logo

ཟླ་ངོགས་ཀྱི་དབྱངས་རྟ་རིང་མོ།

རྩོམ་པ་པོ།:དུར་བྱང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-05-26 ཀློག་གྲངས།:

ཟླ་ངོགས་ཀྱི་དབྱངས་རྟ་རིང་མོ།
དུར་བྱང་།  དཀར་མཛེས།

                              དྲན་རྟོགས།

ཅི་ཡང་མེད་པའི་དུས་སུ
ངའི་མིང་ནས་མི་འབོད་རོགས
ས་སྲོད་ཀྱི་དུས་སུ་གཙང་བོའི་ཕར་ཚུར་དུ་ཁྱོད་རང་བཙལ་སྲིད
མཚོ་འགྲམ་དུ་བཞད་པའི་ལྐོག་གྱུར་གྱི་རི་མོ་དག
སྟོན་ལོ་སེར་པོ་མང་དུ་བབས་རྗེས
རྨི་ལམ་གྱི་རླུང་བུའི་སྒྲ་དང་སྡེབ་ནས་རེ་རེ་བཞིན་རྒྱང་ལ་བཞུད་འགྲོ
དབུགས་འབྱིན་པའི་སྒྲ་ལས
ཁང་ཆུང་ཕྱི་རོལ་གྱི་ནགས་ཚལ་གཡོ་ཞིང་འགུལ
ངས་ཀྱང་ཚོར་བྱུང་སྟེ
སྡོང་ལོ་ཤུགས་ཀྱིས་སྐྱོམ་པའི་འདོད་འདུན
དེ་ཡི་བསླངས་བའི་ངར་ཤུགས
འདི་དག་ནི་རང་དབང་དང་ལྷིང་འཇགས་ཀྱི་རྐང་ལམ་དེའི་ཆེད
ངལ་དུབ་ཀྱིས་བཟུང་བའི་འཇག་མའི་རི་བོ
སྐར་ཚོགས་ཀྱི་མཐའ་ནས་གཉིད་དུ་ཡུར་བའི་ཚུལ་གྱིས་འགྲོ་བར་བྱ
                               གཤོག་པ་རྨས་པའི་བྱེའུ།
ས་རུབ་ཐེངས་རེེ་རེེར
ད་གཟོད་ཁྱོད་ཀྱིས་སྐྲག་སྣང་ཅི་ཡང་མེད་པར་རྒྱང་རིང་ཞིག་དྲན་ཐུབ
རི་རབ་དང་གཙང་བོ་བརྒྱུད་ནས་ཐོགས་རེག་བྲལ་བའི་གླིང་ཕྲན་དེ་མཐོང་ཐུབ
ལོ་ཟླ་ཇེ་མཐུག་ཏུ་གྱུར་རྗེས
རྡོ་བའི་སྙིང་ཁམས་ནས་མེ་ཏོག་བཞད་ཅིང་ཆུ་མོ་འཁོར
ཁྱོད་ཀྱི་བྱ་སྤུ་ལས་ཡང་བའི་དངོས་པོ་ཡོད་ཚད
མི་སེམས་སུ་ཉོན་མོངས་འཚུབ་པ་བཞིན་འཁྱག་དར་གྱི་བར་གསེང་དུ་འཐིམ་སྲིད
ལོ་ཞིག་ལ
གནས་འདིར་ཐན་པ་བྱུང་ནས་ཡལ་འདབ་སྟེང་གི་ཆུ་ཕྲན་དག་ཀྱང་སྐམ་ལ་ཉེ
ཏག་ཏག་ཟླ་བའི་ཕོ་བྲང་གི་རྩིག་ལྡེབས་ངོས་ཀྱི་གཤོག་པ་རྨས་པའི་བྱེའུ་དེ་ཚང་ནས་འཕུར་དོན
རྨི་ལམ་ལ་འཇའ་ཚོན་གྱི་གཤོག་པ་རེ་དང་ལྷ་སྒྲུང་རེ་ཡོད་པས་རེད
                               གཞས།
གྱུར་ཁུགས་དེ་འདི་རེད
ཚེ་སྲོག་དང་འབྲེལ་བའི་རྨི་ལམ་བར་ན
