logo

ལྡོང་སྲས་ཨ་བྷེའི་སྒྲུང་ཐུང《སྙན་ངག་པ་ཤི་བ》།

རྩོམ་པ་པོ།:ལྡོང་སྲས་ཨ་བྷེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-12-10 ཀློག་གྲངས།:
     ཁོ་མགྲོན་ཁང་དེའི་ཐོག་ཁང་བཞི་བ་ནས་མར་བབས་ཏེ་ཕྱི་ལ་ཡོང་སྐབས། བུ་མོ་དེས་ཁོ་གཉིས་འཕྲད་སའི་མགྲོན་ཁང་ཆུང་ཆུང་དེའི་སྒེའུ་ཁུང་ལས་མགོ་བོ་ཕྱིར་ཕུད་ནས་ཁོའི་རྗེས་སུ་བལྟས་འདུག  སྐབས་དེར་ཁོའི་སེམས་སུ་སྨྲ་བསམ་བརྗོད་འདས་ཀྱི་སྐྱོ་སྣང་ཞིག་སྐྱེས་ཤིང་། གོམ་འགྲོས་ཅུང་ཇེ་མགྱོགས་སུ་བཏང་སྟེ་མེ་འཁོར་ས་ཚིགས་ཀྱི་ཕྱོགས་སུ་ཕྱིན་སོང་།  
     ཁོ་ལན་གྲུའི་མེ་འཁོར་ཞིག་ཏུ་བསྡད་དེ་ཟི་ལིང་ལ་ཆས་པའི་ལམ་དུ། མི་ལོ་གསུམ་སྔོན་གྱི་འདས་དོན་ཞིག་དྲན། དེ་ནི་ཁོ་རང་མཐོ་འབྲིང་ལོ་རིམ་གསུམ་པའི་སྐབས་ཤིག་སྟེ། མཚན་མོའི་དགོང་སྦྱོང་གྲོལ་རྗེས། ཁོ་དང་རིག་འཛིན་དབང་མོ་གཉིས་ཀྱིས་རྒྱུན་དུ་དུས་ཆད་འདེབས་པར་བྱེད།
     དེ་དུས་རིག་འཛིན་དབང་མོ་མཐོ་གསུམ་འཛིན་གྲྭ་དྲུག་པ་ཡིན་ལ། དབང་ལྡན་ཁོ་འཛིན་གྲྭ་བཅུ་བ་ཡིན། འཛིན་གྲྭ་སོ་སོའི་སློབ་བུ་དག་རང་རང་གི་མལ་ཁང་དུ་ཕྱིན་རྗེས། ད་གཟོད་ཁོ་གཉིས་ལ་རང་དབང་གི་འཇིག་རྟེན་ཆུང་ངུ་ཞིག་ཡོད། ས་གནས་ཤིག་གཏན་འཁེལ་བྱས་རྗེས་ནམ་རྒྱུན་དུ་དེ་རུ་འཕྲད་ཀྱིན་ཡོད། རིག་འཛིན་དབང་མོ་ཁ་གྲག་རྒྱུར་དེ་འདྲ་མི་དགའ་བས། ཁོ་གཉིས་ནམ་འཕྲད་ཀྱང་། སྐད་ཆ་མང་བོ་བཤད་མཁན་ནི་ཁོ་རང་གཅིག་པུ་ཡིན། ཡིན་ནའང་། དབང་ལྡན་གྱི་སེམས་སུ། དེའི་སྐབས་ཀྱི་མོའི་ངོ་གདོང་རེ་རེ་ཙམ་དུ་མ་ཟད། ཐ་ན་མིག་ཟུང་གི་ལྟ་སྟངས་རེ་རེའང་། ད་དུང་ཡིད་ལ་གློག་བརྙན་བཞིན་གསལ་ལྷང་ངེར་ཤར་འདུག   
     ཕྱིར་དྲན་ནི་ནམ་ཡང་བཀླག་མི་ཚར་བའི་ལོ་རྒྱུས་ཀྱི་དེབ་རྒན་ཞིག་དང་འདྲ་བར། ཁོས་དེ་དག་ཁོ་ན་དྲན་ཞོར་སོང་བས་ཟི་ལིང་ནས་བརྒལ་བའང་མ་ཤེས་པར་ན་གོར་མོར་ཐོན། ན་གོར་མོ་རུ་མེ་འཁོར་གྱི་རྒྱང་སྒྲོག་ལས་ན་གོར་མོར་ཐོན་སོང་ཞེས་འབོད་ཀྱིན་པ་ཐོས་པས། ཁོས་ད་གཟོད་རང་ཉིད་འབབ་ས་ལས་མ་བབས་པར་ན་གོར་མོ་རུ་ཐོན་འདུག་པ་ཤེས། ཡུལ་དེའི་མེ་འཁོར་ས་ཚིགས་ལས་བབས་ནས། སླར་ཡང་མེ་འཁོར་པྰ་སེ་ཞིག་ཉོས་ཤིང་ཟི་ལིང་དུ་ཕྱིར་ལོག  
     ཁོ་རང་མེ་འཁོར་ས་ཚིགས་ལས་ཕྱིར་བུད་རྗེས། ཟི་ལིང་གི་ནམ་མཁའ་ནི་ལན་གྲུའི་ནམ་མཁའ་དང་བསྡུར་ན་ཅུང་དྭངས་པར་སྣང་ནའང་། ཁོའི་ཡིད་སེམས་ཐམས་ཅད་སྤྲིན་ནག་འཁྲིགས་པ་ལྟར་དྭངས་ཐབས་བྲལ་བས། ཟི་ལིང་གི་འགྲུལ་འཁོར་དང་མི་ཚོགས་ཀྱི་འཚང་ཁ་ཇི་འདྲ་ཆེ་ནའང་། དེ་དག་ནི་གཅིག་ཀྱང་ཁོ་དང་འབྲེལ་བ་མེད་པར་ལྟར་སྣང་བས། ཁོ་ལ་སྔར་ལས་ཀྱང་ལྷག་པའི་ཁེར་རྐྱང་གི་སྣང་བ་ཞིག་སྐྱེས།
