སྨག་གི་སྙན་རྩོམ་ཁག་ལྔ།
དྲན་པའི་ངག
གྲིབ་མའི་སླེ་བོ་མུན་པས་དྲུད་པ་ན།།
ཟླ་བ་ནུབ་ཀྱི་རི་ལས་ཡར་འགྲིམ་ཏེ།།
གཙང་པོའི་འཁྲིས་སུ་འོད་ཀྱི་ཆར་ཟིམ་གྱིས།།
ཆུ་ལོ་རེ་རེ་མེ་ཏོག་འདབ་མ་རེ།།
གཙང་པོའི་ངག་རྒྱུན་སྲོད་དུ་དལ་གྱིས་ངང་།།
ཉི་ནུབ་དྲན་ཞིང་ཉི་ནུབ་རེ་རེ་བྲིས།།
སྤྲིན་པ་དྲགས་ཀྱིས་གདུ་བའི་སྐད་ཅིག་དེར།།
འདུ་ཤེས་རབ་རིབ་མུན་པ་རབ་རིབ་མཚུངས།།
ཚོར་བའི་སྒེའུ་ཁུང་ཅུང་ཙམ་ཕྱེས་པའི་མོད།།
དབྱར་གཞུང་དྲན་ལ་དགུན་གཞུང་རིང་མོ་དྲན།།
མེ་ཏོག་གློ་ཁ་ཆུ་ཁར་འབུས་པ་དྲན།།
ཕྱེ་ལེབ་ཅིག་ཀྱང་འཆི་ཁར་དཔྱངས་པ་དྲན།།
སྟོང་ཆད་པ།
སྐབས་རེར་ཁྱོད་ཀྱི་མིག་མདངས་སུ།།
ལྗོན་ཤིང་ལོ་མ་གཡོ་ཞིང་འགུལ།།
བྱེ་འུ་འཕུར་ཞིང་ལྡིང་བ་ཡི།།
ཡིད་ཀྱི་ནམ་མཁའ་སྔོན་པོ་ཡི།།
ཚོར་བའི་གྲུབ་ཚད་འཇལ་བ་ཡི།།
སྤྲིན་གྱི་བང་རིམ་གཏོར་བ་ཡི།།
སྨུག་པ་ལྷོད་ཀྱིས་འཕྱུར་བ་ཡི།།
ཆུ་བོོ་ཤག་གིས་འདུར་བ་ཡི།།
ཡིད་དུ་སྐྱོ་གདུང་ཚད་མེད་ལྡང་།།
ངག་ཏུ་ངུ་ཅོ་སྣ་ཚོགས་འབྱིན།།
དེ་ནི་ང་ཡི་སྙན་ངག་སྟེ།།
སྨེང་གཞས་གྱེར་ཞིང་གྱེར་ཞིང་དུ།།
སྐྱོ་བ་བྲུག་ཅིང་གདུ་བ་ཡི།།
དབྱངས་ཀྱི་སྐུད་པ་ཆད་པ་ཡི།།
ཡི་གེ་ངུ་ཞིང་སྐྱོ་བའི་རླབས།།
ཚོར་བའི་ལྡིང་ལས་ཆད་པ་ཡི།།
སྙན་ངག་དེ་ལས་ཅི་ཆད་ཨང་།།
སྐྱོ་ངལ།
ལོ་ཟླ་ཆུ་ཤིང་བཞིན་གྱིས་རུལ་སོང་། །
སེམས་ཀྱི་འཁྲིས་སུ་མུ་གེ་ལྡང་སོང་། །
རིག་པ་ཧ་ཅང་དུབ་པའི་དུས་ཤིག །
འཁྲིས་སུ་རྨི་བཤད་ཤེད་ཀྱིས་འདོན་སོང་། །
ཆར་ཆུ་མང་པོ་སྐྱོ་བས་བཤུམས་སོང་། །
སྨུག་པ་མང་པོ་འདུ་འཁྲིགས་བརྒྱབ་སོང་། །
ཟླ་བའི་མདངས་ཀྱིས་མཚན་མོ་བརྒལ་བའི། །
འོད་ཟེར་མང་པོར་བཅར་འདྲི་བགྱིས་ཚེ། །
