logo

འབར་མེ་ཡི་བཅད་རྩོམ་ཁག་བཞི།

རྩོམ་པ་པོ།:འབར་མེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-10-09 ཀློག་གྲངས།:

འབར་མེ་ཡི་བཅད་རྩོམ་ཁག་བཞི།

             ལང་ཚོའི་གྲིབ་མ།
སྣང་བ་རི་ལ་བཞུར་བའི་སྤྲིན་དཀར་གྱི་ཚོམ་བུ།།
ལུག་ཁྱུ་སྤང་ལ་གཏོར་འདྲའི་ཚོན་མདངས་ཤིག་མེད་ན།།
མ་རྟོགས་སེམས་ཀྱི་ནག་ཐིག་བྲང་གཞུང་དུ་ཟགས་པ།།
སྙིང་ཆུང་ལུ་གུ་ལྡིང་བའི་ངལ་བ་རང་མི་འདུག །

མིག་གི་ཡོལ་རས་ནག་པོ་ཡར་ཡར་དུ་བཀྱགས་ཚེ།།
སེམས་ཀྱི་དེ་ཉིད་སངས་བའི་གཞས་ཆུང་དུ་གྱུར་ཏེ།།
ན་བུན་རླུང་གིས་ལྡེམ་པའི་དགུང་སྔོན་གྱི་ཆར་བ།།
བྱ་བྱེའུ་འབའ་འབུ་ཚོགས་ཀྱི་གཤོག་ཟུང་ལ་ཁུར་ཤོག།

སྟོང་བའི་ཁམས་སུ་འོད་ཟེར་སྔོན་པོ་ཞིག་འཐེན་ཏེ།།
རྨི་ལམ་བསྟུད་མར་རྨིས་པའི་མཚོ་ཆུང་གི་འགྲམ་ན།།
མི་ཚེ་གྲུ་ལ་བསྐྱོན་ནས་ཕར་ཕར་ལ་བཞུད་དུས།།
གཟུགས་རིས་ཆུ་ལ་འདར་བ་མཚར་དོན་ཅང་མི་འདུག།

སོལ་བ་གདོང་ལ་བྱུགས་པའི་ཀེང་རུས་ཀྱི་ཁྱུ་ཚོགས།།
ཤིང་གི་དགྲ་སྟ་འཕྱར་བའི་གཤེད་མ་དེར་སྤྲུལ་ཏེ།།
མི་ཚེ་ཁྲམ་ལ་བཏབ་པའིཟིན་ཐོ་ཞིག་སྒྲིག་གིན།།
སོ་སྒྲ་ཚག་ཚག་བཅའ་བའི་ལས་དོན་དེ་བརྩམ་འོང་།།

མཚན་མོར་མུན་པ་འཇགས་པའི་སྒེའུ་ཡོལ་གྱི་ཕག་ནས།།
སྙིང་ཆུང་གས་མར་བཏང་བའི་ཀི་སྒྲ་དེ་སང་སང་།།
གཤིན་རྗེའི་སྙིང་རྩ་འདར་བའི་ཤོག་ངོས་ཀྱི་ཡིག་འབྲུ།།
ཚོན་སྣས་འཇའ་འོད་བརྐྱངས་བའི་དགུང་སྔོན་དུ་སྤུར་འགྲོ།།

ལང་ཚོ་གྲིབ་མར་དང་བའི་དྲན་པ་དེ་ཡར་ཡོར།།
སྒེའུ་ཁུང་རླུང་གིས་གཅོག་པའི་འཇིགས་པ་ཞིག་མེད་ན།།
སེམས་ཀྱི་ལྡེབས་སུ་བཀལ་བའི་གླིང་བུ་དེ་འབུད་ནས།།
རླུང་གི་རྔམས་ཀར་འཁྱིལ་བའི་སྒྲོན་མེ་ཞིག་སྦར་འདོད།།

རྫ་རྒྱབ་སྨུག་པ་འཁྱིལ་བའི་སྤྲིན་དཀར་གྱི་འདབ་མ།།
དགུང་སྔོན་གནམ་ལ་འཕུར་བའི་ན་བུན་གྱི་རླངས་པ།།
སྐད་ཅིག་ཙམ་གྱིས་སྣང་བ་མཚོ་མོ་རུ་འཕུར་དུས།།
སེམས་ཀྱི་དབྱངས་རྟ་ཡར་ཡར་དགུང་སྔོན་ལ་བཀྱག་འགྲོ།།

