ཨ་ཞང་གིས་བཤད་ན་གླུ་མ་གཅིག་གིས་ཆོག་ཟེར། སྲིང་མོ་ཀིན་གྱིས་ད་ལྟ་གླུ་མ་གཅིག་ཀྱང་མེད་པ་དེ་གནད་དོན་ཞིག་རེད་ཟེར། ཡ་ཅིས་ཁྱོའི་ཨ་ཕས་གཅིག་གདན་འདྲེན་ཞུས་ཡོད་ཟེར་བ་མིན་ནམ་ཟེར། སྲིང་མོ་ཀིན་གྱིས་གཅིག་གདན་འདྲེན་ཞུས་ཚར། ཡིན་ནའང་ཁོ་མོ་ཡོང་མི་ཐུབ་ཀི་ཟེར། ཡ་ཅིས་ཅིའི་ཕྱིར་ཟེར། སྲིང་མོ་ཀིན་གྱིས་ན་འདུག་ཟེར། ཡ་ཅིས་ཡང་ཨ་ཞེས་སྐད་ཅིག་ཕྱུངས་རྗེས་ད་ཇི་ལྟར་བྱ། མྱུར་དུ་ཨ་ནེ་ཧོང་ལེན་གདན་འདྲེན་ཞུ་རུ་སོང་ཟེར། ཡ་ཅིས་མགོ་བོ་འཕྲུག་བཞིན་ད་ལྟ་གདན་འདྲེན་ཞུས་ན་ཁོ་མོ་ཡོང་སྲིད་དམ་ཟེར། སྲིང་མོ་ཀིན་གྱིས་ད་ལྟ་སོང་ནའང་འཕྱི་མི་འདུག ཁྱོད་མྱུར་དུ་འཕྲུལ་རྟ་ཞོན་ནས་སོང་དང་། སྐར་མ་བཅུའི་ལམ་ཐག་ཙམ་མིན་ནམ་ཟེར།
     ཡ་ཅིས་ད་དུང་ཐེ་ཚོམ་བྱས་ནས་བསྡད།
     སྲིང་མོ་ཀིན་གྱིས་ཡ་པོ་ལ་ཁྱོད་ཨ་ཁུ་ཡ་ཅི་དང་མཉམ་དུ་སོང་ཟེར་བ་ན། ཡ་པོས་ལེགས་སོ་ཟེར།
     ཨ་ནེ་ཧོང་ལེན་གདན་འདྲེན་ཞུས་ཏེ་ཁྱིམ་དུ་ལོག་དུས་ཨ་ཞང་ཡང་བསླེབས་བྱུང་། མདང་དགོང་བསླེབས་པའི་ཨ་ཅེ་གཉིས་ཀ་སྔར་ནས་མལ་ལས་ལངས་ཏེ། སྲིང་མོ་ཀིན་དང་མཉམ་དུ་ཐབ་ཚང་ན་ལས་ལ་བྲེལ་གྱིན་འདུག
     སྲོལ་རྒྱུན་ལྟར་པིན་ཁྲུང་ས་ཆའི་ཞོགས་ཟས་ལ་འབྲས་བཙོ་དགོས། མེས་པོ་རྣམས་ནི་རི་འགོར་དང་ཞིང་ཁར་སོང་ནས་ངལ་རྩོལ་ལ་ཞུགས་དགོས་ལ། སྐྱེས་པ་མང་ཆེ་བས་ཆང་འཐུང་དགོས་པས་འབྲས་ཟ་དགོས་པ་ཡིན། ཨ་ཞང་བསླེབས་མ་ཐག་ཟ་མ་ཟ་འགོ་ཚུགས། སློབ་དཔོན་གཉིས་ཀ་ཡང་འཕྲུལ་རྟ་ཞོན་ནས་བསླེབས་པ་དང་། ཁོ་ཚོ་ནི་ཀྲའོ་ཧི་(诏禾)སློབ་དཔོན་ཏིན་བིན་ཧྥུའུ་དང་ཧྲང་པིན(赏兵)སློབ་དཔོན་ལི་བིན་ཅིན་རེད།
     འབྲས་ཆང་ཚ་པོ་ཆང་དཀར་གསུམ་བཏུང་བ་དང་། སློབ་དཔོན་ལི་བིན་ཅིན་གྱིས་ཡ་ཅི་ལོ་ག་ཚོད་ཡིན་པ་དྲིས། ཡ་ཅིས་ལོ་སུམ་ཅུ་སོ་བཞི་ཡིན་ཟེར། ལི་བིན་ཅིན་གྱིས་ལོ་ཚོད་འདི་ཧ་ཅང་ཡག ངས་ལོ་དེར་སློབ་དཔོན་བྱེད་པར་སྦྱངས་དུས་ཀྱང་ལོ་སུམ་ཅུའི་གཡས་གཡོན་ཡིན། ཁྱོས་སློབ་དཔོན་བྱེད་པར་འདང་བརྒྱབ་མྱོང་ངམ། སློབ་དཔོན་བྱེད་རྒྱུར་དགའ་འམ་ཟེར། ཡ་ཅིས་ལོ་རེར་ལོ་ཕག་བཤའ་དུས་ཨ་ཞང་ངེད་ཚང་ལ་ལོ་འགོད་བྱེད་རོགས་སུ་ཡོང་དུས། ངས་འགྲམ་ནས་ཉན་ཏེ་ཁོའི་འདོན་པ་མང་པོ་ཞིག་ངས་ངག་སྐྱོར་ཡང་གཏོང་ཐུབ་ཟེར། ལི་བིན་ཅིན་གྱིས་ངོ་མ་བཟང་གི ངས་བལྟས་ན་ཁྱོའི་བྱད་གཟུགས་ཀྱང་སློབ་དཔོན་བྱེད་པར་འཚམ། ཡང་མིན་ན་ང་ཁྱོའི་དགེ་རྒན་བྱས་ན་ག་འདྲ་འདུག་ཟེར།
     མི་ཆོག ཁོ་ཁྱོའི་དགེ་ཕྲུག་བྱས་མི་ཆོག་ཟེར་བའི་སྐད་སྒྲ་ཞིག་གྲགས་བྱུང་།
     སྐད་མགོ་ཧ་ཅང་མཐོ་བས་ཚང་མ་སྐྲག་ཏུ་བཅུག མ་གཞི་དེ་ནི་བཏང་རག་འབུལ་བའི་སློབ་དཔོན་ཧོང་ཅིན་ཞིའུ་ཁང་བའི་ནང་ཐོན་འདུག ཁོ་མར་བསྡད་ནས་ཆང་ཧུབ་དོ་འཐུང་བ་དང་། ཤ་རྡོག་གཅིག་བཟས་རྗེས། ལི་བིན་ཅིན་གྱིས་དེ་ན་ཁྱོས་ཤོད་དང་། ཡ་ཅི་ཅིའི་ཕྱིར་ངའི་དགེ་ཕྲུག་བྱེད་མི་རུང་ཟེར།