     མེ་འཁོར་ས་ཚིགས་ཀྱི་ཉེ་འདབས་སུ་ཁོ་ལ་ཁ་ཕྱོགས་གང་ཡང་མེད་པར་ཐ་མག་རྐང་གཅིག་ལ་མེ་བསྒྲོན་ནས་ཡུད་ཙམ་ལ་གནས་དེར་ལུས། མཚམས་ཤིག་ཁོ་གློ་བུར་དུ་གཉིད་ལས་སད་པ་ལྟར་གྱུར་ནས་ཁ་པར་བླངས། དོན་དུ་ཁོས་རིག་འཛིན་དབང་མོ་ལ་ཁ་པར་ཅི་ཙམ་བཏང་ཡང་།  མོས་ཁོའི་ཁ་པར་ལ་མཉན་མི་སྲིད་པ་གསལ་བོར་ཤེས། ཡིན་ནའང་།  འཇིག་རྟེན་སྣང་བའི་བདག་པོ་འདིའི་དགོངས་པ་ནི་སུས་ཀྱང་རྟོགས་ཐབས་བྲལ་བ་ཞིག་སྟེ།  ཁོས་མོ་ལ་ཁ་པར་ལན་གསུམ་བཏང་ཡང་རེ་རེ་བཞིན་མཉན་མཁན་བྱུང་མ་སོང་བས། ཁོའི་ངོ་གདོང་གི་འོད་སྣང་ཐམས་ཅད་ཀྱང་སྔར་ལས་ཉམས་པར་གྱུར།
     དེ་རྗེས་ཁོ་རང་རྨས་སྐྱོན་ཕོག་པའི་རི་དྭགས་ཤིག་དང་འདྲ་བར། ཟི་ལིང་བོད་མིའི་ཁྲོམ་གྱི་ཕྱོགས་སུ་ཕྱིན་སོང་། ཁོས་དེའི་དཔེ་ཁང་ཞིག་ཏུ《ཟ་མ་མོའི་སྐྱིད་སྡུག་གང་མ་ཆར》ཞེས་པའི་དེབ་ཅིག་དང་།  《རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོ་རུས་པའི་རྒྱན་ཅན་གྱི་རྣམ་མགུར》ཞིག   སྙན་ངག་པ《ཡེ་ཀྲུའི་སྙན་ངག་ཕྱོགས་སྒྲིག》དེབ་གཅིག་བཅས་ཉོས་རྗེས།  ཕྱིར་སྒོར་བུད་ནས་རིག་འཛིན་དབང་མོ་ཡོད་སའི་སློབ་གྲྭ་དེའི་ནང་དུ་ཕྱིན།
     སློབ་ཆེན་དེ་ནི་ཟི་ལིང་གི་ཆེད་སྦྱོང་མཐོ་རིམ་སློབ་ཆེན་ག་གེ་མོ་ཞིག་ཡིན་ལ། ཕྱི་དྲོའི་དུས་ཀྱི་ཁང་བརྩེགས་རེ་རེའི་གྲིབ་མ་ནི་གཅིག་གི་སྟེང་ལ་གཅིག་ཁེན་ནས་རིམ་གྱིས་སའང་རུབ་པར་གྱུར། སློབ་གྲྭའི་ར་སྐོར་དུ་དགེ་སློབ་གང་ཡིན་མིི་ཤེས་པའི་མི་བོ་ཞིག་བྲེལ་འཚུབ་ངང་ཡར་འགྲོ་མར་འགྲོ་བྱེད་ཀྱིན་འདུག  ཡིན་ནའང་།  དེ་དག་ནི་གཅིག་ཀྱང་ཁོ་དང་འབྲེལ་བ་གཏན་ནས་མེད་པ་ལྟར་རང་རང་གི་གནས་སུ་རྒྱུ་བས། ཁོའི་སེམས་སུ་ཁྰ་ཧྥུ་ཁ་ཡིས་བཤད་པའི་སྐད་ཆ་ཞིག་སྟེ། མི་ཚོགས་ཀྱི་འདུ་འཛི་རབ་ཏུ་རྒོད་ནའང་མི་རེ་རེ་ནི་ཁེར་རྐྱང་དང་ཁུ་སིམ་མོ་ཞེས་པ་དེ་དྲན་ཞིང་། ཁྰ་ཧྥུ་ཁྰའང་རང་ཉིད་དང་འདྲ་བའི་མི་ཁེར་རྐྱང་བ་ཞིག་ཡིན་ནམ་སྙམ། སྐབས་དེར་གློ་བུར་དུ་ཁོའི་མདུན་ཕྱོགས་ཀྱི་མེ་ཏོག་ལྡུམ་རྭ་དེའི་མཐའ་ནས་ན་གཞོན་ཕོ་མོ་གཉིས་ཕན་ཚུན་ལ་འཐམས་ཤིང་བསྡད་པས། ཁོའི་སེམས་ལ་སྔར་ལས་ཀྱང་བཤད་མི་ཤེས་པའི་ཚོར་སྣང་ཞིག་གིས་ཁྱབ་པར་གྱུར།
     ཁོས་རིག་འཛིན་དབང་མོས་རང་གི་ཁ་པར་ལ་མི་ཉན་པ་གསལ་བོར་ཤེས་ནའང་། རེ་སྙེག་གི་དར་སྐུད་ཅིག་ལ་འཇུས་ནས་སླར་ཡང་ཁོ་མོ་ལ་ཁ་པར་ཐེངས་གཉིས་བཏང་། ཡིན་ཡང་། ཁ་པར་དང་པོ་དེ་འབྱོར་མ་ཐག་ཏུ་ཁོ་མོས་བཅད་ཅིང་གཉིས་པ་དེ་གཅོད་མཁན་མེད་ཀྱང་མཉན་མཁན་བྱུང་མ་སོང་བས།  ཁོའི་སེམས་ལ་སྔོན་ལས་ཀྱང་ལྷག་པའི་གྲང་འདར་ཞིག་བརྒྱབ།
