སྦྱིན་བདག་གིས་གནང་བའི་ཕྱག་རྟགས།
རྩོམ་པ་པོ།:འབྲོག་བུ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-05-07
ཀློག་གྲངས།:
སྦྱིན་བདག་གིས་གནང་བའི་ཕྱག་རྟགས།
འབྲོག་བུ།
གྲོད་པ་ཆེ་ལ། མགོ་སྤུ་ཕྲན་ཙམ་ལས་མེད་པ། ཡན་ལག་ཐུང་ལ་གཟུགས་རྒྱགས་པའི་ཉི་མས་རང་གི་ལག་གཡས་པའི་མཆན་འོག་ཏུ་བཅུག་པའི་ཀོ་ཁུག་ནག་པོ་དེ་ལག་གཡོན་གྱི་མཆན་འོག་ཏུ་བཅུག་རྗེས་དཀར་ལ་རྒྱགས་པའི་ལག་པ་ཆུང་ཆུང་དེ་ནུབ་ལྭའི་སྨད་གོས་ཀྱི་པ་ཀིའི་རུ་བརྐྱང་སྟེ་ཀུ་ཤུ་རྟགས་ཅན་གྱི་ཁ་པར་བླངས་སོང་།
ཝ་ཡེ།
ཝ་ཡེ། སྦྱིན་བདག་ཉི་མ་ལགས་ཡིན་ནམ། ཕ་རོལ་པོའི་སྐད་གདངས་ལ་ཉན་ན་དམན་ཤར་ཞིག་ཡིན་ཤས་ཆེ།
ཨེན། ཡིན། ཡིན། བདེ་སྐྱིད་ཡིན་ནམ།
ཁོ་གཉིས་ཀྱི་གཏམ་གླེང་བྱེད་སྟངས་ལ་ཉན་ན་ངོ་ཤེས་རྙིང་པ་ཞིག་མིན་ནམ་སྙམ་པ་ཞིག་འདུག
ཡིན། ངའི་བསམ་པར་ཁྱེད་ཀྱིས་ཆ་ལུགས་དམན་པའི་བོད་ཟས་ཀྱི་བུ་མོ་ང་གཏིང་བརྗེད་དུ་སོང་བ་མིན་ནམ་བསམ་བྱུང་ཡང་ཁྱེད་ཀྱི་ཐུགས་ནས་ང་བརྗེད་མེད་པ་འདྲ། ཁྱེད་རང་ག་རེ་གནང་བཞིན་ཡོད་དམ།
ཧེ་ཧེ། བདེ་སྐྱིད། ང་རྒྱུ་དག་ཏིལ་འབྲུ་ཙམ་མེད་པའི་མི་ཞིག་མིན། དེ་འདྲ་གང་ནས་བརྗེད་སྲིད། ང་ཚོ་གནའ་མིའི་ཁ་དཔེར། མི་ལ་ངོ་ཚ་མེད་ན་ཁྱི་ཡིན། ཁྱི་ལ་མཇུག་མ་མེད་ན་འདྲེ་ཡིན། ཟེར་བ་མ་ཡིན་ནམ། ངས་ཁྱོད་ཅི་ནས་བརྗེད་སྲིད། ངའི་རྣམ་ཤེས་ས་རྡོར་མ་གྱུར་བར་དུ་་་་་་་་་་་་་། ཁོས་རང་ཉིད་མི་དྲང་བཞག་བླ་མ་དཀོན་མཆོག་ལྟ་བུ་ཞིག་ཡིན་པ་ར་སྤྲོད་བྱས་པ་དང་ཆབས་ཅིག་འདི་ལྟར་སྨྲས་བྱུང་། ད་ལྟ་ང་ལ་ལས་ཀ་ཆུང་ཆུང་ཞིག་ཐོན་སོང་། འདི་བསྒྲུབ་ཏུ་འགྲོ་ཡི་ཡོད། ཁྱེད་ག་རེ་བྱེད་ཀྱི་ཡོད་དམ།
ཨོའོ། བྱས་ན་གུས་མོས་ནོར་སོང་། དགོངས་པ་མ་ཚོམས། གུས་མོ་ད་ལྟ་བོད་ཟས་ན་བསྡད་ཡོད།
ཁྱེད་ཀྱི་སྐད་ཆ་འདི་ཅི་རེད། དགོངས་པ་མ་ཚོམས་ཟེར་དགོས་དོན་ཅི་འདུག