     ཧོང་ཅིན་ཞིའུ་ཡིས་རྒྱུ་མཚན་ནི་ཁོ་ངའི་དགེ་ཕྲུག་བྱེད་དགོས་ཟེར། ལི་བིན་ཅིན་གྱིས་ངས་ཁོར་ཐོག་མར་དྲིས་པ་ཡིན་ཟེར། ཧོང་ཅིན་ཞིའུ་ཡིས་ངས་ཁོ་ཐོག་མར་བློར་བབས་པ་ཡིན་ཟེར། ཡ་ཅིས་ལམ་སེང་ཆང་འཐུང་ཆང་འཐུང་ཟེར་ནས་བྱ་པེ་ཞན་དབྱིབས་ཀྱི་ཆང་དེམ་བཟུང་ནས་མགོ་བོ་ཐེངས་འགར་ལྡེམ་རྗེས་སློབ་དཔོན་གསུམ་པོའི་ཆང་དཀར་ནང་འབྲས་ཆང་གིས་གང་བྱུང་། སྐབས་འདིར་"ཚད"(标)གསུམ་ཀ་བསླེབས་བྱུང་། ཁོ་ཚོ་ནི་བཏང་རག་འབུལ་དུས་གོང་མ་ཕན་གི་གླུ་ལེན་མཁན་དང་། རྔ་རིང་ཞབས་བྲོ་འཁྲབ་མཁན། ད་དུང་ལྷ་ཁང་གི་རྒྱལ་བོ་འཁྲབ་མཁན་ཀྱི་སྐྱེས་པ་གསུམ་ཀ་ཡིན།
     ཡང་ཆང་དཀར་གསུམ་བཏུང་རྗེས་ཧོང་ཅིན་ཞིའུ་ཡིས་ཡ་ཅི་ངེས་པར་དུ་ངའི་དགེ་ཕྲུག་བྱེད་དུ་འཇུག་པའི་རྒྱུ་མཚན་ཁྱོས་ཤེས་སམ་ཟེར། ལི་བིན་ཅིན་གྱིས་མི་ཤེས་ཟེར། ཧོང་ཅིན་ཞིའུ་ཡིས་ཏོག་ཙམ་ནས་ཁྱོས་ཤེས་ཀི་རེད། ཡ་ཅི་ཁྱོའི་ཨ་ཕ་གང་ན་ཡོད་ཟེར། ཡ་ཅིས་ཁོས་ད་ལྟ་ཆང་འཐུང་མི་རུང་། འབྲས་དང་ཤ་ཉུང་ཙམ་ཟས་རྗེས་ཁང་བའི་ནང་ངལ་གསོ་རུ་བུད་སོང་ཟེར། ཧོང་ཅིན་ཞིའུ་ཡིས་ཁྱོད་སོང་ནས་ཁོ་ཁྲིད་ཤོག་དང་། ང་ལ་ཁོར་བཤད་རྒྱུའི་སྐད་ཆ་གལ་ཆེན་ཞིག་ཡོད་ཟེར།
     ཧོང་ལེན་གྱིས་ཀྱང་མཉམ་དུ་ཟ་མ་ཟ་བཞིན་ཡོད་པས། ཡ་ཅི་དང་མཉམ་དུ་ཁང་བའི་ནང་སོང་སྟེ་ཨ་ཕ་སྐྱོར་ནས་ཁྲིད་བྱུང་།
     བཏང་རག་ཆེ་བ་འདི་འབུལ་བར་སློབ་དཔོན་གྱིས་སྐད་ཆ་གལ་ཆེན་ག་ཚོད་བཅོལ་གདམས་བྱེད་སྲིད་པ་སུས་ཤེས། ཡིན་ནའང་ཡ་ཅིས་བློ་ཡུལ་ལས་འདས་བ་ནི་བཏང་རག་འབུལ་མཁན་སློབ་དཔོན་ཧོང་ཅིན་ཞིའུ་ཡིས་ཨ་ཕ་དང་བཤད་པའི་སྐད་ཆ་དེ་བཏང་རག་འབུལ་རྒྱུ་དང་འབྲེལ་བ་སྤུ་ཙམ་ཡང་མེད། ཡ་ཅིས་སློབ་དཔོན་བྱེད་མཁན་གྱི་གདོང་ལྤགས་ངེས་པར་མཐུག་དགོས་པ་ཤེས་ཡོད་ལ། དང་པོར་མི་མཐུག་ཀྱང་ཇེ་མཐུག་ཏུ་གཏོང་དགོས། འོན་ཀྱང་ཧོང་ཅིན་ཞིའུ་ཡི་གདོང་ལྤགས་དེ་རི་འགོའི་ཕག་རྒོད་ཀྱི་ཀོ་བ་ལས་ཀྱང་མཐུག་པ་ཁོའི་ཡིད་ལའང་མ་ཤར། མི་འདི་འདྲ་མང་པོ་ཞིག་གི་མདུན་ནས་རང་གི་བུ་མོ་སྲིང་མོ་ཀིན་ལ་གཉེན་བསླངས། སྲིང་མོ་ཀིན་གྱིས་ཐོས་རྗེས་ཅུང་ནག་པའི་གདོང་དེ་ལམ་སེང་དམར་ནག་ཏུ་གྱུར་བ་མ་ཟད། མར་སྒུར་ཏེ་སྦས་ནས་བསྡད། ཡ་ཅིའི་གདོང་ཡང་དེ་དང་བསྟུན་ནས་མར་སྒུར་ཏེ་སྦས།
     ཨ་ཕས་མ་གཞི་ནས་སྐད་ཆ་འཁྱོངས་མོ་ཞིག་བཤད་མི་ཐུབ་པས། སྐབས་འདིར་བཤད་པའི་སྐད་ཆ་དེ་ནི་དེ་བས་ཀྱང་མི་འཁྱོངས་བས་ཚིག་དག་མོ་གཅིག་མེད། བལྟས་ཡོང་ན་རང་མགོ་ཡང་ཐོན་དགའ་བའི་ཨ་ཕ་འདིས་རང་གི་བུའི་དོན་དག་ཐག་གཅོད་མི་ཐུབ་པས། ཁོས་ཧོན་ཐོར་བའི་མིག་ཟུང་གིས་སྐྱབས་སུ་རེ་བ་ལྟར་ཨ་ཞང་ལ་བལྟས།
