logo

མགོ་ལོག་ཆུ་ཐིགས་ཀྱི་ཚིགས་བཅད་སྙན་ངག་ཁག་བཞི།

རྩོམ་པ་པོ།:ཆུ་ཐིགས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-05-27 ཀློག་གྲངས།:
                             དུར་སྒྲོམ་གྱི་རྨི་ལམ།
མདུན་གྱི་རི་བོའི་མལ་ས་ཆར་གྱིས་སྦང་།།
རྨི་ལམ་དཀར་པོ་རྟ་ཁྱུའི་བྲང་ནས་རྨིས།།
རེ་བ་དུར་སྒྲོམ་ཡིན་པའི་དབུ་རྨོག་དེ།།
ཕ་དང་མེས་པོའི་རང་ནས་བོར་ཏེ་བཙལ།།

གསེར་གྱི་རྨི་ལམ་ཆུ་བོའི་གཞུང་ལ་བྲིས།།
སྣང་བའི་གཏེར་སྒྲོམ་མཚོ་མོའི་རླབས་ལ་སྦྲུམས།།
སྲིད་པའི་གྲུ་ཆུང་འདྲ་བའི་ཕུང་པོ་ལ།།
ཉི་ཟླ་འདྲ་བའི་འོད་ཀྱི་གཤོག་པ་ཡོད།།

སྐར་མའི་མེ་ཏོག་སྣང་བའི་སྨག་ལ་བཞད།།
ཡི་གེའི་ལྷ་ཚོགས་ཟླ་བའི་སྲུང་མར་བསུས།།
ཚོར་བའི་འཇའ་ལོ་མཚན་མོའི་གོས་སུ་བཀླུབས།།
གནམ་ས་གཉིད་པ་འདྲ་བའི་ལྷིང་ཞིང་འཇགས།།

སྤྲིན་གྱི་མེ་ཏོག་འཇའ་ཡི་ལོ་མར་བྲིས།།
སྲིད་པའི་ལག་ཟུང་ཕ་ལོའི་དབུ་སྐྲར་འཁྱུད།།
རི་ཆུ་ཕ་མ་ཡིན་པའི་འཁོར་བ་ནས།།
བདེ་སྡུག་འཚོ་བའི་རོལ་མོ་སྙན་སྙན་འདྲ།།

2015.5.10

                             ཚིག་གི་ཟེགས་མ།
ཚིག་གི་བྱ་ཁྲ་རྟོག་པའི་དབྱིངས་ན་འཕུར།།
འཇའ་ཡི་གཤོག་ཟུང་སྲིད་པའི་དཔུང་ལ་བརྐྱངས།།
ངག་གི་གཏེར་མཛོད་གནམ་སའི་མལ་དུ་སྦས།།
འོད་ཀྱི་དཔུང་ཡ་ཆར་བའི་ཁྲུས་ལ་རོལ།།

སྲོད་ཁའི་བགྲེས་པོས་འོ་མའི་མིག་ཆུ་འཇོ།།
ལ་མགོའི་ཟེར་ལ་སྐྲ་ལོས་སྐྱེལ་མ་བྱས།།
སྤྱན་ཟུང་ཉི་ཟླ་ཡིན་པའི་ཨ་མྱེ་དེས།།
འཁོར་བའི་ཆོས་ལ་འོད་ཀྱི་ཐམ་ག་གླན།།

སྣང་བའི་གཤིན་སའི་སྨག་གི་བང་སོ་ན།།
སྒྲོན་མེ་ཐོགས་པའི་རྣམ་ཤེས་རལ་བོ་ཞིག།
ཚིག་སྒྲོམ་ཁུར་ནས་བར་དོར་འགྲིམས་པ་དེ།།
སྨྱུ་གུ་འཆང་བའི་ངག་གི་བྱེད་པོ་ཡིན།།

གཙང་བོ་ཡིན་པའི་ཚོར་བའི་རླབས་སྒྲ་དེ།།
སྨུག་པའི་མེ་ལོང་ངོ་ལ་བྱིལ་བྱིལ་བྱེད།།
དབྱངས་གསལ་ཚིག་གི་མཛོད་ཁང་བཀྲུ་བར་བྱས།།
ངག་གི་དཔལ་ཡོན་མཐའ་དག་དབང་ལ་འབྱོར།།

2015.5.2

                             ཞི་བའི་མི་རབས།
ཐུབ་པའི་རྨི་ལམ་འཐུ་བའི་སྐྱེས་བུ་ཞིག།
སྙུ་གུའི་རྐང་རྗེས་འཚོལ་བཞིན་དར་ལ་བབས།།
སྲིད་པ་སྒྱུ་མའི་ཁམས་ཀྱི་ག་ཤེད་ནས།།
བདེན་པའི་སྨྲ་ལྕེ་སྒྲོག་པའི་ཟླ་བོ་ཡིན།།

