ཁ་བྱང་གཅིག་པའི་སྙན་ངག《རྒྱང་རིང་དེ་ན》།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-06-04
ཀློག་གྲངས།:
རྒུ་རུ་བ་རྡོ།
རི་རྒྱལ་ལྷུན་པོར་རྐས་མ་བཙུགས་ཀྱང་ཆོག
ཉི་མའི་རྒྱང་མཐོང་མ་གཡར་ན་ཡང་ཆོག
རྒྱང་རིང་དེ་ན
འོད་ཟེར་གྱི་གོང་བུར་འཁྲུངས་པའི་འཛུམ་མདངས
མེ་ཏོག་གིས་བསླེས་པའི་ཞྭ་མོའི་འོག་ན
སུ་ལའང་དབྱར་གཞུང་གི་མདངས་ཀྱིས་གཟིགས་ཡོད
ཡར་མཆོག་ཐ་གུ་ཁྲ་བསླེས་ཡིན་པའི
མར་མཆོག་ཟལ་མོ་སྒང་བསླེས་ཡིན་པའི
རྡུལ་ཕྲན་གྱི་ཚོན་གྱིས་བཞེངས་པའི་འུར་མཐིལ་དེ་ན
ལུག་ཁྱུ་ཞིག་གི་སང་ཉིན་ཡོད
དོན་ལ་བར་ཐག་ནི་འུར་ལྕག་ཅིག་གི་ཡར་མཆོག་དང་མར་མཆོག་ཡིན
ལུག་ཆུ་ལུང་པའི་ཚུར་རོལ་ན་ཡོད
ཕྱིང་ཞྭ་སེར་པོ་མནབས་པའི་ལུག་རྫི་ལུང་པའི་ཕ་རོལ་ན་ཡོད
ཉི་སེར་གྱི་ཁུ་བས་ལུག་ཁྱུ་དང་གཟན་རྩྭར་བྱིལ་བྱིལ་ཡང་ཡང་གནང་དུས
རྒྱང་རིང་དེ་ན
ང་ལ་རྙིད་མི་སྲིད་པའི་ཉི་མ་ཞིག་ཡོད་པའི་བདེན་པ་རྙེད
2015/5/26/ཉིན་རྡོ་ཁང་གྲུ་བཞི་རུ།
རྒྱང་རིང་དེ་ན།རྐང་ཐང་བ།
རྒྱང་རིང་དེ་ན
དངུལ་མདོག་གི་ཟླ་བ་སྒོར་སྒོར་ཞིག་ཤར་ཡོད
རྒྱུན་པར་མིག་གིས་མཐོང་མོད
ད་ལྟའི་བར་ལག་པས་རེག་མ་མྱོང
ས་རུབ་རྗེས་སུ
རྨི་ལམ་གྱི་གྲོང་ཚོ་ལ་སྒོར་སྒོར་གྱི་ཟླ་བ་འཆར
ཟླ་བ་དེ་སྙིམ་པར་བཅངས་ནས
གྲོང་ཚོ་ལ་སྐོར་བ་དུ་མ་བརྒྱབས
དམར་མདོག་གི་ཉི་མ་འཆར་ཚུལ་ལས་ཀྱང
རྒྱང་རིང་དེ་ན
རླུང་གི་རྣམ་ཤེས ཆུ་ཡི་རྣམ་ཤེས མེ་ཡི་རྣམ་ཤེས
ཟླ་བ་ལ་ཕྱོགས་ཏེ་འཕུར་ཞིང་གཡེང
2015/5/27/ཟི་ལིང་ནས་བྲིས།
རྒྱང་རིང་དེ་ན།རྨོག་སངས་རྒྱས་རྒྱ་མཚོ།
བརྩེ་བའི་སྐར་ཚོམ་རླུང་གིས་དེད་པའི་སྤྲིན་པ་དཀར་པོའི་གཞུང་དེ་ན།།
སྐར་མ་སྨིན་དྲུག་འདར་ཡོམ་རྒྱག་གིན་དབང་ཤེས་སྣང་ངོར་མཛེས་ཀྱིས་རྒྱན།།