ཧེ་ཧེ། ངའི་བསམ་པར་ཁྱེད་ཀྱི་ཕྱག་ལས་ལ་བཀག་འགོག་བྱས་པ་མིན་ནམ་སྙམ་བྱུང་།
བོད་ཟས་ན་སྐུ་མགྲོན་མེད་དམ།
མེད། མེད། ཁྱེད་དེང་སང་སྐུ་བྲེལ་ཚ་པོ་ཞིག་ཡོད་པ་འདྲ། གུས་མོའི་བོད་ཟས་ལ་ཉིན་གཅིག་ཀྱང་ཕེབས་མ་བྱུང་། ང་ནི་སྦྱིན་བདག་ཁྱེད་རང་དྲན་ནས་བསྡད་ཡོད།
ཨ་ཙི། རང་གིས་ཤེས་ཀྱི་མ་རེད། དེང་སང་ང་ལས་གྲྭ་ཁ་ཤས་ཀྱི་བྲེལ་བས་ཡོང་ཁོམ་མ་བྱུང་། དོ་ནུབ་ང་ལ་དུས་ཚོད་ཡོད། ངས་དོན་ཐག་ལེགས་བསྒྲུབ་བྱུང་མ་ཐག་རང་གི་སར་ཡོང་གི་ཡིན།
ངོ་མ་རེད་དམ།
ངོ་མ་ཡིན།
བྱས་ན་ངས་དོ་ནུབ་བོད་ཟས་ནང་སྒུག་རྒྱུ་ཡིན། ཁྱེད་ཀྱིས་ཞལ་བཞེས་གནང་བ་མ་བརྗེད་པ་གནང་ཨང་།
གཡའ་གཡའ། མགྲོན་པོ་གཞན་འདུག་དུ་མ་བཅུག་ཨང་།
ཁྱེད་རང་ཐུགས་སེམས་བདེ་མོ་བྱོས།
བྱས་ན་དགོང་མོ་འཕྲད་ཡོང་།
ལགས་སོ། སྐད་ཆ་མཇུག་སྒྲིལ་མ་ཐག་ཕ་རོལ་པོས་ཁ་པར་ཏུའུ་སྒྲ་དང་བཅས་ཁ་པར་བཞག་སོང་། ཁོས་དལ་བུར་ཁ་པར་པ་ཀིའི་ནང་བཅུག་རྗེས་མིག་ལ་བརྒྱབ་པའི་དེང་དུས་དར་བཟོ་ཆེ་བའི་མིག་ཤེས་ནག་པོ་དེར་བཟོ་ཀྱོར་ཞིག་བརྒྱབ་རྗེས་རྒྱུན་ལྡན་བཞིན་ཉི་འོད་ཇ་ཁང་ཕྱོགས་སུ་ཤ་རེར་བསྐྱོད་སོང་།
སྤྱིར་ཉི་མ་ལྟ་བུའི་གྲོང་ཁྱེར་ན་འཁྱམ་མྱུལ་བྱས་ནས་བསྡད་པའི་མི་ཞིག་ལ་ཆ་མཚོན་ན། ཞོགས་པ་སྔ་པོ་ནས་རང་དང་འདྲ་བའི་མི་ཁ་ཤས་ཞིག་མཉམ་དུ་འཛོམས་ནས་དགོང་དྲོ་ལས་མཚམས་བཞག་བཞག་བར་བོད་ཐུག་དང་ཇ་མངར་མོ་བཏུངས་ཏེ་ཤོག་སྦག་བརྒྱབ་ནས་ཉི་མ་ཕུལ་ཐབས་བྱེད་པ་ནི་ཉིན་གཅིག་གཉིས་ཙམ་ག་ལ་ཡིན།
དགོང་དྲོའི་ཆུ་ཚོད་བདུན་དང་ཕྱེད་ཀའི་གཡས་གཡོན་ཙམ་དུ་ཉི་མས་བསམ་གྲུབ་རྟགས་ཅན་གྱི་རླངས་འཁོར(BYD)ནག་པོ་ཞིག་བཏང་ནས་ཐད་ཀར་བོད་ཟས་ཀྱི་མིང་ཙམ་ཐོགས་པའི་གྲང་རིགས་འཐུང་བྱ་ཙམ་ལས་ཟས་རིགས་དང་ཚ་མོའི་རིགས་གཏན་ནས་བཙོངས་རྒྱུ་མེད་པའི་བུད་མེད་ཁྲོམ་ལམ་དུ་བསྐྱོད་སོང་།