ང་ཚོས་ཡུན་རིང་ལ་ཉན་མ་ཚར་བའི་གཞས་ཤིག་ཡོད
མཁའ་དབྱིངས་སུ་སྟོང་ཉིད་ཀྱི་མ་ཎིའི་འདོན་དབྱངས
ལྷད་མེད་ཀྱི་མེ་ཏོག་ཇི་བཞིན
ལྐོག་གྱུར་གྱི་གླེགས་བམ་ཞིག་གི་བར་དུ་འཚངས་ཡོད
འཆི་བ་མེད་པའི་ཚེ་སྲོག་དང    རྒྱུན་ཆད་མེད་པའི་ཆུ་བོ
སྐྱ་རེངས་དུས་ཀྱི་ས་གཞི     འདི་དག་ནི་རྨི་ལམ་ཁྲོད་ཀྱི་རྡོ་བརྐོས་གསང་གྲངས་དེ་ཡིན
འདུ་ཤེས་ཡོད་ཚད་བརྗེད་པར་གྱིས
སླར་སོས་བྱུང་བའི་འཁྲུལ་མེད་ཀྱི་ནམ་དཀྱིལ་དུ
ངའི་རྣམ་གཤིས་ལ་རྡོ་བ་སྟོང་ཕྲག་ཅིག་གི་གཡའ་དག་པའི་མིག་འབྲས་འཁོར་འདུག
འོ  ང་ནི་གངས་རི་ཡིན   གསེར་མདོག་གི་མ་ཎའི་གཞས་དབྱངས
                               གནམ་སའི་མཚམས་ཀྱི་ལྷ་མོ།
འཇིག་རྟེན་དང་མི
ཁྱེད་དང་ང
མེ་ཏོག་ཟུམ་པའི་སྔ་རྗེས
ཆུ་ཚོད་ཉེར་བཞིའི་ཨི་ཁུང་ལས་ཁྱོད་རང་འཆར་ཐུབ
ནུབ་ཁའི་ཉི་མ་དང་གར་མཁན་ཚོས་འཛུམས་མདངས་གྲོལ་དུས
ལྷ་མོ་ནི་ཟླ་བའི་པང་ལ་བདེ་བར་གཟིམ་ཆོག
ཕྱི་རོལ་གྱི་ཆར་བ་འབབ་མཚམས་ཤིན་ཏུ་རིང་བས
མེ་ཏོག་གི་ངོ་གདོང་ལས་བསླུ་བྲིད་ཀྱི་སྤྱན་ཆབ་བསིལ་བྱུང
ལྷ་མོ་ཁྱོད་ཉིད་རང་གི་རོལ་དབྱངས་ཀྱི་ཞབས་བྲོ་ལས་མངོན་འདོད
ཐང་ཆེན་པོ་འདི་ཁྱོད་ཀྱི་རྐང་རྗེས་ལས་དོད་འདུག
མཚན་མོའི་རླུང་དྲིལ་གྱི་སིལ་སྒྲ་ཁྲོད
ཨག་ཚོམ་གྱི་སྐྱེ་ཤུགས་དྲག་པོས
དབང་ལྔའི་ཟུངས་བཅུད་དང་འཆར་སྣང་གི་གཞུང་རྟ་དག
ས་སྲོད་ཀྱི་སྤྲིན་དཀར་དང་བླ་སྲོག་གི་གཟུགས་བརྙན་ལས་བསྒོམ་དུས
རླུང་བུའི་རྒྱུ་ཕྱོགས་ལ་བརྟེན་ནས་མུན་སྟུག་ཁྲོད་ཀྱི་ན་ཆུང་མའི་མིག་རྡེབ་ཀྱི་སྒྲ་དེ་ཚོར་ཐུབ
ཡུལ་ལ་ལོག་ཁར
སྟོན་ཟླ་བརྒྱད་པའི་མཛེས་སྡུག་གི་རྡུལ་རྣམས་འཕུར་བསྐྱོད་ཀྱི་ཤོག་གྲུར་ཞུགས་ནས
ཚེ་སྲོག་གི་རུམ་ཁ་བརྒྱུད་བཞིན་དཀའ་སྤྱད་ཀྱི་གནས་དེར་བསླེབས་ཚེ
ལྗང་མདོག་གི་མེ་ལོང་ངོས་སུ་རིག་རྒྱུད་ཀྱི་འཕར་རྩ་རྒྱས་ཏེ་མུན་ནག་གི་ནམ་མཁའ་བཟོ་སྲིད