     ཨ་ཞང་གིས་ཧོང་ཅིན་ཞིའུ་ལ་ཁྱོའི་བུ་མོ་ལོ་ག་ཚོད་ཡིན་ཞེས་དྲིས། ཧོང་ཅིན་ཞིའུ་ཡིས་ལྕགས་ཁྱི་ལོའི་ཟླ་བཅུ་གཅིག་པའི་ཚེས་གཉིས་ལ་སྐྱེས་པ་ཡིན་ཟེར། ཨ་ཞང་གིས་ཡ་ཅི་ཁྱོད་ག་དུས་སྐྱེས་པ་ཡིན་ནམ་ཟེར། ཡ་ཅིས་༡༩༧༨ལོའི་ལུགས་རྙིང་གི་ཟླ་གཉིས་པར་སྐྱེས་པ་ཡིན་ཟེར། ཨ་ཞང་གིས་མཛུབ་རྩིས་ཤིག་བརྒྱབ་རྗེས་གདོང་གི་རྣམ་འགྱུར་ལམ་སེང་འགྱུར་སོང་། ཁོས་བུད་མེད་ལོ་བརྒྱད་ཀྱིས་ཆེ་འདུག་ཟེར།
     ཧོང་ཅིན་ཞིའུ་ཡི་གདོང་ལས་དོགས་མི་བདེ་བའི་རྣམ་འགྱུར་བསྟན་ཡང་། ཅང་མ་འགོར་བར་གར་སོང་ཆ་མེད་དུ་གྱུར་ནས་བུད་མེད་ལོ་བརྒྱད་ཀྱིས་ཆེ་ན་རྒྱུ་ཐོག་ལ་རྒྱག་ཐུབ་ཟེར། དེ་ཙམ་ཆེ་ཡང་སྐྱོན་མེད། ཆེ་ན་མི་བཟང་ངམ། བུད་མེད་ཆེ་ན་ཁྱོ་གར་གཅེས་ཤེས་ཟེར།
     ཨ་ཅེ་ཆེ་བས་དེ་ཙམ་ཆེ་བ་མ་ཡིན་པར། ཆེ་རྒྱུ་མང་འདུག་ཟེར།
     ཧོང་ཅིན་ཞིའུ་ཡི་གདོང་ནས་ཡང་བསྐྱར་དོགས་མ་བདེ་བའི་རྣམ་འགྱུར་བསྟན་ཡང་ལམ་སེང་ཕྱིར་བསྡུས་ནས་ལོ་བཅུ་བརྒལ་མེད་པས་ཆེ་རྒྱུ་མང་མེད། ཡང་གཅིག་བཤད་ན་ངེད་ཚང་གི་སྲིང་མོ་ཀིན་བུད་མེད་གཞན་དང་མི་འདྲ་བར་ཕྱི་ལོགས་སུ་བྲོས་མི་འགྲོ་བར། ཁྱིམ་དུ་ཡག་པོ་བསྡད་ནས་རྒན་ལ་བཀུར་བ་དང་མི་ལ་གཅེས་ཤེས་ཟེར།
     སློབ་དཔོན་ཏིན་བིན་ཅིན་གྱིས་བུད་མེད་འདི་ལྟ་བུ་སུས་མནའ་མར་བསུ་ཐུབ་ན་དེའི་ཚེ་སྔོན་ལས་ཀྱིས་བསགས་པའི་བསོད་ནམས་རེད་ཟེར།
     ལི་བིན་ཅིན་གྱིས་ཀྱང་བཤད་རོགས་བྱས་ཏེ། གཉིས་ཀ་ཁྱིམ་དུ་བསྡད་ནས་ཞོར་ལས་སུ་མི་འགྲོ་ལ། གཅིག་ལ་ཁྱོ་ག་མེད་ཅིང་གཅིག་ལ་ཆུང་མ་མེད། མཉམ་དུ་འཚོ་བ་སྐྱེལ་ཐུབ་པ་ཡིན་ན་ངོ་མས་བཟང་གི་ཟེར།
     ཧོང་ཅིན་ཞིའུ་ཡིས་ད་ལྟ་ངེད་ཚང་གི་སྲིང་མོ་ཀིན་གྱི་ཆང་གི་ཚོང་ཡང་ཇེ་བཟང་ནས་ཇེ་བཟང་རེད། ཁོ་མོ་གཅིག་པུས་ལས་མགོ་མི་ཐོན་པས་ཚང་མ་ཡ་པོ་ལ་བརྟེན་དགོས། ཡིན་ནའང་ཡ་པོ་ད་ལག་ཆགས་ཡོད། ནམ་ཉི་མ་ཞིག་ལ་ན་གཞོན་ཚོ་དང་འདྲ་བར་ཕྱི་རུ་ཞོར་ལས་སུ་བུད་འགྲོ། ཡ་ཅི་ཁོ་མོ་དང་གཉེན་བསྒྲིགས་ཚེ་རྗེས་ཕྱོགས་ཁོ་གཉིས་ཀྱིས་མཉམ་དུ་ཆང་བསྙལ་ནས་བཙོང་ཆོག་ཟེར།
     ཏིན་བིན་ཅིན་གྱིས་ཧེ་ཧེ་ཞེས་དགོད་བཞིན་དེ་ལྟར་ཡིན་ཚེ་ངས་ཆང་ཡག་པོ་མི་རེག་པར་སེམས་ཁུར་བྱེད་མི་དགོས་ཟེར།
     ཨ་ཅེ་གཉིས་པས་གཞི་ནས་ཁ་གྲག་བྱུང་། ཁྱོད་ཚོས་མང་པོ་དེ་འདྲ་བཤད་ཀྱང་ཆོ་མེད། སྔོན་ལ་ཁོ་ཚོ་རང་ཉིད་ལ་དྲིས་དང་། དུས་རབས་ག་འདྲར་བསླེབས་འདུག ད་དུང་བཙན་ཤེད་གཉེན་སྒྲིག་བྱེད་དུ་འཇུག་འདོད་དམ་ཟེར།
     དེ་ནས་ཨ་ཞང་གིས་ཡ་ཅི་ཁྱོད་སྐྱེས་པ་ཞིག་རེད། སྔོན་ལ་ཁྱོས་ཤོད་དང་ཁྱོད་འཐད་པ་ཨེ་ཡིན་ཟེར།
     མི་ཚང་མས་ལམ་སེང་སྐད་ཆ་ཞིག་གོ་བྱུང་སྟེ། འཐད་པ་མིན!