ངོ་མ་གྲོང་ཁྱེར་ཆེན་པོ་འདི་ལྟ་བུ་ཞིག་ལ་ཆ་མཚོན་ན། རིག་གནས་ཀྱིས་ཕྱུག་པའི་མི་བུ་ཁྲི་ཕྲག་མང་པོ་ཡོད་ཟེར་ལ། གྲོང་ཁྱེར་ཆེན་པོ་འདི་ལྟ་བུ་ཞིག་ཏུ་སྡོད་ཐུབ་མཁན་ནི་གཞན་ལས་ལྷག་པའི་ཤེས་ཡོན་ཞིག་མེད་ན། རྒྱབ་ཕྱོགས་ན་ལྟག་སྒོ་རི་རྒྱལ་ལྷུན་པོ་ཙམ་ཞིག་ཡོད་ཟེར། དེ་བདེན་པ་ཡིན་པ་འདྲ། ད་ལྟའི་དུས་འདིར་གྲོང་ཁྱེར་འདིར་ལྟག་སྒོ་ཡོད་པའི་མི་བུ་ཁྱུ་ཞིག་འཛོམས་ཡོད་པ་འདྲ། དེ་མིན་ན་ཁྲོམ་ལམ་དེའི་བོད་ཟས་ཀྱི་སྒོ་བྱང་སྟེང་གི་ཡ་ང་དགོས་པའི་ཡི་གེ་དེ་འདྲ་ཞིག་ཐོན་དགོས་དོན་མིན་འདུག་སྟེ་དེ་གའི་སྒོ་བྱང་ཐོག་བཀོད་པའི་བོད་ཡིག་མང་ཆེ་བ་དག་ནོར་གྱི་སྡེ་ཞིག་རེད་འདུག ལྟོས་དང་། ཁྲོམ་ལམ་གཡས་གཡོན་གྱི་བོད་ཟས་ཁང་གི་བོད་ཡིག་གི་སྒོ་བྱང་འདི་དག་ལ། གཡང་གྲོན་བེད་སྐྱིད་བོད་ཟས། སུའི་ངའི་སེམས་རྟོགས། སྐྲ་ཤི་དགའ་ཏོང་བོད་ཟས་ཁང་། ཚིང་ཀྱིད་བོད་བཟས་ཁང་། མཆོད་རྙི་བདོ་ཟས་ཁང་། འདི་ལྟ་བུ་རྐྱང་རྐྱང་རེད། ཡིག་ནོར་གཅིག་ཀྱང་མེད་པའི་སྒོ་བྱང་གཅིག་ཁོ་ན་འདུག་སྟེ། དེ་ནི་དངོས་འབྲེལ་གྱི་ཟ་ཁང་ཞིག་རེད་འདུག ཨ་མདོ་བོད་ཟས་ཞེས་པ་དེ་རང་རེད། འོན་ཀྱང་། ས་ཆ་དེ་གའི་ནང་འཐུང་བྱའི་ཚོང་ལས་གཉེར་བཞིན་པའི་བུ་མོ་དེ་དག་ནི་གཅིག་ལས་གཅིག་ལོ་ན་ཆུང་ཉམས་དོད་ལ། གཅིག་ལས་གཅིག་མཛེས་ཉམས་དོད་པ་ཞིག་རེད་འདུག་སྟེ་མགོ་བོ་གསེར་པོ་ཟངས་སྐུད་ལྟ་བུ་དང་གདོང་པར་དཀར་དམར་ཚོས་བརྒྱབ་པ་ལྟ་བུ། གྱོན་གོས་ཟ་ཟིར་རིང་ཐུང་མི་སྙོམས་པ་སོགས་མདོར་ན་བརྗོད་དཀའ་བའི་ཆ་ལུགས་སྤྲད་པ་དེ་ནི་ཕལ་ཆེར་དེང་དུས་ཀྱི་དར་ཁྱབ་ཞེས་པ་དེ་ཡིན་ཤས་ཆེ། ཁོ་ཚོའི་ཆ་ལུགས་དེ་དག་ང་ཚོའི་མིག་མདུན་དུ་མཐོང་ཐེངས་རེར་ངོ་མ་ཡ་ང་དགོས་པ་ཞིག་རེད་འདུག