     དེ་ནས་ཁོས་དེར་ཡོད་ཀྱི་གྲོགས་པོ་ཞིག་བོས་ནས། དཔེ་ཆ་དག་ཁོར་གཏད་ནས་རིག་འཛིན་དབང་མོར་སྤྲོད་དགོས་པའི་ངག་བཅོལ་ཡང་ཡང་དུ་བྱས་རྗེས། གྲོགས་པོ་དེས་དོ་ནུབ་མཉམ་དུ་བསྡད་ནས་ཁ་བརྡ་ཞིག་གློད་ཟེར་བའི་ངག་ལའང་མ་ཉན་པར་ཁ་ཕྱིར་འཁོར།
     ཁོ་ནི་རིག་འཛིན་དབང་མོར་མི་ཚེ་འདིར་དཔེ་ཆ་ཞིག་གི་ལེགས་སྐྱེས་སྟེར་མྱོང་མཁན་གྱི་མི་ཆེས་ཐོག་མ་དེའང་ཡིན་ལ། ཆེས་མཐའ་མ་དེའང་ཡིན།  ཆེས་ཐོག་མ་དེ་ནི་ཁོ་རང་གཉིས་མཐོ་འབྲིང་ལོ་རིམ་གསུམ་པའི་མཐར་ཕྱིན་གྱི་སྐབས་ཏེ།  མཐར་ཕྱིན་གྱི་ཉིན་མོ་དེར་ཁོས་མོ་ལ་དཔེ་ཆ་ཞིག་དང་ལྕགས་སྨྱུག་ཅིག་ཉོས་ཏེ་བྱིན།  དེ་ནི་ཁོ་རང་ལ་མཚོན་ན་སེམས་གཏིང་གི་བརྩེ་བ་ཞིག་ཡིན་ཞེས་བཤད་ནའང་ཆོག་ལ། རེ་བ་ཞིག་ཡིན་ཞེས་བཤད་ནའང་ཆོག   
     ཁོ་སློབ་ར་དེའི་ར་སྐོར་ལས་ཕྱིར་བུད་རྗེས། དེ་ལ་ཕྱི་མིག་ཡང་ཡང་དུ་བྱེད་བཞིན་སོང་། ཁོའི་བསམ་པར། དུང་སེམས་དར་དཀར་གྱི་རྨུ་ཐག་སྙིང་ནས་དཀྲིས་ཟིན་པའི་མི་ཞིག་ལ་མཚོན་ན། འཇིག་རྟེན་དུ་རང་ཉིད་དུངས་སའི་མི་དེ་དང་སེམས་ཐག་མི་ཉེ་ཡང་། སྐབས་ལན་རེར་ཁ་ཐག་ཉེ་སའི་ས་ཚིགས་ཤིག་ཏུ་སྡོད་པ་ཙམ་བྱུང་ན། དེའང་བདེ་སྐྱིད་ཅིག་ཅི་ལ་མིན་སྙམ་པས།  སློབ་གྲྭ་དང་རྒྱང་ཐག་མི་རིང་བའི་ཇ་ཁང་ཞིག་ཏུ་འཛུལ།  སྒེའུ་ཁུང་གི་གམ་དུ་བསྡད་ཚེ་སློབ་གྲྭའི་ཁང་བརྩེགས་དག་ཀྱང་མིག་ལ་གསལ་ལེར་སྣང་། ཁོས་དེ་རུ་ཝུ་ཆང་ཞིག་འཐུང་ཞོར་སྒེའུ་ཁུང་ལས་མཐོང་ཡོང་བའི་སློབ་གྲྭའི་ཁང་བརྩེགས་དག་ལ་ལྟ་བཞིན་བསྡད།
     ཁོས་རང་གི་ཁ་པར་གྱི་བརྙན་ངོས་སུ་བཞག་འདུག་པའི་རིག་འཛིན་དབང་མོའི་འདྲ་པར་དེ་མཐོང་མ་ཐག་ཏུ།  ཟླ་གསུམ་གྱི་སྔོན་དུ་ཁོ་དང་མོ་གཉིས་ཀྱིས་འཕྲིན་ཐུང་གི་ལམ་ནས་ཁ་བརྡ་བྱས་པའི་དོན་དག་དེའང་ཡུན་གྱིས་དྲན་པའི་རྩིག་ལྡེབས་ཀྱི་ངོས་སུ་གསལ་ལེར་མངོན་བྱུང་། “སློབ་གྲོགས་དབང་ལྡན་ལགས། ཁྱེད་ཀྱི་འགྱུར་མེད་རྣམ་དག་གི་བརྩེ་བ་དེ་བདག་གིས་ནམ་ཡང་ནང་སེམས་ཀྱི་དཀྱིལ་དུ་སྒོམ་ཡོད།  ཡིན་ནའང་།  ཁྱོས་ཀྱང་ང་ལ་དགའ་ས་ཡོད་པ་ཤེས་ཏེ། ཁོ་རང་ངའི་ཆེས་ཐོག་མའི་དགའ་ས་དེའང་ཡིན་ལ། ངའི་ཆེས་མེད་དུ་མི་རུང་བའི་མི་དེའང་ཡིན་པས།  ཁྱེད་ཀྱིས་ཀྱང་ང་རང་བརྗེད་དུ་འཇུག་རོགས། རང་ཉིད་ལ་དགའ་བའི་མི་ཞིག་བཙལ་རོགས། ང་ཁྱེད་ལ་ཡིད་ཆེས་ཡོད། ཁྱོད་རང་འདི་འདྲའི་མི་འཇོན་ཐང་ཅན་དང་། གཤིས་བཟང་ཅན་ཞིག་གི་ལག་ཏུ་བུ་མོ་བཟང་མོ་ཞིག་ཡོང་བར་ང་ལ་ཡིད་ཆེས་ཡོད།”འཕྲིན་ཡིག་དེ་ནི་ཁོ་རང་ལ་མཚོན་ན་སེམས་པའི་ལྟེབ་ཁུགས་སུ་མེ་ནུར་ཐོམ་བུ་གང་བླུགས་པ་དང་འདྲ་ཞིང་། རང་ཉིད་དགའ་བའི་མི་ཞིག་བཙལ་རོགས་ཟེར་བ་ནི་དེ་ལས་ཀྱང་ན་བའི་སྡུག་བསྔལ་གྱི་རྨ་ཁ་ཞིག་ཏུ་གྱུར།  
