དྲིན་ཨ་མ་ཚེ་རིང་གནམ་གྱིས་སྲུང་།
རྩོམ་པ་པོ།:ལྡོང་སྲས་ཨ་བྷེ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-06-03
ཀློག་གྲངས།:
དྲིན་ཨ་མ་ཚེ་རིང་གནམ་གྱིས་སྲུང་།
ལྡོང་སྲས་ཨ་བྷེ། ལན་གྲུ
སྐྱ་མི་འགའ་ཐང་སྟོང་ལུང་སྟོང་ཞིག་བརྒྱུད་ནས་འགྲོ་སྐབས། བར་མཚམས་ཤིག་ལ་གློ་བུར་དུ་ཕྱོགས་ཤིག་ནས་གསལ་ལ་མི་གསལ་བའི་མ་སྨད་གཉིས་ཀྱི་ངུ་ངག་འབྱིན་གྱིན་པའི་སྒྲ་ཞིག་ཐོས་ཏེ། ཁོ་ཚོ་རྟབ་རྟབ་པོར་དེའི་ཕྱོགས་སུ་བརྒྱུགས་ནས་བལྟས་པས། སྤྱང་ཀི་མང་བོ་འཕྱི་ཁུང་ཞིག་གི་སྒོ་ཁར་རུབ་ཏེ་ཕར་རྒྱུག་ཚུར་རྒྱུག་བྱེད་ཀྱིན་པ་དེའོ།། དེ་མ་ཐག་ཁོ་ཚོས་མེ་མདའ་བརྒྱབ་ནས། སྤྱང་ཀི་དག་སྔོན་གྱི་གནས་དང་ཅུང་ཟད་ཁ་བྲལ་དུ་བཅུག་རྗེས་འཕྱི་ཁུང་སྒོ་ཁར་བཅར་བ་ན། ཁོ་ཚོའི་སྣང་ངོར་ཤར་བ་ནི་སུས་ཀྱང་ལྟ་བར་མི་བཟོད་པའི་འཇིགས་སྣང་ཆེན་པོ་ཞིག་སྟེ། མགོ་ལུས་ཧྲིལ་བོར་ཁྲག་གིས་བརྫིས། རྐང་པ་གཉིས་ཟས་ཚར་ཏེ་དཔྱི་མགོའི་བར་དུ་ཐུག་ཅིང་། ཁོག་གི་རྒྱུ་མའང་ཕྱི་རུ་ལུག མགོའི་སྐྲའང་མགོ་པགས་དང་བཅས་ཏེ་ཁོར་མ་ཁོར་མ་གོག. གདོང་གི་ཤ་དང་དཔུང་བའི་གཡས་གཡོན་གྱི་ཤའང་དུམ་བུ་དུམ་བུ་རུ་བྱས་ཏེ་ཟས་ཚར་ཡོད་ནའང་། ཉམ་ཐག་སྲོག་གི་རྟ་རྔ་མ་ཆད་པ་ཙམ་དུ་ལུས་པའི་མོ་རང་གིས་ནུས་ཤུགས་ཡོད་རྒུ་བཏོན་ནས། རང་གི་ཤ་ལས་ཆད་པའི་ཁྱེའུ་ཆུང་ཆུང་དེར་གནོད་པ་སྤུ་ཉག་ཙམ་ཞིག་ཀྱང་ཐེབས་སུ་མ་བཅུག་པར་མཆན་འོག་ཏུ་སྦས་འདུག སྐྱ་མི་ཚོ་མཐོང་མ་ཐག་ཏུ་དགའ་བའི་ཉམས་ཀྱིས་ཁྱེའུ་དེ་ཁོ་ཚོར་གཏད་ནས། སྐད་ཆ་ཅི་ཡང་ཤོད་མི་ཐུབ་ནའང་། མགོ་དང་ལག་པས་ཉམས་འགྱུར་ལས། དྲིན་ཆེན་དག ངའི་གཅེས་ཕྲུག་འདིའི་སྐྱིད་སྡུག་ཁྱེད་ཚོས་མཁྱེན། འདི་ལ་གྲང་ལྟོག་མྱང་དུ་མི་འཇུག་རོགས་ཞེས་ཞུ་བ་འཐེན་པའི་རྣམ་འགྱུར་མངོན། ཁོ་ཚོས་ཀྱང་སེམས་ཀྱིས་མ་བཟོད་པར་ཁྱེའུ་དེ་ཚུར་བླངས་ནས་འགྲོ་སྐབས། ད་དུང་བུད་མེད་དེའི་མཆི་མས་བརླན་པའི་བརྩེ་བ་ཡི་མིག་ཟུང་གིས་རང་གི་ཁྱེའུའི་རྗེས་སུ་ཅེར་འདུག་ཟེར། དེ་ནི་རླབས་ཆེན་གྱི་མ་ཡུམ་དེས་མཚོན་པའི་འཇིག་རྟེན་གྱི་ཨ་མ་དག་གི་ཟླ་མེད་ཀྱི་ལྷག་བསམ་རེད།
ལྷག་པར་དུ་དེ་རིང་ནི་རྒྱལ་སྤྱིའི་མ་ཡུམ་དུས་ཆེན་རེད་འདུག གྲོགས་ཚོམས་སུའང་བྱིངས་ནས་མ་ཡུམ་གླེང་གིན་འདུག དེ་ནི་ང་ཚོ་སུ་ལ་མཚོན་ནའང་གླེང་ཆོག་ཆོག་ཅིག་དང་གླེང་འོས་པ་ཞིག་གོ།