རང་མི་རིགས་ཀྱི་སྐད་ཡིག་ལ་བརྩི་མཐོང་མེད་པར་ཡིག་ནོར་ཐེབས་པའི་སྒོ་བྱང་འདི་ལྟ་བུ་ཞིག་བཀལ། ད་དུང་དེང་དུས་དར་བཟོ་ཆེ་བའི་བཟོ་ལྟ་འདི་ལྟ་བུ་ཞིག་འདོན་པ་ནི་ངོ་མ་ཕྱི་ཚུལ་དར་ཁྱབ་རུ་གྱུར་ནས་ནང་ཤེས་རིག་རྗེས་ལུས་སུ་ཐེབས་པ་ཞིག་རེད་འདུག་ཨང་སྙམ་ངེས། གལ་ཏེ། ངས་ཚོད་དཔག་བྱེད་སྟངས་ནོར་མེད་ཚེ་ཁོ་ཚོའི་ངོས་ནས་བརྗོད་ན་སྒོ་བྱང་ཐོག་བཀོད་པའི་ཡི་གེ་དེ་དག་ཀྱང་ཁོ་ཚོ་རང་ཉིད་དང་འདྲ་བར་དེང་དུས་ཀྱི་དར་བཟོའི་ནང་རྟོགས་སྲིད་པ་ཞིག་ཡིན་ཤས་ཆེ།
ཉི་མས་ཁྲོམ་ལམ་དེའི་སྒོ་ཨང18བརྒྱབ་པ་དེའི་སྒོ་བྱང་ཐོག་བེད་སྐྱིད་བོད་ཟས་ཞེས་ཡིག་ནོར་བརྒྱབ་པའི་འཐུང་བྱ་ཁང་ཞིག་ཡོད་པ་དེའི་ནང་འཛུལ་སོང་།
བོད་ཟས་དེའི་ནང་གི་བུ་མོ་དེ་ནི་མགོ་སྐྲ་དམར་ལྷང་ཙམ་བཟོས་པ་དེ་རྒྱབ་ངོས་སུ་ལུ་དང་མདུན་ངོས་ཐད་ཀར་བཞག་པ། གདོང་དཀར་ལ་མིག་གཉིས་ཆེ་ཞིང་སྒོར་བ། གཟུགས་བྱད་ལེགས་པ་དེའི་སྟེང་ཕྲ་ལ་ཐུང་བའི་གྱོན་གོས། མདོར་ན་དར་ཁྱབ་ཆེ་བའི་གྱོན་གོས་གྱོན་པ་ཞིག་འདུག
གཡའ། སྦྱིན་བདག་ལགས། ཕྱག་ཕེབས། མོས་འབྲེལ་འདྲིས་ཤིན་ཏུ་ཟབ་པའི་སྒོ་ནས་དེ་ལྟར་ཟེར།
བདེ་སྐྱིད། དེང་སང་ཁྱེད་ལུས་པོ་བདེ་མོ་ཡིན་ནམ།
ལུས་བདེ་མོ་ཡིན། སེམས་བདེ་པོ་དེ་ཙམ་ལས་བདེ་པོ་མིན་འདུག མོས་ཀུ་རེའི་ཚུལ་དུ་དེ་ལྟར་སྨྲས་བྱུང་།
དགོངས་པ་མ་ཚོམས། ང་ལས་བྲེལ་ཆེ་བས་སྐབས་ཤིག་ཁྱེད་ཀྱི་ཟ་ཁང་དུ་སླེབས་མ་སོང་།
གུས་མོའི་བསམ་པར་ཁྱེད་ཀྱི་གུས་མོ་གཏིང་བརྗེད་དུ་སོང་བ་རེད་བསམ་བྱུང་། དགོད་ཙམ་བྱས་ནས་དེ་ལྟར་བརྗོད།
ངོ་མ། ཁྱེད་ཀྱི་ང་ལ་ཁ་པར་ཙམ་ཡང་མི་གཏོང་བ་ཅི་ཡིན་ནམ། ~ཁོས་དེ་ལྟར་དྲིས།
བདག་གི་ཁྱེད་ལ་ཁ་པར་རེ་བརྒྱབ་སྙམ་ཡང་ཁྱེད་ཀྱི་སྐུ་ཟླ་མཉམ་དུ་མེད་དམ་བསམས་ནས་རྒྱག་མ་ཕོད་པར་ལུས་བྱུང་། ཁྱེད་རང་བིའི་ཆུའུ(སྦི་རག)གང་མཆོད་དམ།
ང་ནམ་རྒྱུན་དེ་རང་ཡིན། ལྷག་སྒྲོན(ལྷ་ས་དྭངས་གསོས་སྦི་རག)འཐུང་གི་ཡིན།