སྙིང་དང་གློ་བ་འདྲེས་ན་སྙམ་པའི་དྲན་འཛིན་གོང་བུའི་བདག་འཛིན་འདི།།
ལོ་དང་ཟླ་བ་ཉིན་དང་བརྡེབས་ཤིང་ཞག་དང་འཐུད་དེ་བསྒུག་ཀྱང་རུང་།།
མི་ཚེའི་གཞུང་གི་རྒྱང་རིང་དེ་ན་འཕྲད་པར་འདྲེས་པའི་དུས་ཡུན་མེད།།
རི་མགོ་མཐོན་པོར་སྨུག་པའི་གཏུམས་དུས་ཆུ་ཐིགས་རྡོག་གཅིག་སྙིང་དུ་བབས།།
དཔྱིད་ཀྱི་མེ་ཏོག་དཀར་དམར་དག་གི་དྲི་ངད་རི་ལུང་ཀུན་ཏུ་ཁྱབ།།
གྲིབ་མ་ནག་པོས་བཙལ་པའི་གྲིབ་མ་དཀར་པོ་ཁྱེད་ཉིད་གང་དུ་གདའ།།
ཟིལ་བ་ཁྲོམ་ཁྲོམ་ནང་དུ་བཞུགས་པའི་སྙིང་རྗེ་སྒོམ་པ་མ་དཀྲོགས་ཀྱང་།།
རྒྱང་རིང་དེ་ན་དྲན་པ་ཞིག་སྟེ་ཁྱེད་ལ་བསྒུག་པའི་རྣམ་ཤེས་ཤིག །
ལས་ལ་མདུད་པའི་སྨོན་འདུན་ལྗང་ཁུ་སུས་ཀྱང་མ་ཁོག་བྲང་ཁར་སྦྱར།།
ངག་ནས་བྲིས་པའི་ནག་ཆུང་ཡི་གེ་དབྱངས་དང་སྦྱར་ནས་ཁྱེད་ལ་བསྐུར།།
འོན་ཀྱང་བརྩེ་བའི་བར་ཆད་ཞིག་སྟེ་གློ་རྡེག་བསྐོས་པའི་རི་མོ་དག།
སྐད་ཅིག་ཉིད་དུ་ཐལ་བར་གཏོར་ནས་རྨི་ལམ་ནང་བཞིན་མེད་པར་གྱུར།།
ཡིན་ཡང་རྒྱང་རིང་དྲན་པ་ལྕི་མོ་ལུས་ལ་བཏེགས་ཤིང་སེམས་ཀྱིས་བཟུང་།།
2015.4.13
རྒྱང་རིང་དེ་ན།བེ་དུང་།
ཁྱོད་ཀྱིས་མིག་ཆུའི་གཙང་བོ་དེ་བཅུས་ནས་བཞུད་མ་སོང
ཁྱོད་ཀྱིས་བརྩེ་དུང་གི་མེ་ཏོག་དེ་བཏུས་ནས་བཞུད་མ་སོང
ཁྱོད་ཀྱིས ང་ལ་ནགས་ཚལ་ལྟ་བུའི་དྲན་གདུང་སྟུག་པོ་དེ་བསྐྱུར་ནས
རྒྱང་རིང་དེ་རུ་བཞུད་སོང་ཟིག ཅི་ལ་སྐྱོན
རྒྱང་རིང་དེ་ན ཁྱོད་ལ་ཅི་ཞིག་ཡོད
ཁྱོད་ཀྱིས་སྡུག་གི་སེམས་པ་དེ་དྲུད་ནས་བཞུད་མ་སོང
ཁྱོད་ཀྱིས་སུན་པའི་ཉིན་ཞག་དེའང་འཁྱེར་ནས་བཞུད་མ་སོང
ཁྱོད་ཀྱིས ང་ལ་ན་ཟུག་གི་བྲོ་ཁ་མང་པོ་བསྐྱུར་ནས་བཞུད་སོང་ཟིག
ཅི་སྐྱོན ཅི་སྐྱོན