                               མུན་པ་དང་འཆར་སྣང་།
རྒྱུས་ཡོད་ཀྱི་སྲང་ལམ་འདི་དེད་ནས
ངོ་གདོང་མི་གཅིག་པའི་མི་ཚོགས་ཀྱི་འཚངས་ཁ་ཁྲོད
འཁྱག་སིབ་སིབ་ཀྱི་རྡོ་བའི་པང་གཅལ་དུ་སྨེང་པ་སངས་བྱེད་ཀྱི་ནས་ཆང་བསྐྱལ་ཡོད
སྐྱོ་བའི་དུས་ཀྱི་མཐའ་མེད་པའི་ནམ་མཁའི་རྒྱ་ཁྱོན་ལ་དགེ་སྡུག་བསྟན་དོན
ཚངས་དབྱངས་རྒྱ་མཚོ་བཞུད་མྱོང་བའི་གནའ་བོའི་ལམ་ཕྲན་དེ་དྲན་པས་ཡིན
ནམ་ཞིག་ལ
རང་དབང་གི་མུན་པ་སྐྱོ་བའི་དུས་ཀྱི་འཛུམ་མདངས་ཡིན་སྲིད
རུས་རྐང་དུ་སྦར་བའི་ཨ་ཕའི་རྟ་ཕོའི་གོམ་སྒྲ
སྐབས་རེར་ཚ་ཤུར་ཤུར་དུ་བཞུར་འགྲོ་བ
ཁ་རྔོག་རླུང་གིས་བསྐྱོད་ནས་མི་སེམས་ཀྱི་ལྷིང་འཇགས་དཀྲོག་པས་རེད
ན་བུན་ལོང་ལོང་ཁྲོད་ཀྱི་གཉིད་མི་ཁུག་པའི་མཚན་ནམ་རིང་མོ
སད་སེར་གྱིས་ཉི་མར་ལྡེས་པའི་ཁང་མིག་གྱི་གཤོག་ཡ་གཏུབ་པས
ཁྱོད་ཀྱི་བྲང་ཁ་བརྡུངས་པ་ཚོར་བྱུང
གྲིབ་གཟུགས་ཀྱིས་ནུ་བུམ་ལྟ་བུའི་འདོད་པའི་ཡོན་ཏན་གཅིག་བསྡུས་ཀྱི་ཉིང་ཁུ་སྟེ
ངས་ལྗོན་རྩེ་ནས་ཟགས་པའི་ལོ་མ་རེའི་སྐྱོ་བ་འཁོར་ཚུལ་བསྟན་ནས
མེ་ལྟར་ཚ་བའི་གསེར་མདོག་གི་རྦ་རླབས་རེ་དང་ལྐོག་ཏུ་སྦས་པའི་མཚན་ནམ་ཞིག་གི་ལམ་བསྟན་པ་ཡིན
                               ལྡིང་ཁང་ནག་པོ།
མཚན་སྨག་གི་ལག་པ
ཁྱོད་ཀྱི་བྲང་ཁར་སྦྱར་ནས
དྲན་གཞས་ཀྱི་སྨུག་སྤྲིན་རིང་མོ
དགུ་ཚིགས་ཀྱི་བཀྲགས་མདངས་ལས་མངོན་པར་བྱུང
ཉལ་ཐུལ་དང་མལ་གདན་ལས་རབ་རིབ་དུ་སྐྱེས་པའི་བརྩེ་བའི་ལྗིག་ཤུགས
གྲིབ་མའི་ཁ་དོག་ལས་མུན་པའི་སེང་རུས་ཀྱི་ལྐོག་ཏུ་ཡིབས
སྔར་ལྟར་བབས་བྱུང
དབུ་སྐྲའི་ཚལ་ལ་དབྱངས་གསལ་གྱི་ལྷ་མོའི་བདེ་དྲོད་བསྒོས
ཤ་ཁྲག་གི་ལུས་ལ་འཐིམ་པའི་མི་ཡུལ་གྱི་ཆགས་སྡང
གདོད་མ་ནས་གྲུབ་པའི་དཀར་དམར་གྱི་རི་མོ་རྣམས
ནམ་ཞིག་ཁྱོད་རང་སོང་ཤུལ
ཆུ་གཏེར་གྱི་ངོས་ནས་འཁྱག་སིབ་སིབ་ཏུ་འཕྱུར་ཡོང་བ་སུ་ཡིས་མཐོང་མི་སྲིད

2015.5.23ཉིན་གྲུབ།


འབྲེལ་ཡོད་འོས་སྦྱོར།