                                        2014.5.23

             སྒྱུ་མའི་ཕོ་བྲང་།
རྫ་ཁའི་ཉི་ཟེར་རྣོན་པོ་རྒྱང་ལ་བཀྱེད།།
ལྷམ་ཆུང་འཕྱན་ལ་བཅུག་ནས་ཕྱོགས་སུ་རྒྱུག །
ལག་པ་མཁའ་ལ་བསྲེང་བའི་སྟོང་བའི་ཁམས།།
མཇུག་གུས་རི་མོ་འབྲི་བཞིན་རི་རྩེར་བགྲོད།།

ཐང་གཞོངས་འཇག་མའི་སྐྲ་ལོ་རླུང་གིས་ཁུར།།
སྟོན་རླུང་ཤུགས་ཀྱིས་གཡོས་པའི་ས་སྲོད་འདིར།།
དགོང་ཁའི་མེ་ཏོག་དཀར་པོ་རྙིད་པར་ཕྱོགས།།
སྦྲང་མ་གཤོག་ཆད་ཅིག་གི་བར་སྣང་གང་།།

ཞིང་བ་བགྲེས་པོ་ཞིག་གིས་རྐང་ངལ་རྒྱག །
རྔུལ་ཆུའི་ཐིགས་པ་འཁྱོར་གང་མཁའ་ལ་མཆོད།།
ཆུ་བོ་ཡར་འཁྱིལ་གཞུང་གི་ལྦུ་བ་རུ།།
བྱེ་མ་སྤར་གང་མཆོད་པའི་གོ་རིམ་ཡིན།།

ང་ནི་འདི་ནས་ཆས་པའི་ལམ་མགོ་སྟེ།།
མི་ཚེ་རླུང་བུ་བཞིན་དུ་ལན་གཅིག་གཡུག།
རླུང་བུ་རྡུལ་དང་འདྲེས་སམ་ཆུ་ལ་བཞུར།།
སུས་ཀྱང་དཔོག་ཚོད་མེད་པའི་རྒྱང་རིང་ཞིག།

སྐྱེས་ཆེན་གསེར་འདྲ་ཞིག་གི་རྐང་རྗེས་དང་།།
སྐྲ་ལོ་མཛེས་ཆུས་བྱུགས་པའི་བུ་མོ་ཞིག །
རྒོད་པོ་མཁའ་ལ་འཕུར་བའི་ངང་ཚུལ་གྱིས།།
ཆོས་ཉིད་བརྡ་ཡིག་ཕབ་པའི་ངོ་བོ་འཁྲེགས།།

རྟེན་འབྲེལ་ལས་ཀྱིས་འགྲིབ་པའི་མི་ཚེ་འདི།།
ཤོག་བུ་མདངས་ལྡན་ཞིག་གི་ཁ་ཞེང་འདྲ།།
ཚོན་སྣས་པུར་ཁ་བཏོད་པའི་གཞི་མ་འདི།།
སྐྱེ་བ་རྡོ་ལ་བརྐོས་པའི་གཟུངས་སྔགས་ཡིན།།
             གཙང་བོའི་ཕ་རོལ།
དགུན་གསུམ་ཁ་བ་གྱོན་པའི་སྣང་བ་ཡི་རི་མོ།།
རྗ་སྒང་འཇག་མ་རྐང་གཅིག་གི་མགོ་ལྕོག་དང་འདྲ་བོ།།
རླུང་བུ་གང་སར་ལྡང་ཚེ་དེའི་ཕྱོགས་སུ་ལྡེམ་པ།།
དམ་ཚིག་རྡོ་ལ་ཕབ་པའི་སྲ་གཟུགས་སུ་མ་གྲུབ།།

ཆང་ཕོར་ཤེད་ཀྱིས་བཏེགས་པའི་ཚངས་མགུར་གྱི་མཛེས་པ།།
མ་བཅོས་སྣང་བའི་རྩེ་རུ་རོལ་རྩེད་ཅིག་བརྒྱག་ཀྱང་།།
སེམས་པ་གཅེར་བུར་ཕུད་དེ་ཅི་བྱུང་དུ་བྱ་རྒྱུ།།
ཁོ་ཐག་ཞེ་ནས་ཆོད་པའི་འཆལ་བོ་དེ་མ་རྔམ།།

མི་ཚེ་དཀར་ནག་བྲན་པའི་འོད་གོར་གྱི་གཞི་མ།།
ནས་ཆང་ཧུབ་གང་བཏུང་བའི་ནམ་གང་གི་རྨི་ལམ།།
མུན་པའི་ངོ་འབགས་གྱོན་པའི་ཟམ་སྟེང་གི་མི་ཚོགས།།
གྲིབ་གཟུགས་སུམ་བརྩེགས་བནབས་པའི་གཤེད་མ་རུ་མ་གྱུར།།