རྒྱང་རིང་དེ་ན སྐྱིད་ཀྱི་ཉི་ཟེར་འཁྱུད་ནའང སྡུག་གི་ན་བུན་རྒྱུ་ངེས
ཁྱོད་ཀྱིས ང་ལ་ཁེར་རྐྱང་གི་མཚན་མོ་འཁྱག་པ་དག་བསྐྱུར་ནས་བཞུད་སོང
ཁྱོད་ཀྱི་རྒྱང་རིང་དེ་ནི
ངའི་བརྩེ་དུང་གི་མཚམས་སྤྲིན་ནུབ་ས་ཡིན་ངེས
ངའི་ཕམ་ཁ་ཡི་སྨུག་སྤྲིན་འཐིབ་ས་ལས་མི་འདུག་གོ
རྒྱང་རིང་དེ་ན།
ཐོ་ཡོར།༼དཀར་མཛེས།༽
ཟླ་འོད་བཙལ་བའི་གོ་རིམ་ཁྲོད
མིག་ལམ་དུ
རི་བོ་མཐོན་པོའི་རྩེར་ན་འདར་བའི་གཞས་སྐད་ཅིག་མཐོང་བྱུང
སུ་ལའང་བཤད་མི་ཆོག་པའི་གསང་བ་འདི
ཇི་སྲིད་བར་དུ་ཁྱེད་ཁོ་ནས་མཐོང་མི་སྲིད
ད་ལྟ་ངས་ལོ་མ་ཞིག་གི་སྐྱེ་བའི་སྟེང་ལ་ཟིལ་བ་སྐྱེལ་བཞིན་ཡོད
དུས་སྐབས་འདི་དག་དག་ས་སྲོད་ལ་ཁེལ་འདུག
རྒྱུན་པར་ས་སྲོད་དུ་སྨུག་པ་འཐིབས་ཡོང་དུས
ངའི་སེམས་སུ་ཡང་སྨུག་པ་ཡུན་རིང་ལ་འཐིབས་སྲིད
ངས་སྙན་ངག་ཅིག་གི་འབྱུང་གཞི་ལ་རྒྱུན་དུ་སེམས་ཁྲལ་བྱས་པས
སེམས་ཁྲལ་བྱས་པས
ང་ཡི་སྙན་ངག་རེ་རའི་མིག་ཟུང་གཉིས་རྡོ་རུ་གྱུར
རྒྱང་རིང་དེ་ནས་ཁྱེད་ཀྱང་རྡོ་རུ་གྱུར
2015.6.3གསེར་རྟ་ནས།
རྒྱང་རིང་དེ་ན།བོང་སྟག་ལྷག་ག
སྨུག་པ་རི་ལ་འཁོར་བའི་ནང་ཞོགས་ཤིག།
ཆར་བ་ཟིམ་ཟིམ་བྱེད་པའི་སྔ་དྲོ་ཞིག །
ང་ལ་ཧ་ཅང་ཉེ་བའི་མི་ཕོ་དེས།།
སྙིང་གཏམ་ཚིག་གཅིག་མེད་པར་རྒྱང་ལ་བཞུད།།
རུ་མཚེར་སོ་མ་བརྗེས་པའི་ཉིན་མོ་དེར།།
མཚེར་ཇ་འཐུང་རྗེས་ཡུན་རིང་མ་འགོར་བར།།
ང་ལ་འདང་བརྩེ་ཆེ་བའི་མི་ཕོ་དེས།།
སྲོད་ཀྱི་གྲིབ་མ་གཟས་ཏེ་རྒྱང་ལ་ཆས།།
ཁངས་ཡུག་ཐོད་ཀྱིས་བསུས་པའི་སྟོན་དགུན་དང་།།
ཆར་བ་ལུས་ལ་གྱོན་པའི་དབྱར་དཔྱིད་སོགས།།
ངེས་གཏན་མལ་ས་མེད་པའི་ཨ་ཕོ་ཁྱོས།།
སྡུག་གཏམ་སེམས་ལ་སྦས་ཏེ་ལོ་དུ་སོང་།།
སྡུག་ཀྱང་ལག་བརྡ་མེད་པའི་ཉིན་མོ་དེ།།
དྲན་ཡང་མིག་ཆུ་མེད་པའི་ལོ་ཟླ་དེ།།