མཚན་སྨག་འདི་དག་རི་མོ་ཞིག་སྟེ། །
རྣམ་རྟོག་འཁྲུག་ཅིང་གཡོ་བ་ཙམ་མོ། །
བསྡུས་གཟུགས་ཤིག་ཀྱང་ནར་གྱིས་སོན་ཏེ། །
ཕོ་བྲང་ཞིག་ཀྱང་བཞེངས་བར་བརྩམ་ཏེ། །
རྨི་ལམ་མང་པོ་ཡི་གེར་བྲིས་སོ། །
ཚོར་བ་མང་པོ་དབྱངས་སུ་གྱེར་རོ། །
སྟོང་པའི་སྙན་ངག
སྐབས་རེར་ཉི་མས་གྲང་བས་འདར། །
མཚམས་རེར་ཟླ་བས་ཚིག་པས་འཆི། །
སྐར་ཚོགས་ཡིབ་འཆར་བྱེད་པ་མཐོང་། །
སྐྱེ་བ་གཅོད་ཅིང་འབུས་པ་མཐོང་། །
མེ་ལོང་ཤིན་ཏུ་དྭངས་བའི་ངོར། །
རྒྱབ་གཟུགས་འདི་འང་ཅི་འདྲའི་མཛེས། །
འགུལ་བའི་ཆུ་ནང་ཟླ་བའི་མདངས། །
གསལ་ལ་མི་གསལ་བའི་ཚུལ་གྱིས། །
ཐ་སྙད་སྣ་ཚོགས་སྟོང་པར་འཆད། །
རྨི་ལམ་སྣ་ཚོགས་སྒྱུ་མར་འཆད། །
དེ་འང་རྣམ་རིག་འགུལ་བ་ཙམ། །
ཁྱེད་ཀྱི་སྤྱན་མིག་ཟླ་ཕྱེད་མ། །
ཅུང་ཙམ་བཙུམ་ཞིང་ཕྱེ་བའི་མོད། །
འཁོར་འདས་གཉིས་སུ་མི་ཐོགས་ཏེ། །
ཞི་བའི་དབྱིངས་སུ་ཆགས་པས་འཁྱུད། །
སྟོང་པའི་དབྱིངས་སུ་བདེ་བས་རོལ། །
འཕགས་མ་ཁྱེད་ནི་འཇིག་རྟེན་གྱི། །
ཐ་སྙད་ཚོགས་ཀྱིས་འཁྲུངས་བ་སྟེ། །
དབྱངས་ཀྱི་མཛེས་པ་ཇི་སྙེད་པ། །
བསྐལ་བར་རོལ་བས་མི་ཟད་པའི། །
དབྱངས་ཅན་རོལ་བའི་ཚུལ་གྱིས་ནི། །
ང་ཡི་སྙན་ངག་ཨེ་མ་ཧོ། །
གཡོ་བ།
ལྗོན་ཤིང་འགུལ་རེ་འགུལ་རེ་བྱས། །
ཚོར་བ་རྩིག་ངོས་རི་མོར་འཁྲུལ། །
ངག་ཏུ་རྨི་ཐུན་ལན་མང་བརྒྱབ། །
དེ་དུས་རྟོག་ངོར་གཡོ་བའི་རླབས། །
ཅི་ཙམ་སྒང་ཤོང་འཕྱུར་བའི་མོད། །
ཅུང་ཙམ་འབུས་པའི་མེ་ཏོག་འབྲུ། །
ཟླ་བའི་མཆན་དུ་སྐུང་བའི་ཟོལ། །
ཉི་མ་མང་པོ་མྱ་ངན་གདུང་། །
ཆར་ཆུས་བརླན་པའི་སེམས་ཀྱི་སྒྲོ། །
རླུང་བུས་གཡོ་ཞིང་གཡོ་བ་ཡིས། །
གཉིད་ཐུན་མང་པོ་འདས་ལོག་རྒྱབ། །