     ཡིན་ནའང་། ཁོས་ཀྱང་སྡུག་བསྔལ་གྱི་རྨ་ཁ་ལག་པས་སྐྱོར་བཞིན་འཕྲིན་ལན་ཞིག་བྲིས་པ་འདི་ལྟར། “ངས་ནམ་ཡང་ཁྱེད་ཀྱི་གདམ་ག་ཡོད་ཚད་ལ་བརྩི་བཀུར་བྱ་ངེས་ཡིན།  འོན་ཏེ། ནམ་ཞིག་ཁྱོད་གཉིས་མ་མཐུན་པའི་དབང་དུ་སོང་ན། ང་མ་གཏོགས་ཁྱོད་ཀྱིས་སུ་ཡང་འདེམས་མི་ཆོག   རྒྱུ་མཚན། ངའི་ལྷད་མེད་ཀྱི་བརྩེ་དུང་དང་ལང་ཚོ་ཡོད་ཚད་ཁྱེད་ཀྱི་ཆེད་དུ་ཕུལ་ཞིང་། ང་རང་ཁྱེད་ལ་དགའ་བས་ཡིན། གལ་སྲིད་ཁྱོད་ཀྱིས་ཁོའི་འཕྲོ་ཞིག་ཏུ་མི་གཞན་ཞིག་བཙལ་བ་ཡིན་ན། ང་ཁྱོད་ལ་སྙིང་ལངས་ངེས”ཞེས་པ་དེའོ།།  
     སྐབས་དེར་ཁོ་བོ་རང་ཉིད་ལ་དགོད་ཁ་ཞིག་ཤོར་ཞིང་མུ་མཐུད་དུ་དམ་བེ་གཅིག་མགོ་རུ་གཡོན་པར་བརྩམས་པ་ན། གློ་བུར་དུ་ཁོའི་མཐོང་ལམ་གྱི་སྒོ་འགྲམ་དུ་རྒྱུས་ཡོད་ཀྱི་མི་ཞིག་ནང་དུ་ཐོན་བྱུང་། མོའི་ལག་མགོ་རུ་ད་དུང་སྐྱེས་པ་ཞིག་ཀྱང་འཇུས་འདུག  ཁོས་ཞིབ་ཏུ་བུ་མོ་དེར་ལན་གཅིག་བལྟས་པ་ན། དེ་ནི་གཞན་མིན་པར་བུ་མོ་རིག་འཛིན་དབང་མོ་རེད།  སྤྱིར་ན་ཁོ་བོ་དུས་རྒྱུན་དུ་རིག་འཛིན་དབང་མོ་མཐོང་འདོད་ཀྱི་དྲན་གདུང་ལྕི་མོ་དེས་ཡོངས་སུ་མནར་བཞིན་འདུག་པས། ད་ནི་ཁོ་རང་དགའ་སྤྲོ་ཞིག་སྐྱེས་ན་འོས་མོད། ཡིན་ནའང་ཁོ་མོའི་གམ་གྱི་སྐྱེས་པ་དེ་ནི་དབང་ལྡན་གྱི་སྙིང་ལ་ཟུག་པའི་ལྕགས་འཛེར་ཞིག་དང་འདྲ་བར། ཁོ་རང་རེ་ཞིག་རྣམ་ཤེས་མེད་པ་ལྟར་གྱུར། སྐབས་དེར་རིག་འཛིན་དབང་མོས་ཀྱང་གློ་བུར་དུ་དབང་ལྡན་མཐོང་བྱུང་བས། མོས་ཅི་བྱེད་དགོས་པའང་མི་ཤེས་པར་སྐྱེས་པ་དེ་ཁྲིད་ནས་ཟུར་ཞིག་ཏུ་མགོ་བོ་སྒུར་བཞིན་ཙོག་ནས་བསྡད། དོན་དུ་ཁོ་མོས་ཁྲིད་ཡོད་པའི་དགའ་ས་དེ་ནི་སྔོན་གྱི་དགའ་རོགས་དེ་མིན་པར། གཟའ་འཁོར་གསུམ་ཏག་ཏག་གི་སྔོན་ལ་བཙལ་བའི་ཡུལ་ཤུལ་གྱི་གསར་བུ་ཞིག་རེད། ཕྱི་རོལ་ན་འཕྲུལ་ཆས་སྣ་ཚོགས་ཀྱི་འུར་སྒྲ་དང་ཇ་ཁང་གི་མགྲོན་པོ་དག་གི་ཅ་ཅོའི་གླེང་མོལ་གྱི་ཀློང་དུ། ལོ་ན་གཞོན་པའི་ཕོ་མོ་འདི་གཉིས་ཀྱི་བར་དུ་ཟམ་ཆེན་ཞིག་འཕངས་པ་དང་འདྲ་བའི་ལྷིང་འཇགས་ཤིག་ལྷུང་འདུག་པ། རིག་འཛིན་དབང་མོའི་གམ་གྱི་སྐྱེས་པ་དེ་ཐེ་བའི་འཇིག་རྟེན་འདིའི་མི་སུ་ཞིག་གི་བློ་ཡུལ་དུའང་འཆར་ག་ལ་སྲིད།
     སྐབས་དེར་དབང་ལྡན་ཁོས་ཡར་མར་གང་ལའང་མི་ལྟ་བར་ཐད་ཀར་སྒོར་བུད་ནས་སོང་བ་ན། སྦྱིན་བདག་ན་རེ། “ཨེ་་་་་་། ཁྱོས་རྩིས་བརྒྱབ་མི་འདུག   སྐུ་མགྲོན།”