བཤད་ཀྱང་ཉན་མཁན་མེད་པའི་བྱིས་དུས་ནི།།
ང་ལ་མཚོན་ན་སྐྱིད་སྐྱིད་སྡུག་སྡུག་ཅིག།
ཐོབ་ཤོར་དབང་ལ་མེད་པའི་ཚེ་སྲོག་དང་།།
གར་འགྲོ་གསལ་ཐག་མེད་པའི་མི་ཚེའི་ལམ།།
ད་སྔོན་ཡོད་ལ་ད་ལྟ་མེད་པ་སོགས།།
མི་རྟག་སྒྱུ་མའི་དཔེ་རེད་ངས་སྨྲས་སོ།།
སྐྱེ་བ་ད་ཐེངས་བདག་གིས་མ་ཕྲིས་པ།།
རྒྱང་གི་མི་ཕོ་ཁྱེད་ཡིན་ནོར་བ་མེད།།
ཡ་ཆུང་དྲན་པའི་ནང་གི་འོད་པོ་ཆེ།།
བདག་གིས་དྲན་ནོ་ངོ་མ་བདེན་པ་ཡིན།།
རྒྱང་རིང་དེ་ན་མི་ཕོའི་རྐང་རྗེས་ཡོད།།
རྐང་རྗེས་རེ་རེར་བདག་གིས་སྙན་ཚིག་ཕུལ།།
རྒྱང་རིང་དེ་ན་ཨ་ཅེ་བུ་མོ་ཞིག །
ད་རུང་ཨ་ཇོ་ཞིག་གི་གསང་གཏམ་ཡོད།།
རྒྱང་རིང་དེ་ན་བདག་གི་རྨི་ལམ་དང་།།
ད་དུང་རྨི་ལམ་རྐུ་བའི་ལྷ་མོ་ཡོད།།
ཕལ་ཆེར་ཡུན་རིང་གྱེས་པའི་ཨ་ཕོས་ཀྱང་།།
རྒྱང་རིང་དེ་ན་ང་ལ་བསྒུག་སྟེ་ཡོད།།
2015/5/27ནམ་གུང་།
རྒྱང་རིང་དེ་ན།གྲུ་ཆུང་།
རྨི་ལམ་དུ ངས་རྒྱང་རིང་གི་སྒོ་ཆེན་དེ་རྨིས་སྐད
ལྕགས་ཟྭ་མེད་པའི་སྒོ་ཆེན་དེའི་མཁའ་དབྱིངས་སུ
སྒྲེན་པོར་རྒྱུ་བའི་ཉི་གཞོན་ལ་ཟེར་འོད་མི་འདུག
ཁེར་ཚུགས་དོད་པའི་ཟླ་བ་ལ་ཉམ་ང་ལྡན་ཞིང་རྒྱུ
ད་དུང་ཞེད་སྣང་གིས་ཁོང་འདར་རྒྱག་པའི་སྐར་མའི་ཚོགས
སུ་ཞིག་གི་རྣམ་ཤེས་ལྡོམ་པོ་དེ་ཡིན་ནམ
ཟླ་བའི་ཕོ་བྲང་ན
སུ་ཞིག་གིས་ཁེར་རྐྱང་གི་ཞབས་བྲོ་རྒྱག་བཞིན
འདས་སོང་གི་ཐོབ་ཤོར་ལ་ཕྱིར་དྲན་བྱེད་ཞོར
མི་ཡུལ་གྱི་འཁྲེང་ཞེན་ཤོར་སའི་གནས་སུ་ཡང་ཡང་བལྟ
དེ་ནི་ཟླ་བ་ལྷ་མོ་སྟེ
ཟླ་བའི་ཁང་བཟང་གི་རབ་གསལ་དུ
སུ་ཞིག་གིས་མི་ཡུལ་གྱི་སྒྱུ་མའི་བརྩེ་བ་ལ་སྨོན་པ་འཆོར་གྱིན་འདུག
ཨོ དེ་ནི
དེ་ནི་ཟླ་བ་སྒོར་སྒོར་དབུས་ཀྱི་རི་བོང་དཀར་པོ་ཉིད་དོ
ངག་རྒྱུན་དུ སྐྱ་ཀ་ཁྲ་མོ་ནི
བཀྲ་ཤིས་ཁ་གཡང་གི་སྔོན་བརྡ་སྒྲོག་མཁན་དེ