     འོན་ཀྱང་དེ་ནི་ཡ་ཅིའི་སྐད་མ་རེད། ཡ་ཅི་སྔར་བཞིན་མགོ་སྒུར་ནས་བསྡད་ཡོད་པ་ལས་ཁ་གྲགས་མ་བྱུང་།
     འདི་ནི་བུད་མེད་ཀྱི་སྐད་ཅིག་རེད།
     ཆ་རྒྱུས་ཧ་ཅང་ཆེ་བའི་སྐད་ཆ་འདིས་ཡ་ཅི་གྲང་འདར་ཞིག་རྒྱག་ཏུ་བཅུག་སོང་། དེ་ནི་གྲི་རྣོན་པོ་ཞིག་དང་འདྲ་ལ། རང་ཉིད་བཤའ་བཞིན་པའི་ལོ་ཕག་ཅིག་དང་འདྲ་བར་དེས་སྙིང་ཁར་ཤེད་ཀྱིས་བསྣུན་བྱུང་།
     མི་ཚང་མའི་ངོམགདོང་སྐད་ཆའི་ཕྱོགས་སུ་འཁོར། ཚོམས་ཁང་དུ་འོངས་བའི་མི་དེ་སུ་ཡིན་པ་གསལ་བོར་མཐོང་དུས་མི་མང་ཆེ་བས་གདོང་ནག་པོ་བསྟན་བྱུང་།
     ཡ་ཅིས་ཀྱང་མགོ་དལ་མོར་ཡར་བཀྱགས་བྱུང་། ཁོས་ཧ་ལས་པའི་ངང་ཁོ་མོར་བལྟས་ནས་བསྡད་པ་དང་། ཁྱོད་ཡང་ཅིའི་ཕྱིར་ཡོང་བ་ཡིན་ཟེར། སྲིང་མོ་ལིས་ང་ཅིའི་ཕྱིར་ཡོང་མི་རུང་། འདི་མ་གཞི་ནས་ངའི་ཁྱིམ་ཡིན་ཟེར། ཡ་ཅིས་འདི་ཁྱོས་ཁྱིམ་མ་རེད། ཁྱོས་སྔ་མོ་ནས་ཁྱིམ་གཡུག་པ་རེད་ཟེར། སྲིང་མོ་ལིས་སུས་ཁྱོར་ཁྱིམ་མི་དགོས་ཟེར། ཁྱོས་ང་རང་སྒོ་ཕྱིར་བསྐྲད་དེ་ལོག་མ་བཅུག་པ་རེད་ཟེར།
     ཡ་ཅིས་ཁྱོད་ལ་རང་ཉིད་ཀྱི་ཁྱིམ་ཡོད་བཞིན་དུ་དེར་མི་འགྲོ། ང་ལ་དགོས་པ་ནི་ཁྱིམ་འདུག་བུད་མེད་ཅིག་ཡིན་ཟེར།
     སྲིང་མོ་ལིས་ལོ་དེར་ངས་ང་རང་ཁྱིམ་འདུག་བྱེད་ཟེར་ནས་ཁྱོད་སྒོར་མོ་བཙལ་དུ་མངགས། ཡིན་ནའང་ཁྱོད་སོང་ནས་ལོ་གཅིག་ལ་ཞོར་ལས་བྱས་ཀྱང་སྒོར་མོ་བཙལ་ཐུབ་བམ། ཁྱོད་ཡུལ་ལ་ལོག་རྗེས་ཕྱིར་ཞོར་ལས་སུ་འགྲོ་འདོད་མེད། གལ་ཏེ་ང་ཡང་མ་སོང་ན་ངེད་ཚང་ལ་སྒོར་མོ་གང་ནས་ཡོང་། ཡ་ཧྲིན་ད་དུང་ལོ་ཆུང་། ཆེན་པོ་ཆགས་ཏེ་དཔེ་ཆ་བཏོན་པ་ཧ་ཅང་བཟང་ན་ཅི་བྱ། ང་ཚོ་ཉིན་རྒྱུན་ཁྱིམ་དུ་བསྡད་ནས་སྒོར་མོ་བཙལ་དུ་མ་སོང་ན་ཁོ་མུ་མཐུད་དུ་སློབ་གྲྭར་ཇི་ལྟར་སྐྱེལ། ཁོ་སློབ་སྦྱོང་ལ་མི་ལེགས་པའི་དབང་དུ་བཏང་ནའང་ད་ལྟ་ཨར་འདམ་གྱི་གཞུང་ལམ་ལས་བཞིན་ཡོད་པས། ཁྱིམ་ཚང་ཚང་མས་ཨར་འདམ་གྱི་ཐོག་ཁང་ལས་པར་གྲ་སྒྲིག་བྱེད་ཀྱིན་འདུག ང་ཚོས་ལས་ཐུབ་བམ་ཟེར།
     ཡ་ཅིས་སུས་ངས་སྒོར་མོ་བཙལ་མི་ཐུབ་ཟེར། སྒོར་མོ་བཙལ་བའི་གོ་སྐབས་ལྡན་ཚེ་ངས་ཧུར་ཐག་བྱས་པ་ཡིན། ངས་ད་ལྟ་སྦྱིན་བདག་མཱ་ལ་ཤིང་གཅོད་རོགས་བྱེད་པ་དང་། ཡང་ན་ཨེན་སྡོང་འཛུགས་པའི་སྦྱིན་བདག་ཧོང་ལ་གླ་རྒྱག་གི་ཡོད། ཉིན་རེར་གླ་ཕོགས་སྒོར་བརྒྱ་རེ་ཡོད། ཁྱིམ་ཚང་འདི་ངས་དཀའ་ལས་བརྒྱབ་ནས་སྒོར་མོ་བཙལ་ཏེ་ཁ་གསོ་བ་མ་གཏོགས་ཁྱོས་གསོ་བ་ཡིན་ནམ་ཟེར།
     ཨ་ཅེ་ཆེ་བས་ཁྱོས་སྒོར་མོ་བཙལ་ཡོད་ཟེར། འོན་ཀྱང་ཁྱོའི་སྒོར་མོ་གང་ན་ཡོད་ཟེར།
     སྲིང་མོ་ལིས་བཟའ་འཐོར་མ་བྱས་སྔོན་ལ་ངས་ཟླ་རེར་ཁྱིམ་ལ་དངུལ་སྐུར་བ་མིན་ནམ་ཟེར།
     ཨ་ཅེ་འབྲིང་བས་ཁྱོས་སྒོར་མོ་ཇི་ལྟར་བཙལ་བ་ཡིན། ཁྱོད་ལོག་ཡོང་བར་ངོ་མི་ཚའམ་ཟེར།