     ཁོས་ད་དུང་ཡང་རང་ལ་ཟེར་བ་མ་ཐོས་པར་མུ་མཐུད་ནས་མདུན་དུ་སོང་། སྦྱིན་བདག་དེས་ཁོར་ལྐུག་ཞོར་དང་དམོད་ཞོར་དེ་མ་ཐག་རྗེས་ཆོད་པས། ཁོས་ཀྱང་རང་གི་ཆང་རིན་ལ་རྩིས་བརྒྱབ་མེད་པ་དྲན་ནས། དགོངས་དག་ཞུ་བཞིན་ཆང་རིན་སྤྲད། སྦྱིན་བདག་དེས“ད་དུང་འཇིག་རྟེན་ན་ཇི་འདྲའི་མི་རྐུན་ཇག་འདྲ་བ་ཞིག་འདུག”ཅེས་སྤྱོ་ཞོར་དང་དབུགས་ཧལ་ཧལ་དུ་ལེན་ཞོར། རིག་འཛིན་དབང་མོ་དང་སྐྱེས་པ་དེར་ཁོ་ཧྥེ་དཀར་ཡོལ་དོ་ཁྱེར་འོང་། སྐྱེས་པ་དེ་ན་རེ། “ཧི་ཧི་་་་། རང་གི་ཟས་རིན་ཡང་མི་སྤྲོད་པའི་མི་དེ་ཚོ་དངོས་ནས་ཇག་རྐུན་ཞིག་ལའང་མི་དོ་ཡ།”ཞེས་ཟེར་བ་ན། རིག་འཛིན་དབང་མོའི་གདོང་ལའང་དོགས་མི་བདེ་བའི་སྣང་བ་ཞིག་ཤར།
     དེ་ལྟར་དུ། ཁོས་སྲང་ལམ་དུ་གླ་གཏོང་རླངས་འཁོར་ཞིག་ལ་སྒོར་སུམ་བརྒྱ་བྱིན་ནས་ཁྲི་ཀར་འགྲོ་བའི་ལམ་དུ་ཆས། རླངས་འཁོར་ནང་གི་བརྙན་འཕྲིན་ཆུང་བ་དེ་ལས། རྒྱལ་སྤྱིའི་གསར་འགྱུར་དག་བཏང་བྱུང་།  ཡིན་ནའང་། ཁོ་རང་སྐྱོ་སྣང་གི་ཀློང་དུ་དཔྱངས་དྲག་པས། ཁོས་དེར་བར་སྐབས་སུ་དོ་སྣང་བྱས་མ་སོང་།
     མཚམས་ཤིག་ལ་གློ་བུར་དུ། བརྙན་ངོས་སུ་ལྭ་བ་དཀར་པོ་གྱོན་པའི་གཞོན་ནུ་མ་ཞིག་མི་ཚོགས་མང་བོ་ཞིག་གི་དཀྱིལ་དུ་དེད་ཅིང་། གསོན་པོར་དོང་ནང་ཞིག་ལ་བཅུག   དེ་རྗེས་མི་ཚང་མས་སྙིང་རྗེ་གང་ཡང་མེད་པར་རྡོར་བསྐོར་བྱས་ནས་དམར་གསོད་བྱེད་བཞིན་པ་མཐོང་། བརྙན་དང་འབྲེལ་ནས་མདོ་འཛིན་པ་ཁོ་ན་རེ། “བུ་མོ་འདིའི་མིང་ལ་རོ་ཤྰ་ནྰ་ཟེར་ཞིང་། མོ་ནི་ཨ་ཧྥོ་ངྒ་ན་སི་ཐན་གྱི་ཐ་ལེ་བམ་གྲོང་ཚོ་ཟེར་བའི་ཡིན་ལ། ད་ལོ་མོ་ལོ་བཅུ་དགུ་ལ་བུད་མ་ཐག་པའི་ན་ཆུང་ཞིག་སྟེ། མོས་གཉེན་བཙན་སྒྲིག་གི་བཀའ་བཀོད་དང་བྱོལ་ཏེ་རང་མོས་སྒོས་རང་ཉིད་དགའ་སའི་མི་དང་མཉམ་དུ་བྲོས་བྱོལ་བྱས་པས། ས་གནས་འགོ་བ་གཙོས་མི་ཚང་མས་ས་ཁུལ་རིག་གནས་སམ་ཆོས་ལུགས་གོམས་སྲོལ་དང་རྒྱབ་འགལ་བྱས་པའི་ཉེས་མིང་བཀལ་ནས་མོ་འདི་ལྟར་དམར་གསོད་བྱས་པ་རེད”ཟེར།
དེའི་རྗེས་སུ་སླར་ཡང་། ཁང་བརྩེགས་དང་སྡོད་ཁང་ཐམས་ཅད་བཅོམས་ཆག་སྐྱ་ཉིལ་དུ་བཏང་འདུག་པའི་གྲོང་ཁྱེར་ཞིག་ཏུ། བེམ་རོ་དང་རྨས་མས་བཀང་འདུག་པ་ཤར་བྱུང་། མགོ་ལུས་ཧྲིལ་བོ་ཁྲག་གིས་སྦངས་འདུག་པའི་བྱིས་པ་རེ་ཤས་ཀྱིས་ངུ་འབོད་བྱེད་ཀྱི་འདུག་ལ། ད་དུང་རྐང་ལག་ཆད་ཀྱང་། རང་གི་ཉེ་བོ་དག་འཚོལ་བཞིན་པའི་མི་སོགས་ལྟ་བས་མི་བཟོད་པ་དག་མངོན་བྱུང་བས། ཁོས་ཀྱང་མདོ་འཛིན་པའི་ཁ་ནས། གྲོང་ཁྱེར་ག་གེ་མོ་ཞིག་ལ་འཇིགས་སྐུལ་བས་འཇབ་རྒོལ་ཐེབས་སོང་ཟེར་བ་ཙམ་ལས་ཐོས་མ་བྱུང་།
     གོང་གི་རྒྱལ་སྤྱིའི་གསར་འགྱུར་དག་མཐོང་རྗེས། ཁོའི་སེམས་ལའང་གློ་བུར་དུ་ནམ་ཞིག་ཁོ་རང་སྡོད་སའི་ཡུལ་ཕྱོགས་གང་དེར་ཡང་། འདི་འདྲའི་འཇིགས་སྣང་ཆེན་པོ་ཞིག་འོང་ཞིང་། རང་གི་གཉེན་མི་གྲོགས་པོ་དག་ཀྱང་མིག་མདུན་ནས་གསོན་བྲལ་བྱས་འགྲོ་ཨང་སྙམ་པའི་འཇིགས་སྣང་ཞིག་སྐྱེས།