ད་ནི་སྐྱ་ཀ་ཁྲ་མོའང་རྒྱང་རིང་དུ་འཕུར་ཟིན་པས
དགུ་ཚིགས་སྐྱ་མོའི་ཟམ་ཆེན་སུ་ཡིས་བསྐྲུན
རྦ་རླབས་དྲག་ཏུ་འཕྱོ་བའི་དགུ་ཚིགས་ཀྱི་མཐའ་གཉིས་སུ
རྡོ་བ་ལས་ཀྱང་བརྟན་པའི་བརྩེ་དུང་གི་བདག་པོ་སྟེ
གླང་རྫི་ཡ སེམས་ཁོང་གི་འབོད་སྐད་ཕྲ་མོ
དགུ་ཚིགས་ཀྱི་རླབས་སྒྲར་མཆེད་སྐད
བཞིན་བཟང་འཐག་མཁན་མའི་བརྩེ་བའི་ཉིང་ཁུ
དགུ་ཚིགས་ཟབ་མོའི་གཞུང་ལ་འདྲེས་སོང
རྒྱང་རིང་རྒྱང་རིང་གི་གནས་དེ་ན
ཁྱེད་ཀྱི་བརྩེ་དུང་གི་ཕོ་བྲང་ལ་གཟི་འོོད་འཕྲོ་དུས
དེ་ལ་སྡིགས་པའི་སྦྱོར་བ་སྦྱིན་མཁན
ཀེང་རུས་ལྟ་བུའི་གཤེད་མ་ཉིད་ཐོན་ཡང
རེ་བའི་མེ་ཏོག་འཐུ་སའི་གླིང་ཀ་ན
དུངས་པའི་མཚོ་མོ་འཁྱིལ་ཅིང
བརྩེ་བའི་ནམ་མཁའ་སྔོ་པོ་རུ་ཆུ་སྐྱེས་འདབ་མ་གྲོལ
གཡུ་སྦྲང་ཟུང་གི་རྩེད་ར་རུ མི་འདོད་བཞིན
དྲག་ཆར་ཅིག་གིས་ཕྲག་དོག་གི་མདའ་མོ་འཕངས་པས
ཡོད་ཚད་མི་རྟག་པའི་འཇིག་རྟེན་དུ་གྲུབ་ཅིང
བརྩེ་བ་དང དུངས་པའི་རྣམ་ཤེས་ཕྲ་མོ
ལྕགས་ཟྭ་མེད་པའི་སྒོ་ཆེན་དུ་བརྫངས་སོང
རྒྱང་རིང་གི་གནས་དེ་ན
ལྕགས་ཟྭ་མེད་པའི་སྒོ་ཆེན་དེ་རུ
སུ་ཡིས་དམའ་འབེབས་བྱས་པའི་ཁྱེད་ཀྱི་བརྩེ་བ་དང
མོས་ཕྲག་དོག་གིས་གཏོར་བའི་ངའི་དུངས་པ
རླུང་ཁའི་མར་མེ་བཞིན འདར་ལྕུག་ལྕུག
2015.5.23ཉིན།
རྒྱང་རིང་དེ་ན།ཞི་སྐྱིད•མགོ་ལོག
མ་ཡར་ཞིག་གི་མནར་གཅོད་འོག
ཤི་མ་སོས་ཀྱི་དམྱལ་བ་རྗེན་མ་མྱོང་བའི་ང་ཡིས
རྒྱང་རིང་གི་ས་དེར་ལྟ་ཐེངས་རེར
ང་རང་གང་ནས་ཡིན་ཞིང་སུ་ཞིག་ཡིན་པའང་ལྡབ་ལྡིབ་ཅིག་ཚོར
འགྲུལ་བ་ཚོས་མཐོང་ན
ད་ལྟ་ཁྱེད་རང་སྐྱིད་པོ་འདུག་ཟེར་དུས་ཡོད་མོད
ཟ་མནར་འཐུང་མནར་དང་འགྲོ་མནར་འདུག་མནར་ཁོ་ན་ཡང
ནམ་རྒྱུན་ཁྱིམ་མཚེས་སུ་འགྲོགས་པའི་རུ་བ་ཚོའི་མ་གཏོགས་སུ་ཡིས་ཤེས