ལགས་སོ།། མོས་སྦི་རག་སྒམ་ནས་སྦི་རག་ལྕགས་ཀྲིན་བཅུ་འཁྱེར་ཏེ་ཉི་མའི་མདུན་གྱི་སྒྲོག་རྩེའི་ཐོག་བཞག་ནས་ཤེལ་ཕོར་འབྲིང་བ་གཉིས་འཁྱེར་ཏེ་སྦི་རག་བླུགས།
སྦྱིན་བདག་ལགས་མཆོད་དང་། མོས་ཤེལ་ཕོར་བཏེགས་ཏེ་ཁོ་ལ་གསུམ་སྲོལ་ཞིག་བླུགས་ཞོར་མོ་རང་ཡང་བཏུང་།
འོ་རེད། སྦྱིན་བདག་འདི་ཕྱོགས་སུ་བཞུགས་བཞུགས་པ་ཡིན་ནམ།
ང་ལྷ་སར་བསྐྱོད་པ་ཡིན།
བྱས་ན་ལྷ་སར་སྤྲོ་པོ་བྱུང་ཡོད་ཀྱི་རེད།
ཨོའོ་ཙམ་ལས་མ་བྱུང་།
གང་ཡིན་ནམ། མོས་ལྡོག་འདྲི་ཞིག་བྱས།
ལྷ་ས་ངོས་སུ་སྦི་རག་འཐུང་རོགས་མེད་པས་དེ་ཙམ་སྐྱིད་པོ་མ་བྱུང་།
ཨོའོ། བྱས་ན་དེ་རིང་ཁྱེད་རང་སྤྲོ་པོ་བྱས་ནས་མཆོད་ཨང་། གུས་མོས་གང་སྤྱིའི་ཐད་ལ་ཞབས་ཞུ་བསྒྲུབ་ཆོག མོས་ཉི་མར་གོ་རྒྱུ་ཡོད་པའི་གཏམ་ཞིག་བཤད།
གཡའ་གཡའ། ཁྱེད་ཀྱང་སྐྱིད་པོར་བྱས་ནས་འདུག་ཨང་། ངས་ཏོག་ཙམ་ནས་ལྷ་ས་ནས་ཆེད་དུ་ཁྱོད་ལ་འཁྱེར་བའི་ལིའི་ཨུའུ(ལག་རྟགས)ཞིག་སྦྱིན་རྒྱུ་ཡིན།
ལིའི་ཨུའུ་ག་རེ་རེད་དམ།
བྲེལ་བ་མ་བྱེད་དང་ཏོག་ཙམ་ནས་ཤེས་རྒྱུ་རེད། གཡའ། དེ་ལས་འཐུང་དང་ཟེར་ཞོར་ཞབས་ཐག་རེ་བརྒྱབ།
དེ་ལྟར་ཁོ་གཉིས་སྦི་རག་འཐུང་བཞིན་མཚན་མོའི་ཆུ་ཚོད་བཅུ་གཉིས་ཙམ་དུ་བསྡད། དེ་རྗེས་མོས་བོད་ཟས་ཀྱི་སྒོ་བརྒྱབ། ཁོ་གཉིས་ནང་ལོགས་སུ་མུ་མཐུད་འཐུང་གིན་བསྡད། དེ་ཉིན་བདེ་སྐྱིད་ཀྱི་བོད་ཟས་སུ་མགྲོན་པོ་གཞན་ཡོང་ཡང་མོས་ཚོང་ཅི་ཡང་མ་བརྒྱབ།
དུས་ཚོད་ཆུ་ཚོད་གཅིག་ལྷག་ཙམ་གྱི་རྗེས་སུ་ཁོས་བདེ་སྐྱིད་ལ་ལྟ་བཞིན་ཁ་ནས། བདེ་སྐྱིད། ད་ངས་ཁྱོད་ལ་ལག་རྟགས་ཞིག་སྦྱིན་ཟེར་བཞིན་ནུབ་ལྭའི་པ་ཀིའི་ལས་སྒམ་ཆུང་ཆུང་ཆུང་ཞིག་བཏོན་བྱུང་།
མོས་ཁྱེད་ཀྱིས་བདག་ལ་ཉོས་པའི་ལིའི་ཨུའུ་ཅི་རེད་ཟེར་བཞིའི་ཁོའི་མདུན་དུ་སོང་།