     འདང་བརྒྱབ་ཀྱིན་བརྒྱབ་ཀྱིན། འཇིག་རྟེན་འདིའི་གྲུ་ཟུར་མང་བོ་ཞིག་ནི་རལ་གྲི་ཐོགས་པའི་གཤེད་མ་ཞིག་གི་ངོ་གདོང་དང་མཚུངས་ཤིང་། ས་སྟེང་འདིའི་ཉིན་དཀར་གྱི་ནགས་ཚལ་དང་མེ་ཏོག    ནམ་མཁའ་སོགས་དང་། མཚན་མོ་དེའི་ལམ་འགྲམ་གྱི་གློག་སྒྲོན་དག་ལའང་། ཁ་དོག་དང་འོད་སྣང་མེད་པ་ལྟ་བུའི་སྣང་བ་ཞིག་བྱུང་། དེ་ནི་ཁོ་རང་སྒྱུ་རྩལ་པ་ཞིག་ཡིན་པས་རྒྱུ་མཚན་གྱིས་ཡིན་ཡང་སྲིད་དེ། གལ་སྲིད་ཁོ་རང་མི་སྤྱིར་བཏང་བ་ཞིག་ཡིན་ཚེ། གོང་གི་གསར་འགྱུར་དེ་དག་ལ་འཇིགས་སྣང་དང་སྙིང་རྗེ་ཙམ་སྐྱེས་སྲིད་མོད། ཡིན་ནའང་། ཉིན་མོའི་ནགས་ཚལ་དང་མེ་ཏོག   ནམ་མཁའ། ད་དུང་མཚན་མོའི་ལམ་འགྲམ་གྱི་སྒྲོན་འོད་སོགས་དངོས་རྣམ་དེ་དག་ལ། ཁ་དོག་དང་འོད་སྣང་མེད་པ་ཞིག་ཏུ་འགྱུར་མི་ངེས་ཀྱང་སྲིད།
     དེ་ནས་རང་གི་ཁ་པར་བླངས་ཤིང་ནང་དུ་སྙན་ངག་ཅིག་བྲིས། སྙན་ངག་དེའི་མིང་ལ་འཚོ་བ་ལ་སྨོན་པ་ཟེར།  

འཚོ་བ་ལ་སྨོན་པ།

ང་འཇིག་རྟེན་འདིའི་མཚོ་འཇིངས་སུ
ལྷད་མེད་དང་རྣམ་དག་གི་ངང་དུ་བསྐྱོད་དུས
གཡོ་སྒྱུ་དང་ཚུལ་འཆོས    བསླུ་བྲིད་དང་ཨ་གསར
ད་དུང་མང་བོ་མང་བོ་ཞིག་གི་ལྟེབ་ཁུགས་སུ་དཀྲིས་བྱུང

ང་མི་ཡུལ་འདིའི་ཆེས་ཟབ་ས་རུ
གཞན་ཕན་དང་ལྷག་བསམ་གྱི་ངང་དུ་བགྲོད་དུས
གཏུམ་དྲག་དང་གདུག་རྩུབ    ཡ་ང་དང་གཡོ་སྒྱུ
ད་དུང་དེ་ལས་ཀྱང་རྫོབ་པའི་སྙིགས་སྣོད་ཞིག་ཏུ་ལྷུང་སོང

རྒྱུ་མཚན་དེའི་དབང་གིས
ངས་མིའི་རིགས་ཀྱི་ལྷད་མེད་རྣམ་དག་དང
དྭངས་གཙང་གི་རང་གཤིས    འགྱུར་མེད་ཀྱི་དུང་བ་སོགས
མང་བོ་མང་བོ་ཞིག་གི་འབོད་པ་དེའི་ཆེད་དུ
བླ་མེད་ཀྱི་ཚེ་སྲོག་འདིའི་མཆོད་པ་འབུལ

ཉམ་ཐག་གི་ཚེ་སྲོག་འདི་ཚོས
དྭངས་གཙང་གི་འཇིག་རྟེན་ཞིག་མཐོང་སོང་ཚེ
རྣམ་དག་གི་བརྩེ་བ་ཞིག་མཐོང་སོང་ཚེ
ཡིད་འོང་གི་རྨི་ལམ་ཞིག་མཐོང་སོང་ཚེ
ངས་ཡབ་ཡུམ་ཟུང་གིས་གནང་བའི་བླ་མེད་ཀྱིད་ལུས་སྲོག་འདིའང
ཁྱེད་ཚོའི་བདེ་སྐྱིད་ཀྱི་ས་ཞིང་དུ་བརྗེས་ཆོག

ཨ་ཨ་་་་    ཉམ་ཐག་གི་ཚེ་སྲོག་དག
ངས་ཁྱེད་ལ་བདེ་སྐྱིད་ཀྱི་ཁང་ཁྱིམ་སྟེར
ཁྱེད་ཀྱིས་ཀྱང་ང་ལ་བདེ་སྐྱིད་ཀྱི་བགྲོད་ལམ་གནང་རོགས
ངས་ཁྱེད་ལ་འཚོ་བ་ཡི་ཁ་དོག་འབུལ
ཁྱེད་ཀྱིས་ཀྱང་ང་ལ་རེ་སྨོན་གྱི་ནམ་མཁའ་སྟེར་རོགས

ངའི་ཚེ་སྲོག་ནི་ཐ་སྙད་ཅིག་སྟེ
སུས་ཀྱང་དགོངས་འགྲེལ་རྒྱག་མི་དགོས
སུས་ཀྱང་རིན་ཐང་གཞལ་མི་དགོས
ལྷད་མེད་དང་རྣམ་དག   དྭངས་གཙང་དང་ཡིད་ཆེས
སྙིང་རྗེ་དང་བརྩེ་བ    ད་དུང་ཁྱེད་ལ་མཁོ་བའི་འདོད་ཡོན
དེ་དག  ངའི་ཚེ་སྲོག་གི་རིན་དོད་ཡིན

ད་དུང་འབྲི་འཕྲོ་རུ་ལུས་པའི་སེམས་པ་དག
བསྒྱུར་འཕྲོ་རུ་ལུས་པའི་ལྷག་བསམ་དག
ད་དུང་འབྲི་འདོད་པ་དག   ཡོད་ཚད་ཀྱི་ཡོད་ཚད་