རྒྱང་རིང་བ་ནི་མནར་གཅོད་ཅིག
རྒྱང་རིང་བ་ནི་སྨྲེ་ངག་ཅིག
སྤྲིན་འཇའ་དེད་པའི་རེ་བ་ཉག་གཅིག་གིས
ང རྒྱང་རིང་འདི་ནས་ཤ་རིད་ཅིང
ཁྱོད རྒྱང་རིང་དེ་ནས་སེམས་གཅོང
2015.5.30
རྒྱང་རིང་དེ་ན།བིས་མདོ་བ་ཆོས་སྐྱོང་།
རྒྱང་རིང་དེ་ན
ཕ་ཡུལ་ཡོད
ཕ་ཁྱིམ་ཡོད
ཕ་མ་ཡོད
རྒྱང་རིང་དེ་ན
ཕུ་ནུ་ཡོད
མིང་སྲིང་ཡོད
ན་ཟླ་ཡོད
རྒྱང་རིང་དེ་ན
རྩེད་ར་ཡོད
རྩེད་རོགས་ཡོད
དྲན་ཤིང་ཡོད
2015.5.30
རྒྱང་རིང་དེ་ན།བྱ་ཁེར་སྡོད།
སྐད་ཆ་དེ་བདེན་པ་ཡིན་ན
གནས་དེ་ན་ཉི་ཟླའི་འོད་ཟེར་འཁྱིལ
___རྫི་རླུང དྲི་བསུང མེ་ཏོག
_____མཚེའུ ལྗོན་ཚལ ལྡིང་ཁང
དཔལ་མི་ལ་བཞད་པ་རྡོ་རྗེ་ནས
རང་བྱུང་བྲག་གི་ཕུག་ནས་གླུ་རུ་བཀུག
གླུ་ཡི་གཏིང་ན འཇིག་རྟེན་གྱི་ཞིང་ཐང་བྲིས
ཁ་བ་འཚུབ་པའི་འགྱིག་གི་ནགས་ཚལ་ན
གསེར་ཉི་མའི་ཕྱོགས་སུ་མགུར་ཞིག་བཏང
ལོག་ཡོང་བ་ནི མུན་པའི་ལོ་མས་སེམས་ངོ་གཡོགས
གོས་སྐུད་ཀྱིས་བསླས་པའི་མེ་ཏོག
བྱེ་ལེབ་ཟེའུ་འབྲུར་མི་འཁོར་བ་དུས་ཀྱིས་མིན
བརྩེ་དུང་གི་སྐུད་པ་ཁེ་གྲིས་བཅད་ན
སྣུམ་རྩི་བབས་པའི་འདས་དོན་མཆི་མས་ལོས་སྦངས
རྒྱང་རིང་དེ་ན།
དུར་རྐང་།༼དཀར་མཛེས།༽
ཕོ་མོ་གཉིས་སོ་སོར་གྱེས་པའི་སེམས་ཁྲལ་གྱིས
ང་ཡིས་ཐང་སྟོང་གི་མེ་ལོང་ནང་དུ་
ས་རིབ་པ་ཅུང་འཕྱི་བ་དང་བསྟུན་ནས་ཞག་གཅིག་གི་དུས་ཚོད་ཀྱི་མཐའ
མཚམས་མེད་པའི་ཞེ་སྡང་གི་སྣེ་མོར་བརྒྱུས
གློ་བུར་དུ
བདག་གི་མིག་ཟུང་དང་ལེ་བར་སྟོང་གིས་ཆོད་པའི་རྒྱང་རིང་དེ་ན
སྨིན་མ་འབུར་བའི་གཞོན་ནུ་མ་ཞིག་ཁྱོད་རང་མཐོང་ཆོག་པའི་འུར་ཟང་གི་མྱ་ངན་ཐང་ན་
ཐེངས་དང་པོར་འཕྲད་པའི་བརྩེ་དུང་གི་ནམ་མཁའ་ལ་སྐྱོ་སྣང་གི་སྡུག་གླུ་ཞིག་ཤེད་ཀྱིས་གྱེར