རང་ལྟོས་དང་། འདི་རེད། ~དེའི་ནང་ནས་གསེར་ལྷང་ངེར་འདུག་པའི་སྐེ་ཕྲུག་ཞིག་བཏོན་ནས། བདེ་སྐྱིད། འདིར་ཤོག་དང་། ངས་ཁྱེད་ལ་བཏགས་ཆོག་ཟེར་ཞོར་ཁོ་མོའི་སྐེ་ལ་སྐེ་ཕྲུག་དེ་བཏགས། དེའི་ནང་ན་གསེར་ཁང་ག་གེ་མོ་ཞིག་ནས་ཉོས་པའི་དཔང་ཡིག་དང་གོང་ཚད་སོགས་རྒྱ་ཡིག་གི་ཐོག་ནས་བརྒྱབ་པའི་ཤོག་ལྷེ་ཆུང་ཆུང་ཞིག་སྐྲད་དེ། ཁྱེད་ཀྱིས་དེ་མ་བརླག་པར་གྱིས་ཨང་ཟེར་ནས་མོ་ལ་སྤྲད། དེ་རྗེས་ཁོས་ཁ་ནས། ཁྱོད་ཀྱིས་ཤེས་སམ། ང་ལྷ་སར་འབྱོར་རྗེས་ངའི་བཟའ་ཟླའི་ལྐོག་ཏུ་ཁྱེད་ལ་གསེར་གྱི་སྐེ་ཕྲུག་འདི་ཉོས་པ་ཡིན་ཞེས་བཤད།
མོས་ལག་གིས་སྐེ་ཕྲུག་ལ་འཇུ་བཞིན་ལེགས་པོར་བལྟས་རྗེས། སྦྱིན་བདག་ལགས། ཐུགས་རྗེ་ཆེ། ངོ་མ་ཁྱེད་ང་ལ་དུང་ཤོས་དེ་རེད་འདུག་ཟེར་ཞོར་ཁོ་ལ་འོ་ཞིག་བྱས།
འོ་བྱས་རྗེས། བདེ་སྐྱིད། ཁྱེད་ཀྱིས་མལ་ཆས་བཟོས་དང་། ངས་གཅིན་པ་ཞིག་བཏང་ཞེས་བརྗོད་རྗེས་ཐད་ཀར་བོད་ཟས་དེའི་ནང་གི་གསང་སྤྱོད་ཆུང་ཆུང་དེར་ཕྱིན།
མོས་ཉི་མས་བཤད་པ་ལྟར་མལ་ཆས་བཟོས།
ཁོས་གཅིན་པ་བཏང་ཟིན་རྗེས་རང་ཁྱིམ་དུ་འབྱོར་བ་ལྟར་གྱོན་གོས་རྣམས་ཕུད་དེ་དམར་ཧྲེང་དུ་ཉལ། མོས་ཀྱང་ཁོ་རང་གི་ཁྱོ་བོ་ཡིན་པ་ལྟར་ཁོའི་མལ་དུ་བཞུགས། གློག་བསད། དེ་ལྟར་སྐར་མ་ཁ་ཤས་ཙམ་ལས་མ་ཕྱིན་པར་ནག་མུན་མུན་གྱི་ཁོར་ཡུག་ཆུང་ཆུང་འདིར་དབུགས་ཧལ་ཧལ་དང་སྐད་ངན་སྣ་ཚོགས་རྒྱག་བཞིན་ཁོ་གཉིས་ཕོ་མོའི་དབར་གྱི་ཚུལ་མིན་གྱི་འབྲེལ་བ་དེར་ཞུགས།
བདེ་སྐྱིད་དང་སྦྱིན་བདག་ཉི་མ་ཞེས་པ་དེ་ངོ་ཤེས་ནས་ཟླ་གཉིས་གསུམ་ཙམ་ལས་མ་ཕྱིན་ཡང་ཁོ་གཉིས་དབར་ལུས་འབྲེལ་ཐེངས་འགའ་ཤས་བྱུང་མྱོང་ཡོད་ལ་ཕྲུ་གུ་ཡང་ཐེངས་ཁ་ཤས་ཤིག་ལྐོག་ཏུ་བཀོག་མྱོང་ཡོད། ཡུད་ཙམ་ཞིག་ནས་བདེ་སྐྱིད་ཀྱིས། སྦྱིན་བདག་ལགས། ཁྱེད་ངོ་མ་བདག་ལ་དགའ་བ་ཡིན་ནམ། ཁུ་སིམ་པའི་ཁོར་ཡུག་དེ་མོའི་ཕྲ་ལ་སྙན་པའི་སྐད་ཆ་འདིས་དཀྲོགས་སོང་།