དབྱངས་གསལ་རི་ལ་འདེད་པའི་རྫི་གྲོགས་ཡིན།།
ཚོར་བའི་འཇིངས་ལ་ཉུལ་བའི་ཉུལ་རོགས་ཡིན།།
ཞི་བའི་དམག་དཔུང་ཞིག་གི་རང་སྡེ་ཡིན།།
འབྱུང་འགྱུར་གསར་བ་ཞིག་གི་བརྗོད་དོན་ཡིན།།

མེས་པོའི་རེ་བ་ཁུར་བའི་མི་རབས་ཤིག།
མཐར་གྱི་བདེན་པ་བསམ་ནས་ལམ་ལ་ཆས།།
རེ་བའི་རེ་བ་མཐོ་བའི་གསར་སྐྱེས་ཤིག།
གངས་རིའི་སྙུ་གུ་ཐོགས་ཏེ་ནར་ནས་སོན།།

ལང་ཚོའི་མེ་ལྕེ་ཚོར་བའི་ཐང་ནས་བསྒྲོན།།
རང་གི་འབྱུང་འགྱུར་ཞི་བའི་ཐང་ནས་བཙལ།།
ཐུབ་པའི་རེ་བ་ཡིན་པའི་ཐུགས་སྲས་ལ།།
བདག་གི་ཡི་གེའི་མཆོད་ཁ་དེ་རིང་ཕུལ།།

2015.5.21

མཆན།
     སྨྱུག་གྲོགས་དམ་པ་གུ་དཔལ་ཤིས་ལགས་ཀྱི་འཁྲུངས་སྐར་ལ་ཞོགས་པའི་ཁུ་བྱུག་གི་གདངས་དང་འགྲོས་ནས་སྐར་མ་འགས་རང་ལ་ཤར་མར་སྦྱར་བའོ།།
                             ཡི་གེའི་ཕོ་བྲང་དང་། བདག་གི་སྣང་བ།
ཁྱོད་ནི་མེ་དཔུང་ལྟ་བུའི་དྲོད་ཁོལ་གྱི་གཏེར་སྒྲོམ།།
ཁྱོད་ནི་འཁོར་བ་ལྟ་བུའི་ཚོར་བ་ཡི་མཛོད་ཁང་།།
སྲིད་པའི་དབྱངས་ཡིག་འཚོལ་བའི་རྨི་ལམ་གྱི་རྟ་ཕོ།།
བདག་གི་བྲང་གཞུང་འདི་ན་འཚེར་སྒྲ་རང་ཆེ་བ།།

འོད་ཀྱི་གཤོག་པ་ཐོགས་པའི་གཞོན་པ་ཡི་རྨི་ལམ།།
མཚོ་མོའི་འཇིངས་སུ་སིམ་པའི་དྭངས་གཙང་གི་ཆར་ཐིགས།།
ན་བཟའ་དམར་པོའི་ཁ་དོག་གདངས་དབྱངས་ལ་བརྒྱུས་ནས།།
མེས་པོའི་དུར་མིག་འཁུར་བཞིན་འདོད་ཁམས་རང་ཉུལ་ལོ།།

ཡི་གེའི་ཕོ་བྲང་ཡིན་པའི་སྒྲིབ་མེད་ཀྱི་ནང་དུ།།
ཚོར་བའི་མལ་ས་དྲོན་མོས་ཕྲ་ཆུང་རེ་རྒྱོབས་དང་།།
གནམ་སའི་གཅེས་ཕྲུག་ཡིན་པའི་དབྱངས་གསལ་གྱི་ཁྱེའུ།།
ཉི་ཟླའི་འོད་ཁྱིམ་ནང་ནས་འཚར་ལོངས་དེ་བྱུང་ངེས།།

བདག་གི་ཡིད་ལ་སྒོམ་པའི་སྙན་ངག་གི་ལྷ་མོ།།
དེ་རིང་འབོད་པའི་ང་རོ་མཐོ་མཐོ་རང་བྱས་ན།།
ངག་གི་གཏེར་སྒྲོམ་ཟབ་མོའི་ཤར་སྒོ་དེ་ཕྱེས་ནས།།
ང་དང་ང་ཡི་ཚོགས་ལ་ཟུར་མིག་རེ་སྩོལ་ཤོག།

2015.5.21

མཆན།
     གྲོགས་བསམ་འཕེལ་ནོར་བུས་སྙན་ངག་གི་དཔུང་སྡེ་གསར་བ《 ཡི་གེའི་ཕ་ཁྱིམ》 ཟེར་བ་ཞིག་བཙུགས་པ་ལ་ཤིས་ཚིག་ཅིག་དགོས་ཞེས་བསྐུལ་ངོར་གྲོགས་ཁོང་གི་ངོ་མ་ལྡོག་པ་ཙམ་དུ་ལྔ་རིག་ནང་བསྟན་སློབ་གླིང་ནས་ཤར་མར་སྦྱར་བའོ།།


འབྲེལ་ཡོད་འོས་སྦྱོར།