ངས་ཁྱེད་ཚོའི་བདེ་སྐྱིད་ཀྱི་རྡོ་རིང་དུ་བཞེངས་ཆོག

ཁྱེད་ཚོས་ངའི་རྡོ་རིང་གི་མདུན་དུ
རྡོ་བ་འདིའི་ལྗིད་ཚད་མི་གླེང་རོགས
ངས་ཁྱེད་ཚོར     རྡོ་རིང་དེའི་མདུན་དུ
རྣམ་དག་དང་བརྩེ་བ    དྭངས་གཙང་དང་ཡིད་ཆེས
མཛེས་པ་དང་རེ་སྨོན་རྙེད་ཐུབ་པའི་ཁ་གཡང་བོས་པ་ཡིན
     འདི་ལྟར་དུ། ཁ་པར་ནང་དུ་སྙན་ངག་དེ་བྲིས་ཚར་རྗེས། ཁོས་རང་གི་སྐད་འཕྲིན་གྱི་གྲོགས་ཚོམ་དུ་བཀོད་ཅིང་། མིག་ཆུ་རྡོག་པོ་འགའ་ཡང་ཤེས་མེད་ཚོར་མེད་ཀྱི་ངང་དུ་མིག་ཀོང་ལས་འགྲིལ་འོང་།
     ལམ་ཐག་ཅུང་རིང་བོ་ཞིག་བརྒྱུད་རྗེས་གཞི་ནས་ཁྲི་ཀར་འབྱོར་སོང་། ནག་རོག་རོག་གི་མུན་པའི་འཁྱིལ་ཁུགས་སུ། སྲང་ལམ་གྱི་འགྲམ་གཉིས་སུ་བཀར་བའི་གློག་ཞུ་དག་ནི་ད་དུང་ཡང་། རྫོང་མཁར་ཆུང་ཆུང་འདིའི་མི་ཐམས་ཅད་མཚན་མོའི་སྨག་རུམ་ལ་ཁྱུར་མིད་བྱེད་དུ་མ་བཅུག་པར་སྲུང་འདུག   སྟོད་ནས་སྨད་དུ་དེས་ཟོག་འབོར་ཆེན་བསྐྱེལ་གྱིན་པའི་རླངས་འཁོར་ཆེན་པོ་རེ་འགའ་དང་། སྨད་ནས་སྟོད་དུ་རྒྱུག་བཞིན་པའི་དངོས་སྐྱེལ་རླངས་འཁོར་སྟོང་བ་རེ་འགའ་ལས་གཞན་གང་ཡང་མཐོང་རྒྱུ་མི་འདུག   ཁོ་ཚོང་ཁང་ཞིག་གི་སྒོ་ཁར་སོང་སྟེ་བཙན་གྱིས་སྒོ་རྡུང་ནས་ཕྱེས་སུ་བཅུག   ཝུ་ཆང་སྒམ་ཆུང་གང་ཉོས་པར་ཆང་རིན་སྟེར་རྒྱུའང་མེད་པས། ཁོས་རང་གི་ཁ་པར་དེ་ཆང་རིན་གྱི་གཏའ་མར་བཞག་རྗེས་སྒོར་བུད་སོང་།
     ཚོང་ཁང་སྦྱིན་བདག་དེས་འཐད་མི་འཐད་ཀྱི་ངང་ནས། དབང་ལྡན་གྱི་ཁ་པར་དེ་ཚོང་སྒྲོམ་འོག་གི་འཐེན་སྒམ་དེའི་ནང་དུ་གཡུག་མ་ཐག   ཁ་པར་དེའི་སྒྲ་སིང་སིང་དུ་གྲག་བྱུང་། སྦྱིན་བདག་དེས་ཡང་བསྐྱར་འཐད་མི་འཐད་ཀྱི་ངང་དུ་གླལ་སྒྱིང་ཞིག་བྱེད་ཞོར་ཁ་པར་དེ་ཕྱིར་བཏོན་དུས། ཁ་པར་འོང་མཁན་དེའི་འདྲ་པར་ནི་རང་གི་བུ་མོའི་འདྲ་པར་ཡིན་ཞིང་། ཞིབ་ཏུ་བལྟས་དུས་ཨང་གྲངས་ཀྱང་རང་གི་བུ་མོའི་ཨང་གྲངས་ཡིན་པར་མ་ཟད། ད་དུང་མོའི་མིང་ལ་བརྗེད་མི་ཐུབ་པའི་སྐར་མ་ཞེས་བཏགས་འདུག   
     སྦྱིན་བདག་དེ་ཡིན་རྒྱུ་ནི་རིག་འཛིན་དབང་མོའི་ཨ་ཕ་རེད་ལ། དབང་ལྡན་གྱི་ཁ་པར་སྟེང་དུ་ཁ་པར་བཏང་འོང་མཁན་དེའང་རིག་འཛིན་དབང་མོ་རེད། མོའི་ཨ་ཕའི་སེམས་སུ། རང་གི་བུ་མོ་འདིས་འདི་འདྲའི་ཆང་རིན་ཡང་སྟེར་རྒྱུ་མེད་པའི་ཁྲམ་པ་ཞིག་གི་ཁ་པར་སྟེང་དུ་ཁ་པར་བཏང་ཡོང་བ་ལ་ཡ་མཚར་ཞིང་ཧོན་འཐོར་བས། ཁ་པར་དེ་ལེན་ཡང་མ་ཐུབ་པར་ལུས། ཁ་པར་དེ་མཚམས་མེད་དུ་གྲག་ནས་ཡུད་ཙམ་ཞིག་འགོར་རྗེས་རང་ཤུགས་ཀྱིས་མཚམས་ཆད་སོང་། རིག་འཛིན་དབང་མོའི་ཨ་ཕས་ཡང་བསྐྱར་ཅི་བྱེད་དགོས་ཀྱང་མ་ཤེས་པར། ཁ་པར་དེ་ལག་ཏུ་བསྡམས་ནས་བསྡད། ཡང་ཡུད་ཙམ་གྱིས་ཁ་པར་གྱི་སྒྲ་དེ་ཡང་རང་འཇགས་སུ་སོང་བས། ཁོས་ཕྱིར་འཐེན་སྒམ་དེའི་ནང་དུ་བཅུག   