ངོ་མ་དགའ་བ་ཡིན། གལ་སྲིད་ང་རང་ལ་མ་དགའ་ན་ངས་འདི་ལྟ་བུ་བྱ་དགོས་དོན་ཨེ་ཡོད། ཁོས་དེ་ལྟར་ལན་བཏབ།
ཨོའོ། བྱས་ན་ཁྱེད་ཀྱི་སྐུ་ཟླ་ཇི་ལྟར་བྱེད།
ང་གཉིས་ཁག་ཁག་བྱ་རྒྱུ་ཡིན། ད་ལྟ་ང་ལ་ལས་གྲྭ་ཆེན་པོ་ཞིག་ཡོད་པ་དེར་དངུལ་ཕྲན་ཙམ་གདེངས་མ་སོང་། གལ་ཏེ་དེ་ལག་འབྱོར་བྱུང་ན་ང་མོ་དང་ཁ་བྲལ་དཔང་ཡིག་ལེན་རྒྱུ་ཡིན། དེ་རྗེས་ང་གཉིས་མི་ཚེ་སྐྱེལ་རྒྱུ་རེད། ཁོས་མནོ་བསམ་དང་འགན་ཅི་ཡང་མེད་པར་དེ་ལྟར་ཟེར།
ངོ་མ་ཨེ་རེད། མོས་སོམ་ཉི་དང་བཅས་དེ་ལྟར་དྲིས་བྱུང་།
ངོ་མ་ཡིན། ང་ཕོ་ཁྱོ་ག་ཞིག་གིས་བཤད་པའི་སྐད་ཆར་འགྱུར་བ་གཏོང་སྲིད་དམ། ང་ཁྱེད་ལ་དེ་ཙམ་མ་དགའ་ན་ངས་ཁྱེད་ལ་ཡག་པོ་དེ་འདྲ་བྱེད་དགོས་དོན་ཨ་ཡོད། ད་ལྟ་ངའི་སེམས་སུ་ཡོད་པ་ཚང་མ་ཁྱེད་རང་གཅིག་པུ་ཡིན། དཀོན་མཆོག་གསུམ། ཁོས་མནའ་ཚིག་ཞིག་ཀྱང་བོར།
ཨོའོ། ང་ཡིད་ཆེས་ཡོད། ཁྱེད་ཀྱིས་གསུངས་པའི་ལས་གྲྭ་དེ་གང་ཡིན་ནམ། མོས་དེ་ལྟར་ཟེར་ཞོར་ཁོའི་བྲང་སྟེང་དུ་མགོ་བོ་བཞག་ནས་འཛུམ་ལྷུག་གེར་བསྡད།
ཟམ་པ་ཆེན་པོ་ཞིག་རྒྱག་རྒྱུ་ཡོད་པ་དེ་ཡིན། དེར་མ་དངུལ་སྒོར་ཁྲི་དྲུག་བཅུ་གཏན་འཇོག་བྱེད་དགོས་འདུག ངའི་མ་དངུལ་མང་ཆེ་བ་ལས་གྲྭ་གཞན་ལ་བཏང་ཟིན་པས་སྒོར་ཁྲི་བཅུ་ཙམ་ཞིག་གདེངས་མ་སོང་། ཁོས་དེ་ལྟར་བརྗོད་བྱུང་།
ཨོའོ། བྱས་ན། ཇི་ལྟར་བྱེད་རྩིས་ཡོད་དམ། མོས་སླར་དེ་ལྟར་དྲིས།
དངུལ་ཁང་དུ་གཡར་བར་ད་ལྟ་ངས་དངུལ་ཁང་དུ་དངུལ་སྒོར་ཁྲི་བརྒྱ་ཙམ་ཞིག་འཇལ་རྒྱུ་ཆད་ཡོད། དེ་འཇལ་མ་ཚར་གོང་གཡར་ས་མིན་འདུག གྲོགས་པོ་འགའ་ལ་བྱས་ཀྱང་ཁོ་ཚོར་གཡར་རྒྱུ་མིན་འདུག མང་ཆེ་བ་དངུལ་ཁང་དུ་འཇལ་རན་སོང་ཟེར། ད། སང་ཉིན་གཞན་གྱི་སར་གཡར་ཡོད་མེད་ལྟ་བར་འགྲོ་ཡི་ཡིན་ཞེས་བརྗོད།
མོས་བསམ་བློ་ཡུད་ཙམ་བཏང་རྗེས། བྱས་ན་སྔོན་ལ་ངའི་འདིར་ཚོང་བརྒྱབ་པའི་དངུལ་སྒོར་ཁྲི་དགུ་ལྷག་ཙམ་ཞིག་ཡོད། འདི་སྔོན་ལ་ཁྱེད་རང་བེད་སྤྱོད་གནང་ན། མོས་བློས་འཁེལ་བའི་སྒོ་ནས་དེ་ལྟར་བཤད།