     སྲིང་མོ་ལིས་ལག་པས་གདོང་བཀབ་ནས་ངུས་བྱུང་། ཡིན་ནའང་རང་ཉིད་ཀྱི་མིག་ཆུ་དག་འགེབ་མ་ཐུབ། ཡ་ཅིས་མིག་ཆུ་དེ་དག་ཁོ་མོའི་སྦར་སྲུབ་ནས་ཨུ་ཚུགས་ངང་ཕྱིར་བཞུར་འོངས་བ་མཐོང་བ་དང་། དེ་དག་གས་ཆག་བྱུང་དུས་ཀྱི་ཧྲག་སྒྲ་ཡང་ཐོས་བྱུང་ལ། རང་ཉིད་ཀྱི་སེམས་ཡང་སྐད་ཅིག་ཉིད་ལ་ཧྲུག་ཆག་ཏུ་གྱུར་སོང་།
     ཡ་ཅིའི་བློ་ཡུལ་ལས་འདས་བ་ནི་ཡ་ཧྲིན་སྲིང་མོ་ལིའི་མདུན་དུ་སོང་བ་དང་། ངོ་གདོང་ཆུང་ཆུང་དེ་ལས་སྐྱོ་བའི་ཉམས་འགྱུར་མངོན་པ་མ་ཟད། ད་དུང་སྐད་ཆུང་ངུས་ཨ་མ་ཞེས་ལན་གཉིས་བོས།
     སྲིང་མོ་ལིས་དེ་མ་ཐག་གདོང་བཀབ་པའི་ལག་གཉིས་བླངས་བ་ན་ངུ་སྐད་དང་མིག་ཆུ་གང་སར་འཐོར། ཁོ་མོས་གློ་བུར་དུ་བུ་ཡ་ཧྲིན་གྱི་ལུས་ལ་གྱོན་པ་ནི་ཁོ་མོས་ཉོས་པའི་ལྭ་བ་ཆ་ཚང་གཉིས་ལས་གཅིག་ཡིན་པ་མཐོངབྱུང་། ཁོ་མོས་བསྙབ་ཐེངས་གཅིག་གིས་ཡ་ཧྲིན་པང་པར་བཏབ།
     ཡ་ཅིས་ཁྱོས་བུ་སྐྲག་དུ་འཇུག་ངེས། ཡ་ཧྲིན་ཚུར་ཤོག་ཟེར་བཞིན་ཡ་ཅི་ཡར་ལངས་ནས་ཁོ་མོའི་མདུན་དུ་སོང་སྟེ་ཡ་ཧྲིན་འཐེན།
     ཡ་ཧྲིན་གྱིས་ཨ་ཕ་ང་མི་སྐྲག་ཞེས་བཤད་པ་དང་། ཡང་ཕར་འཁོར་ནས་སྐད་ཆུང་ངུས་ཨ་མ་ཁྱོད་མ་ངུ་ཟེར་བཞིན་རྐང་རྩེར་བརྟེན་ནས་ཡར་ལངས་བ་དང་ལག་པ་ཆུང་ཆུང་དེ་བསྲིངས་ནས་སྲིང་མོ་ལིའི་གདོང་གི་མིག་ཆུ་འབྱིད་རྩིས་བྱས་ཡང་ཁོ་མ་བརྩེབས། དེ་ནས་སྲིང་མོ་ལིས་རང་གིས་མིག་ཆུ་ཕྱིས་བ་དང་ངུ་མཚམས་བཞག ཁོ་མོས་ལོ་དེར་བཟའ་འཐོར་བྱེད་པར་ང་གཏན་ནས་མི་འཐད། ཡ་ཅིས་ང་བཙན་གྱིས་འཐོར་དུ་བཅུག ང་ཡང་མི་འགྲིག་ས་ཡོད། ཡ་ཅི་དགོངས་པ་མ་ཚོམ། ཡིན་ནའང་ངས་བློ་གཅིག་སེམས་གཅིག་གིས་ཁྱིམ་འདིའི་ཆེད་དུ་བསྒྲུབ་པ་ཡིན། བཟའ་འཐོར་བྱས་རྗེས་ངས་སྒོར་མོ་ཚང་མ་གསོག་འཇོག་བྱས་ཡོད། ན་ནིང་ངས་ལོ་གཅིག་ལ་འདང་བརྒྱབ་པ་ཡིན། ད་ལྟ་འདང་ཕོག་སོང་། ང་ཡ་ཅི་དང་ཁྱོ་ཤུག་གི་འབྲེལ་བ་སླར་གསོ་བྱེད་འདོད། ད་ཐེངས་ལོ་སར་དུས་ལོག་ཡོང་བ་ནས་བཟུང་ང་ཕ་མའི་ཁྱིམ་ན་བསྡད་ཡོད། ཁོ་ཚོས་ང་ཁྱི་ལས་ཀྱང་བཙོག་ཞེས་སྡིགས་མོ་བྱེད། ཁོ་ཚོས་ཀྱང་ང་ལ་ཁྱོ་ཤུག་གི་འབྲེལ་བ་སླར་གསོ་བྱེད་པར་ཁ་ཏ་བྱེད། སྤྱིར་ང་ད་དུང་སོང་ནས་སྒོར་མོ་ཉིན་འགའ་ལ་བཙལ་འདོད་མོད། ད་ལྟ་ངས་འདང་ཕོག་ཡོད། ང་ཡ་ཅི་དང་ཁྱོ་ཤུག་གི་འབྲེལ་བ་སླར་གསོ་བྱེད་ཐུབ་ཚེ། ང་ནམ་ཡང་ཕྱི་རུ་མི་འགྲོ་ཟེར།
     ཡ་ཅིས་ངས་ད་དུང་ཁྱོད་ཡིད་ཆེས་བྱེད་སྲིད་དམ་ཟེར།