རང་གི་གྲིབ་མའང་ནགས་ཚལ་གྱི་སྡོམ་དུ་ཚུད་རྗེས
སྐྱེ་བ་འདིའི་ནང་རིམ་བཞིན་གསལ་བའི་རྐང་རྗེས་གྲངས་མེད་ལ
འདས་སོང་གི་རྟོགས་བརྗོད་ཅིག་ཅིས་ཀྱང་འབྲི་དགོས་པའི་སྡོམ་ཚིག་བཀོད
ཁྱེད་ཀྱི་ལུས་ལ་བབས་པའི་རྨི་ལམ་གྱི་མེ་ཏོག་ཁྲོད་ནས་
ངས་རང་ཉིད་ཀྱི་མིང་ཡིག་ནག་པོ་དེ་ས་སྲོད་ཀྱི་གཙང་བོའི་སྤྱན་ཆབ་ཏུ་བསྒྱུར
རྒྱང་རིང་དེ་ན
ཡང་ན་རྒྱང་རིང་དེའི་བྱ་ཁྱུའི་མཁའ་ལམ་ན
བརྩེ་གདུང་གིས་རྡུལ་ཕོག་པའི་སྐྲ་ལོ་ནག་པོ་དག་གིས་མུན་པའི་ཚབ་བྱས་དེ
འཇིག་རྟེན་ལ་མཛའ་གཞས་ཀྱི་ངག་འཁྱལ་བརྩལ
ཡུན་རིང་བོའི་རྗེས་ནས
ས་རིབ་པའི་ནག་ཉེས་དང་ནད་ཁང་གི་འཁྱག་སྣང་གཉིས་ལག་མཐིལ་ནས་དུས་གཅིག་དུ་ཤར་བས
གཞོན་ནུ་ཞིག་གི་མིག་དབང་ཤོར་བའི་བུད་མེད་དག
ཁྱོད་དང་ངའི་གྲིབ་མའི་གཏིང་དུ་སིམ་སྟེ་མུན་པས་དྲུད་བཞིན་པའི་ཐག་སྣེ་ལ་འཇུས
མཐའ་མར་བའི་མིག་ནང་གི་མེ་ཏོག་དག་བསྟུད་མར་སྨིན་རྗེས
རྨ་ཆུས་ཁུར་བཞིན་པའི་ལས་སྨོན་གྱི་ཡིག་འབྲི་དཀར་པོ་དེས
མཐའ་མི་གསལ་བའི་རྒྱང་རིང་དེ་ན་རྣག་ཁྲག་གིས་གྲུབ་པའི་གཟུགས་རིས་ཤིག་དང་
ལྷན་སྨོན་ལམ་འདེབ་པའི་དུས་ཚིགས་ཤིག་བག་མར་བསུས།
2015.5.24ཉིན་ཡོངས་སུ་གྲུབ།
རྒྱང་རིང་དེ་ན།
སྒ་སུམ་པ།
རྒྱང་རིང་རྒྱང་རིང་ན་ཐག་ཉེ་ཐག་ཉེ་ན
རླུང་གིས་སྤུར་མི་ཐུབ་པའི་སྐྲ་ཡི་ཉག་མ་ཞིག
གཙང་པོའི་ཕར་ཚུལ་སྦྲེལ་ཡོད
སྦྲེལ་ཐག་ལས་གས་པའི་ཆུ་བུར་རེ་རེ
སྒེའུ་ཁུང་ནས་མཐོང་བའི་སྐར་མདའ་ལྟར་མཛེས
ང་ཚོས་ཀྱང་སྐྲ་ཉག་རེ་ལག་ཏུ་བླངས་ནས་ཕུ་འདེབས
དྲག་ཏུ་ཕུ་འདེབས་དང
བར་སྣང་གི་ཉི་མའི་ངོས་ན་གཤོག་པ་ནག་པོ་ཞིག་གྲུབ་ཡོང
དེ་ནི་ང་ཚོ་ཡིན་ལ་ཉི་མའང་ཡིན་ཆོག
དེ་ནི་ས་གཞི་ཡིན་ལ་རྐང་བ་ཡང་ཡིན་ཆོག
2015/5/22/
འབྲེལ་ཡོད་འོས་སྦྱོར།