གཟན་སྣེ་ཕྲག་ལ་བབ་པའི་རྟེན་འབྲེལ་གྱི་གཞི་མ།།
མར་མེ་ཚེ་འབར་ཅིག་གི་ཐལ་བ་རུ་བསྲེགས་ཏེ།།
སྟོང་བ་རྟེན་འབྱུང་གི་འོད་ཟེར་དང་འཐིམས་ཀྱིན།།
ལམ་འདི་དབུས་ལ་བརྙེག་པའི་གོ་སྒྲིག་དེ་ཡིན་འགྲོ།།

                                        2014.12.4

             ནམ་མཁའ་སྟོང་བ།
ཡར་བལྟས་ནམ་མཁའ་སྤྲིན་གྱི་ཕོ་བྲང་ཞིག །
སྤྲིན་པ་བལ་དཀར་འདྲ་བོར་དྲི་མ་མེད།།
སྙིགས་མའི་འོད་ཟེར་སེམས་སུ་འཐུབ་པ་ན།།
ནང་གི་སྡུག་ཡུས་དཀྲོལ་བའི་རོལ་མོ་མཁན།།

མཚོ་མོ་ཁམས་ནག་ཅིག་གི་ཕང་བ་རུ།།
གསེར་གྱི་ཐི་གུ་སྒྲིལ་བའི་གྲུ་བ་ཞིག།
སྲོད་དུས་ཕར་ལ་བགྲོད་པའི་ལམ་ངོགས་སུ།།
གྲིབ་མ་སུམ་བརྩེགས་གྱོན་ནས་དལ་གྱིས་འགྲོ།།

སྦྲང་ཆུང་གཤོག་པ་ཚིག་པའི་ཐིག་ལེ་ཅན།།
སྣང་བ་རི་ལ་བཀལ་པའི་གླུ་ཆུང་དེ།།
དིར་དིར་དབྱངས་སུ་གྱེར་ཏེ་འཕུར་བ་འདིས།།
ནམ་མཁའི་དབྱིངས་སུ་སྲོག་གི་རལ་བ་སྐྱོད།།

ཙན་དན་སྤོས་ཀྱི་དུ་བ་འཁྱུག་པའི་རྩེར།།
སྒེག་ཆོས་གར་ལ་འཁྲབ་པའི་ལྷ་མོའི་ཚོགས།།
ནས་ཆང་ལན་གསུམ་མཆོད་པའི་ཉམས་ཚུལ་གྱིས།།
མཛས་གཞས་མཚན་གང་བཏོང་བའི་མོས་པ་སྐྱེས།།

ནམ་མཁའ་སྟོང་བ་ཞིག་གི་ཁ་གཏད་དུ།།
སྣང་བ་རི་མོར་བྲིས་པའི་ཤོག་བུ་རུ།།
ལས་ཀྱི་མེ་ཏོག་ལན་གཅིག་གྲོལ་བ་ན།།
རྨི་ལམ་ཡར་ཡར་ཕྱོགས་པའི་དགུང་གི་འཇའ།།

མི་ཚེ་དབྱངས་ལ་གྱེར་བའི་ཞོགས་པ་རུ།།
ཏིང་ཤགས་ཚིལ་ཚིལ་རྡུང་བའི་སྒེའུ་ཁུང་འགམ།།
སེམས་ཀྱི་སྐྱོ་བ་ཕྱི་རུ་ལུད་པའི་མཚམས།།
མུན་པ་དགུང་ལ་བཀྱགས་ཏེ་སྐྱ་རེངས་ཚེས།།

ཁེར་རྐྱང་གནས་མལ་ཁྲོད་ཀྱི་དྲན་པ་དེ།།
རྒོད་པོ་རླུང་ལ་བརྡར་བའི་གཤོག་པ་ཞིག།
གཤོག་སྒྲོ་རྒྱང་ལ་གཏད་དེ་འཕུར་ཙ་ན།།
ནང་གི་རྔུལ་ཆུ་དེ་ཉིད་ཕྱི་རུ་འཛགས།།

ལང་ཚོ་མཚོ་ལ་འཆར་བའི་སྒྱུ་མའི་གྲོང་།།
ནམ་མཁའ་མེ་ལ་འཚིག་པའི་ཐལ་བ་ཞིག།
རུས་ཀོག་སྐམ་པོ་ཞིག་གི་ལྡེབས་ངོས་ནས།།
སྔོན་འདྲིས་བག་ཆགས་བསྐྱུར་ཏེ་རིང་དུ་འཕུར།།

                                        2014.6ལ།


འབྲེལ་ཡོད་འོས་སྦྱོར།