     སྲིང་མོ་ལིས་ཁྱོད་གལ་ཏེ་ང་ལ་ཡིད་ཆེས་མེད་ན་ངས་སྒོར་མོ་ཡོད་ཚད་ཁྱོད་ལ་སྟེར། ཁྱོར་ཨར་འདམ་གྱི་ཐོག་ཁང་ཞིག་ལས། ད་ཐེངས་བཏང་རག་འབུལ་བའི་དངུལ་ཡོད་ཚད་ངས་བཏོན་ཆོག གོ་ཐོས་ལྟར་ན་དམག་མཆོད་(དམག་ལ་མཆོད་པ་ཕུལ་དགོས། དེ་ནི་གོང་མ་ཕན་ལ་བཏང་རག་འབུལ་བའི་ཆོ་གའི་རྣམ་གྲངས་ཞིག་ཡིན།)བྱེད་དུས་ཁྱིམ་བདག་ཁྱོ་ཤུག་གཉིས་ཀྱིས་འབྲུ་སྙེ་བླུགས་པའི་འཁྲབ་མ་མཉམ་དུ་ཁང་བའི་ནང་ཁྱེར་དགོས་ཟེར། ངས་གོང་མ་ཕན་དང་ཡབ་མེས་ཚོའི་མདུན་ནས་ཡ་ཅི་དང་མཉམ་དུ་འཁྲབ་མ་འདི་འཁྱེར་འདོད་ལ། ཁོ་ཚོ་ངེད་གཉིས་ཀྱི་ཁྱོ་ཤུག་གི་འབྲེལ་བ་སླར་གསོ་བྱུང་བའི་དཔང་མི་བྱེད་དུ་འཇུག་འདོད་ཟེར།
     ཧོང་ཅིན་ཞིའུ་ཡིས་གཞི་ནས་བསྲན་མ་ཐུབ་པར་ཁ་གྲགས་བྱུང་། ཁྱོད་གཉིས་དང་ཐོག་གཉེན་སྒྲིག་དུས་གཉེན་སྡེབ་(合婚)བྱས་མེད་དམ་ཟེར།
     ཨ་ཞང་གིས་བྱས་ཡོད། ང་ཁོ་ཚོའི་ཆུ་དྭངས་རྒད་པོ་(གཉེན་སྟོན་ལ་མགོ་འཛིན་བྱེད་མཁན་སློབ་དཔོན།)བྱས་ཏེ་ཁོ་ཚོའི་ཡབ་མེས་ཀྱི་མདུན་ནས་གཉེན་སྡེབ་པ་ཚང་མས་ཤེས། ཁོ་གཉིས་ཀྱིས་མཛད་སྒོ་རྒྱ་ཆེན་པོ་མ་སྤེལ་ཀྱང་གསོལ་སྟོན་ཆུང་ཆུང་ཞིག་བཤམས་པ་ཡིན་ཟེར།
     ཧོང་ཅིན་ཞིའུ་ཡིས་བལྟས་ཡོང་ན་ཁྱོད་གཉིས་བཟའ་འཐོར་བྱས་པས་ལས་འབྲེལ་རྫོགས་འདུག ཁ་དཔེ་ལའང་ཆར་སྡོད་བྱིའུ་ཁ་སྐོམ་ཡང་ས་ལ་བབས་པའི་ཆུ་མི་འཐུང་ཟེར། ད་ཆ་ངེད་ཚང་གི་སྲིང་མོ་ཀིན་གྱིས་ཡ་ཅི་བློར་བབས་པ་དང་། ཁོ་མོས་བཤད་ན་ཡ་ཅི་ཡང་ཁོ་མོར་ཧ་ཅང་དགའ་ཟེར། ཡ་ཅི་ཁྱོས་ཤོད་དང་དེ་འདྲ་ཞིག་ཨེ་རེད་ཟེར།
     སློབ་དཔོན་ཆེན་མོ་འདིས་ཡང་བསྐྱར་འདི་ལྟར་དམར་རྗེན་དུ་དྲིས་པ་ཡ་ཅིའི་བློ་ཡུལ་ལས་འདས། ད་ལྟ་ཁོའི་སེམས་ནི་རླུང་གཡུག་ནས་གང་སར་གཏོར་བའི་རི་སིལ་ལས་ཀྱང་ཟ་རི་པ་རི་ཆགས་སོང་། དར་ཅིག་ལ་ཇི་ལྟར་ལན་འདེབས་དགོས་པ་ཡང་མ་ཤེས། ངོ་ཚ་ནས་གདོང་དམར་བྱ་ཕོ་ལྟ་བུར་གྱུར་ཏེ་མགོ་བོ་དང་གར་སྨད།
     ཧོང་ཅིན་ཞིའུ་ཡིས་ཕོ་ཁྱོ་ག་ཞིག་ངོ་ཚ་དོན་ཅི་ཡོད། ངས་ཁྱོད་མག་པར་བསུ་རྒྱུ་མ་ཟད། ད་དུང་དགེ་ཕྲུག་རུ་བསྡུས་ཏེ་ཁྱོད་སློབ་དཔོན་ཞིག་ཏུ་བསྐྱེད་བསྲིང་བྱ་རྒྱུ་ཡིན། མ་འོངས་བར་སློབ་དཔོན་བྱེད་པའི་མི་འདི་ལྟར་ངོ་ཚ་ན་ག་ལ་འགྲིག ཡ་ཅི་མགོ་བོ་ཡར་བཀྱགས་ནས་ང་ལ་བལྟས་ཤིག་ཟེར།
     ཡ་ཅི་ཐབས་ཟད་ནས་མགོ་བོ་ཡར་བཀྱགས་ཀྱང་མིག་མདངས་ནི་ཟ་རི་པ་རི་ཡིན། ཁོས་ཧོང་ཅིན་ཞིའུ་ཡི་གླག་རྒོད་ཀྱི་མིག་ལྟ་བུའི་མིག་མདངས་རྣོན་པོ་དེར་བསྟུན་ཐབས་བྲལ་བས། ལི་བིན་ཅིན་གྱི་ཕྱོགས་སུ་འཁོར་ནས་བསྡད།
     ཧོང་ཅིན་ཞིའུ་ཡིས་ང་ལ་བལྟས་ཤིག ངེད་ཚང་གི་སྲིང་མོ་ཀིན་ལ་ཁྱོད་དགའ་འམ་མི་དགའ་མགྱོགས་པོར་ཤོད་དང་ཟེར།