ཁ་ཅིག་ན་རེ་དེ་རིང་ཨ་མར་ཁ་པར་ཞིག་བཏང་མོད། ཡིན་ཡང་། མོ་རང་གི་དུས་ཆེན་ཡིན་པ་ཤེས་སུ་བཅུག་མེད་ཟེར། ང་རང་ལ་མཚོན་ནའང་དེ་ལས་མ་འདས། ང་ཚོ་རོང་འབྲོག་གི་རི་ཁ་ཞིང་ཚིགས་བར་ན། ཨ་ཅང་སྤྱིར་བཏང་དང་། ཕལ་བའི་འཚོ་ཐབས་ལ་གོམས་འདུག་པའི་ཁོ་མོ་ཚོར་མཚོན་ན། ཟང་ཟིང་དང་ཨ་གསར་གྱི་ཡོ་ལང་འདིའི་རིགས་ལ་དེ་ཙམ་མྱོས་པོ་ཡོད་མི་སྲིད་ཀྱང་། མོ་རང་ཚོར་མཚོན་ན། རང་གི་གཅེས་ཕྲུག་གམ་གཅེས་ཕྲུག་མ་གང་དེ། འཁྲིས་སུ་ཡོད་པ་ཚོས་སྲི་ཞུ་ལེགས་ཤིང་ཁ་བརྡ་རེ་གློད་རྒྱུ་དང་། དེ་དང་རིང་བ་དག་གིས་ཀྱང་། ནམ་རྒྱུན་ཁ་པར་རེ་གཏོང་བའམ་འཚམས་འདྲི་རེ་ཞུ་བ་ལས་ལྷག་པའི་དུས་ཆེན་ལྟ་བུའི་སྤྲོ་སྣང་ཞིག་དང་སེམས་ཁོང་གི་དྲོད་ཐིག་ཅིག་གང་ན་ཡོད།
འོན་ཀྱང་། དེ་རིང་ནས་ཡར་ལ་བརྩིས་པའི་གཟའ་འཁོར་གསུམ་ཏག་ཏག་གི་སྔ་རོལ་དུ། ཁོ་བོར་མཚོན་ན་ཟླ་དགུ་ཞག་བཅུར་ལུས་ལ་ཁུར་ཞིང་། བྲང་གི་ནུ་མ་བླུད་དེ་རང་ལ་ཚེ་སྲོག་སྦྱིན་མཁན་གྱི་མ་ཡུམ་དྲིན་ཆེན་དེ་ལས། ད་དུང་རང་གི་བརྩེ་དུང་དང་ལང་ཚོའི་མཆོད་པ་ཕུལ་མྱོང་སའི་བུ་མོ་དེར་བཏང་བའི་ཁ་པར་དང་འཚམས་འདྲི་མང་ངོ་།།
ཡིན་ཡང་། ཚང་མས་གསང་འདུག་པ་ཙམ་ལས། འདི་ནི་ཁོ་བོ་གཅིག་པུ་ལ་བདོག་པའི་ཞེ་ཁྲལ་གྱི་ནད་རྟགས་ཤིག་ནི་མ་ཡིན་པར། ཕལ་ཆེར་དུས་རབས་འདིའི་ན་གཞོན་ཕོ་མོ་བྱིངས་ལ་ཁྱབ་པའི་ཁྲེལ་འདས་ཀྱི་ནད་ཡམས་ཤིག་ཡིན་པ་ནི་གོར་མ་ཆག་གོ།
མཚམས་འདིར། འགྲང་དུས་འཁྱག་དུས་ལྟོགས་དུས་བརྒྱགས་པའི་དུས།། ཕ་མ་གཉིས་པོའི་དགོང་མོའི་གཉིད་ཐེབས་བཅགས།། སྐམ་པ་བུ་དང་རླན་པ་ཕ་མས་བྱེད།།
འཇམ་པ་བུ་དང་རྩུབ་པ་ཕ་མས་བྱེད་ཅེས་པའི་ལེགས་བཤད་རྨད་བྱུང་འདི་དྲན་པའི་ཡོལ་ངོས་སུ་འཁྱུག་ཙམ་བྱས་ཙ་ནའང་། ཨ་མའི་བཀའ་དྲིན་ནི་དབྱངས་གསལ་ལ་བརྒྱུས་པའི་ཐ་སྙད་དེ་དག་གིས་མཚོན་ནུས་པའམ། ཡང་ན་སྨྲ་ལྕེ་ལ་བཏགས་པའི་སྐད་ཆ་དེ་དག་གིས་མཚོན་ནུས་པ་གང་ཞིག་ཀྱང་མིན་པ་ཚོར།
བཤད་མཚམས་འདིར་ཐོན་དུས། ཁོ་བོས་ཀྱང་ཨ་མའི་གམ་དུ་ང་ཚོས་སྲི་ཞུ་ལེགས་པར་བསྒྲུབ་ལ། རྒྱང་རིང་ནས་ནམ་རྒྱུན་ཁ་པར་རེ་བརྒྱུད་དེ། ཁམས་བདེ་འཚམས་འདྲི་རེ་ཞུའོ་ཟེར་ཙམ་ལས་སྐད་ཆ་གཞན་གང་ཡང་རྙེད་མ་སོང་བ་དེའོ།།
ཕྱི་ལོ2015ལོའི་རྒྱལ་སྤྱིའི་མ་ཡུམ་དུས་ཆེན་ཉིན་གཡུ་གྲོང་དུ་སྦྱར་རོ།།
འབྲེལ་ཡོད་འོས་སྦྱོར།