འཐེན་སྒམ་དེ་ཁ་རྒྱག་ཁོམ་མ་བྱུང་བར་ཡང་བསྐྱར་ཁ་པར་གསུམ་པ་ཐོན། ཨ་ཕ་ཁོས་ཡ་མཚར་བའི་མིག་མདངས་ཀྱིས་ཁ་པར་དེའི་སྒྲ་རང་ཤུགས་སུ་འཇགས་པར་སྒུག   ཅུང་ཙམ་ནས་ཡང་ཁ་པར་དེ་རང་ཤུགས་ཀྱིས་གྲགས་མཚམས་ཆད་པས།  མོའི་ཨ་ཕ་ཡང་འདང་རྒྱག་ཅིག་ཏུ་ལྷུང་བཞིན་རང་གི་མལ་སའི་ནང་དུ་འགྲོ་བཞིན་པའི་སྐབས་སུ། ད་ནི་ཁ་པར་དེའི་སྟེང་དུ་འོང་བའི་འཕྲིན་ཐུང་ཞིག་གི་འབོད་སྒྲ་ལས་ཅི་ཡང་གྲག་མ་སོང་།
     དབང་ལྡན་གྱིས་དམ་བེ་ཞིག་ཕྱིར་བཏོན་ནས་མགོར་གཡོན་ཞོར་དུ། ལྷག་མ་དག་མཆན་ལ་བཙིར་ནས་འགྲོ་བཞིན་པའི་སྒང་དེར།  ཁོ་བོའི་མིག་ཟུང་གི་ལྟ་ཕྱོགས་ཤིག་གིས་བར་སྣང་དུ་འགྲིབ་ལ་ཉེ་བའི་མར་ངོའི་ཟླ་བ་ཟུར་ཙམ་ཞིག་ཡོད་པ་མཐོང་ཞིང་། གར་ཡོང་མི་ཤེས་པའི་རླུང་བུ་འཁྱག་པོ་ཞིག་ཀྱང་གློ་བུར་དུ་ལྡང་བྱུང་བས། ཁོ་རང་གི་ལུས་སེམས་གཉིས་སུ་དར་འཁྱག་ཅིག་གཞུས་པ་དང་འདྲ་བའི་གྲང་འདར་ཞིག་བརྒྱབ།
     སྐབས་དེར། གློ་བུར་ཁོའི་ཡིད་ལ་ཨ་མ་འཁོར་བྱུང་། དེ་ནས་ཁོས་རང་གི་ཨ་མར་ཁ་པར་ཞིག་གཏོང་དགོས་བསམ་ནས་ལུས་ཡོངས་ལ་སྤར་མྱང་འགའ་བྱས་རྗེས།  ཁོས་ད་གཟོད་རང་གི་ཁ་པར་ཡང་ཆང་རིན་གྱི་གཏའ་མར་བཞག་ཟིན་པ་ཡིད་ལ་དྲན། ཁ་ཕྱིར་འཁོར་ནས་ཚོང་ཁང་དེའི་ཕྱོགས་སུ་བལྟས་དུས། གཞི་ནས་ཚོང་ཁང་དེའི་སྒོའང་གཏན་འདུག་ལ། སྲང་ལམ་ཆུང་ཆུང་དེ་ནི་རྩིད་ནག་གི་ཐག་པ་ཞིག་དང་འདྲ་བར་ནག་གྱིག་སེར་འདུག   
     མིག་ལ་མཛུབ་མོ་བསྲིངས་ཡོང་ནའང་ཚོར་མི་ཐུབ་པ་ལྟ་བུའི་སྨག་རིམ་དེའི་མཁར་རྫོང་གི་སྲང་ལམ་དུ། ཧ་ཅང་གོམ་འགྲོས་དལ་བའི་མི་ཞིག་གི་རྐང་བ་གཉིས་ཀྱི་ཧྲག་སྒྲ་དེ། གསལ་ལ་མི་གསལ་བའི་གྲིབ་གཟུགས་ཤིག་དང་འགྲོགས་ཏེ། དལ་མོའི་ངང་རྨ་ཆུའི་ཟམ་ཆེན་གྱི་ཕྱོགས་སུ་བུད་སོང་།
     ནམ་ལངས་བྱུང་། རྟ་བདུན་དབང་བོ་དེའང་། སྲིན་པོ་རྫ་རིའི་ཕྲག་གོང་ནས་ཉི་འོད་ཀྱི་ཟེར་མ་ཀྲིག་ཀྲིག་ཏུ་ཡར་འཕགས་ཏེ་འོང་བས། ནམ་མཁའ་ཐམས་ཅད་གཡའ་དག་ཅིང་སྔོ་ཡུག་ཡུག་ཏུ་བྱེད། སྐབས་འདིར། མི་དག་སྔར་བཞིན་བསྐྱར་ཟློས་སུ་ཕྱིན་འདུག་པའི་རང་རང་གི་ལས་ཀ་དག་ལ་འགོ་རྩོམ་པའི་ཕྱོགས་སུ་བྲེལ། ཡིན་ནའང་། མཚན་མོ་དེའི་ལྟག་རྒྱབ་ནས་བཟུང་སྟེ་སྙན་ངག་པ་དབང་ལྡན་སུས་ཀྱང་མཐོང་མ་སོང་།
མཆན།
①ཏ་ཏ་རིང་ལུགས་ནི་དུས་རབས་ཉི་ཤུ་བ་སྟེ་འཛམ་གླིང་དམག་ཆེན་དང་པོའི་སྐབས། ཕ་རི་སི་སོགས་གྲོང་ཁྱེར་དུ་ཐོན་པའི་དེང་རབས་སྨྲ་བའི་རྩོམ་རིག་གི་གྲུབ་མཐའ་ཞིག་ཡིན།
ཕྱི་ལོ2015ལོའི་ཟླ11པའི་ཚེས5ནས15བར་བྲིས་ཤིང་ཚེས28ཉིན་བསྐྱར་བཅོས་བརྒྱབས།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།