     སྲིང་མོ་ལིས་ངས་ད་བར་གདོང་ལྤགས་མཐུག་པའི་མི་འདི་འདྲ་མཐོང་མྱོང་མེད། བོས་ན་མིང་ཡོད་པའི་སློབ་དཔོན་ཆེན་མོ་ཞིག་གིས་འདི་ལྟར་མི་གཞན་ལ་ཚ་འདྲི་བྱེད་སྲོལ་ཡོད་དམ། ཡ་ཅི་ཁྱོས་ཁོར་ལྟ་མི་དགོས། ང་ལ་བལྟས་ན་འགྲིག་གམ། ཁྱོས་སེམས་ན་ད་དུང་ང་ཡོད་པ་ངས་ཤེས་ཡོད། ངའི་ཆེད་མིན་རུང་ང་ཚོའི་བུ་ཡ་ཧྲིན་ལ་འདང་རྒྱག་དགོས་ཟེར་བཞིན། པང་གི་ཡ་ཧྲིན་བཏང་རྗེས་གློ་བུར་དུ་ཁུག་མ་ལས་དངོས་བོ་བསྡམས་མ་ཞིག་བཏོན་ནས་ཐག་སྒྲ་དང་བཅས་ཡ་ཅིའི་མདུན་གྱི་ཅོག་ཙེའི་སྟེང་བཞག་པ་དང་། འདི་ནི་བཏང་རག་འབུལ་སྤྱད་ཡིན་ཟེར། མ་གཞི་དེ་ནི་དམར་མདོག་གི་སྒོར་མོ་ཆག་པ་གཅིག་རེད། ལམ་སེང་མི་ཐམས་ཅད་ཁ་རོག་གེར་བསྡད། ཡ་ཅིའི་ལུས་པོ་སྔོན་ལ་འདར་ཙམ་བྱས་པ་དང་དེ་ནས་དབང་མེད་དུ་གསེག་ནས་ཕྱི་ནུར་འགའ་བྱས། ཚུལ་དེར་བལྟས་ན་ཁོའི་མདུན་དུ་ཡོད་པ་ནི་སྒོར་མོ་ཁྲི་གཅིག་མ་ཡིན་པར་འགད་རྫས་ཞིག་ཡིན་པ་དང་མཚུངས།
     ཧོང་ཅིན་ཞིའུ་ཡིས་རང་གི་དགོངས་དོན་སྔར་བཞིན་རྒྱུན་འཁྱོངས་བྱེད་བཞིན་ཡ་ཅི་ཁྱོས་མིག་མདུན་གྱི་དངུལ་ཁོ་ནར་ལྟ་མི་རུང་། ཁྱོས་ངེད་ཚང་གི་སྲིང་མོ་ཀིན་བློར་འབབ་ཞེས་ཚིག་གཅིག་བཤད་ཚེ་ངས་ཁྱོད་གཉིས་ལ་འཁྲབ་མ་ཁང་བའི་ནང་ཁྱེར་ཏུ་བཅུག་ཆོག་ཟེར།
     སྲིང་མོ་ཀིན་གྱིས་སྔ་མོ་ནས་མགོ་ཡར་བཀྱགས་འདུག ཁོ་མོས་ཡ་ཅིར་བཏང་རག་འབུལ་བའི་དངུལ་ངས་ཀྱང་ཁྱོར་རོགས་བྱས་ཆོག གལ་ཏེ་ཁྱོད་ང་དང་གཉེན་སྒྲིག་རྒྱུར་འཐད་པ་བྱུང་ཚེ། སྡེ་བའི་ནང་གི་ཨར་འདམ་གྱི་གཞུང་ལམ་ལས་མ་ཐག ང་ཚོས་ཀྱང་ལམ་སེང་ཨར་འདམ་གྱི་ཐོག་ཁང་ལས་ཆོག་ཟེར།
     མི་ཚང་མས་བཤད་པའི་སྐད་ཆ་དེ་འབར་རྫས་བཟོ་བྱེད་ཀྱི་གཏེར་སྨན་ཇི་བཞིན་ཁོའི་ཀླད་པར་བརྫངས་བྱུང་བས། ཡ་ཅིས་རང་གི་ཀླད་པ་འགད་ལ་ཁད་བྱེད་པ་ཚོར་བྱུང་། ཁོས་ང་ལ་ཁྱོད་ཚོའི་སྒོར་མོ་མི་དགོས། ངས་ཁྱོད་ཚོའི་སྒོར་མོ་ལེན་མི་སྲིད། བཏང་རག་འབུལ་བའི་དངུལ་ངས་གྲ་སྒྲིག་བྱས་ཡོད་ཞེས་བཤད་རྗེས་ཁོ་ཡར་ལངས་ནས་ཅོག་ཙེ་དང་བྲལ་ལ། འགད་རྫས་ལྟ་བུའི་སྒོར་མོ་ཁྲི་གཅིག་དེ་དང་བྲལ།
     སྐབས་འདིར་བུ་མོ་ཆུང་ཆུང་གསུམ་ཀ་ནང་དུ་འཛུལ་བྱུང་།
     ལི་བིན་ཅིན་གྱིས་བུ་མོ་བསླེབས་བྱུང་། ཧོང་ཅིན་ཞིའུ་ཁྱོད་འདིས་བཏང་རག་འབུལ་བའི་སློབ་དཔོན་ཇི་ལྟར་བྱས་པ་ཡིན། དེ་རིང་ང་ཚོ་ཁོ་ཚང་ལ་ཅི་ཞིག་བྱེད་དུ་འོངས་བ་ཡིན། ཁྱོའི་བུ་མོའི་གཉེན་ཆང་འཐུང་སར་གྱུར་བ་འདི་ཅི་རེད་ཟེར།
     ཧོང་ཅིན་ཞིའུ་ཡི་གདོང་ནས་དོགས་མི་བདེ་བའི་རྣམ་འགྱུར་བསྟན། བཏང་རག་མ་ཕུལ་གོང་ལ་གཉེན་ཆང་ཞིག་བཏུང་བར་སྐྱོན་ཅི་ཡོད་ཟེར།
     ལི་བིན་ཅིན་གྱིས་སྐྱོན་ཡོད། སྐྱོན་ཆེན་པོ་ཡོད། འདི་ལྟར་བྱས་གོམས་སྲོལ་དང་འགལ་ངེས་ཟེར།
     མི་གཞན་པ་ཚང་མ་དལ་ཅག་གེར་བསྡད།
     ཨ་ཞང་གིས་སྲིང་མོ་ལི་ལ་ཁྱོས་སྔོན་ལ་སྒོར་མོ་ཕྱིར་ཁྱེར་དང་། དོན་དག་ཡོད་ན་བཏང་རག་ཕུལ་ཚར་རྗེས་གྲོས་བསྡུར་བྱས་ན་ག་འདྲ་འདུག་ཟེར།
     སྲིང་མོ་ལིས་མི་ཆོག སྒོར་མོ་ངས་བྱིན་ཚར་བས་ཕྱིར་ཁྱེར་རྩིས་གཏན་ནས་བྱེད་ཀི་མེད། ཁྱོད་ཚོས་མ་བླངས་ན་བོར་སོང་རུང་ཁྱོད་ཚོའི་སྒོར་མོ་རེད་ཟེར།
     དེར་མཐུད་ནས་ཨ་ཞང་གི་སྐད་མགོ་ཇེ་མཐོར་སོང་། ཁྱོས་རྙོག་དྲ་སློང་གི་མ་འདུག་ཟེར་བཞིན་སྒོར་མོ་ཆག་པ་དེ་བཟུང་ནས་ཁོ་མོའི་ལག་པར་ཕག་སྒྲ་དང་བཅས་བཞག་པ་དང་། ཡག་པོ་ཉར་ཤིག སྒོར་མོ་བཙལ་རྒྱུ་ཡང་ལས་སླ་མོ་མིན་ཟེར།
     ཀྲའོ་ཧི(诏禾)སློབ་དཔོན་ཏིན་བིན་ཧྥུའུ་ཡིས་སྐབས་འདིར་སྐད་ཆེན་པོས་ད་སྔ་རྒྱུ་མི་འདུག ཞོགས་ཟས་ཀྱི་མཚམས་འདི་ནས་འཇོག་རྒྱུ་བྱས། ཇ་མ་ཚོས་མྱུར་དུ་དཀར་སྡེར་དག་བསྡུ་གསོག་བྱས་ཏེ་ཅོག་ཙེ་གཙང་མར་ཕྱིས་ཤིག ཏག་ཏག་ཆུ་ཚོད་བཅུ་གཉིས་སྟེང་བཏང་རག་འབུལ་བའི་ཆོ་ག་འགོ་བརྩམས་རྒྱུ་བྱེད་ཟེར། ཁོས་གཅིག་རྗེས་གཉིས་མཐུད་ངང་ཡར་ལངས་བའི་མི་ཚང་མར་མིག་ཉུལ་ཅིག་བྱས་པ་དང་ཚང་མས་ལས་བགོས་ལྟར་རང་རང་གི་ལས་ཀར་འགན་ཡག་པོ་འཁུར་དགོས། ད་ཅིའི་རྩོད་གཞི་དེ་དག་གནས་སྐབས་གཡུག་ཞོག བཏང་རག་ཕུལ་ཚར་དུས་བཤད་ཟེར།
     མི་རྣམས་ཀྱིས་རང་རང་ས་ནས་ལས་འགོ་བརྩམས་བྱུང་།
     སྲིང་མོ་ལི་གཅིག་པུ་ཚོམས་ཁང་གི་གཡོན་ཕྱོགས་ཀྱི་གྲུ་ག་དེར་ལངས་ནས་ཧད་འདུག མིག་ཆུ་སླར་ཡང་བཞུར་བྱུང་། མིག་ཆུའི་ཐིགས་པ་རེ་རེ་དམར་མདོག་གི་སྒོར་མོ་ཆག་པའི་སྟེང་ལྷུང་ནས་ཀླད་ཀྱི་ཤོག་སྒོར་འགའ་ཤས་ལམ་སེང་སྙི་མོར་གྱུར། སྲིང་མོ་ལིས་བལྟས་ཀིན་བལྟས་ཀིན་འདང་མི་ཕོག་ས་གཅིག་ཡོད་པ་ནི། སྔོན་ཆད་ཁོ་མོའི་མིག་ཆུ་ལྷུང་མ་ཐག ཡ་ཅིའི་སེམས་ནི་རློན་པར་བཏང་བའི་ཤོག་སྒོར་ལྟར་ལམ་སེང་སྙི་མོར་གྱུར་ངེས་ཀྱང་། ད་ལྟ་ཁོ་མོས་མིག་ཆུ་དེ་འདྲ་མང་པོ་བཏང་ཡང་ཁོའི་སེམས་སྙི་མོར་མི་འགྱུར་བ་དེ་ཅི་ཡིན་ནམ།
     དུས་ཚོད་བསླེབས་སོང་། བཏང་རག་འབུལ་བར་བྱ་ཟེར་བའི་སྐད་ཅིག་གྲགས་བྱུང་།
     ཆོ་ག་འགོ་རྩོམ། ཇ་མས་མྱུར་དུ་ཚོད་མ་དང་ཆང་གང་བཟང་བཤམས་རོགས། ཁྱིམ་བདག་དང་སློབ་དཔོན། ཚད། གླུ་མ། བུ་མོ་རྣམས་འདུག་གནས་སུ་འཁོད་རོགས་ཟེར་བའི་སྐད་ཅིག་གྲགས་བྱུང་།
     སྐད་འདི་གཉིས་ཀ་ལས་ཐོག་མའི་སྐད་གསེང་མཐོན་པོ་དེ་ནི་སློབ་དཔོན་ཧོང་ཅིན་ཞིའུ་དང་རྗེས་མའི་ཕྲ་ཅིང་འདར་བའི་སྐད་དེ་ནི་ཧྲང་པིན(赏兵)སློབ་དཔོན་ལི་བིན་ཅིན་གྱི་རེད།
     སྐད་འདི་གཉིས་ཀྱིས་ཀྱང་སྲིང་མོ་ལི་ཧད་འདུག་པའི་རྣམ་པ་དེ་ལས་སད་དུ་འཇུག་མ་ཐུབ་ལ། ཁོ་མོའི་མིག་ཆུ་དེ་དག་གི་མཚམས་ཡང་གཅོད་མ་ཐུབ། ཡ་ཅིས་གཞི་ནས་ཁོ་མོར་དོ་སྣང་བྱེད་དུས་མོའི་ལག་གི་སྒོར་མོ་ཆག་པ་དེ་རིམ་པ་བཞིན་རློན་པར་བཏང་འདུག་ལ། ད་དུང་མུ་མཐུད་དུ་རློན་པར་གཏོང་བཞིན་འདུག
ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།