འདི་ཡོང་གི་མ་རེད། ང་ཕོ་ཁྱོ་ག་ཞིག་གིས་དམན་བུ་མོ་ཞིག་གི་ལག་ནས་དངུལ་འཁྱེར་ན་ཅི་ནས་ཡོང་།
ཁྱེད་རང་འདི་འདྲ་གསུངས་དགོས་དོན་ཨེ་ཡོད། གལ་ཏེ་ཁྱེད་ཀྱིས་གསུངས་པ་ཇི་བཞིན་ལས་གྲྭ་དེ་ལག་ཏུ་རེག་སོང་ན་ཁྱེད་དང་སྐུ་ཟླ་ཁ་བྲལ་དཔང་ཡིག་བླངས་ནས་ང་དང་མི་ཚེ་བསྐྱལ་འགྲོ་གསུངས་བ་མ་ཡིན་ནམ། དེ་ལྟར་བྱུང་ན་ང་གཉིས་ཁྱིམ་ཚང་གཅིག་གི་མི་རེད་པཱ། དེ་ལྟར་མ་བྱུང་ཡང་ཁྱེད་ལ་ལས་གྲྭ་ཁག་གི་དངུལ་ལག་འབྱོར་བྱུང་ན་རྗེས་སུ་ང་ལ་སྤྲད་ཀྱང་ཆོག་ས་རེད། མོས་ཉི་མས་བཤད་པའི་སྐད་ཆར་ཡིད་ཆེས་དང་བཅས་དེ་ལྟར་ཟེར།
མ་གཞི། ཁྱད་མིན་འདུག སྔོན་ལ་ངས་ཁྱེད་ལ་གཡར་འཛིན་ཞིག་བྲིས་ཆོག རྗེས་སུ་ལས་གྲྭ་ཞིག་མཇུག་སྒྲིལ་ན་ཁྱེད་ལ་སྤྲད་ཆོག ཁྱེད་ཀྱིས་གློག་སྤར་དང་། ངས་གཡར་འཛིན་ལམ་གསེང་འབྲི་ཞེས་ཁོས་མལ་ལས་ལངས་རྩིས་བྱས།
སྦྱིན་བདག་ཁྱེད་རང་ནི་ངོ་མ་ཆོབ་ཚ་བ་ལ། ངས་ཁྱེད་ལ་ཡིད་ཆེས་མེད་ན་དངུལ་སྤྲད་ཆོག་ཅི་ལ་ཟེར།
འདི་ལྟར་བྱས་ནས་ཅི་ལ་འགྲིག གཡར་འཛིན་མ་བྲིས་ན་མ་ཏོག་འགྲིག་གི་མ་རེད།
བདེ་སྐྱིད་ཀྱིས་གློག་སྤར་རྗེས་རང་གི་ལྟོ་ཕད་དམར་པོ་དེ་ནས་དངུལ་འཛིན་ཞིག་བཏོན་ནས་ཁོ་ལ་སྤྲད། དེའི་གསང་རྟགས་་་་རེད། ཁྱེད་ཀྱིས་ང་ལ་ཡག་པོ་བྱས་ན་ངའི་བློ་ཡིད་འཚིམ་སོང་། ང་ལ་གཡར་འཛིན་འབྲི་དགོས་དོན་མེད་ཞེས་བརྗོད་རྗེས་གློག་བསད་ནས་རང་སར་ཉལ།
སང་ཞོགས་དེར་ཁོས་ཡར་ལངས་རྗེས། བདེ་སྐྱིད། གལ་ཏེ་ཁྱེད་ངོ་མ་ང་དང་འཚོ་བ་མཉམ་དུ་སྐྱེལ་འདོད་ན་ད་ཐེངས་ཀྱི་ཕྲུ་གུ་དེ་ངེས་པར་དུ་སྐྱེས་ཨང་། ང་ངོ་མ་རང་ལ་དགའ་བ་ཡིན་ཞེས་བརྗོད།
ལགས་སོ། ཁྱེད་རང་ཐུགས་བློ་བདེ་མོ་གནང་། མོས་ལན་འདི་འདྲ་ཞིག་བཏབ།
གཡའ་གཡའ། ~བྱས་ན་ཁ་པར་ནས་འབྲེལ་བ་བྱས་ཆོག་ཞེས་བརྗོད་དེ་སྒོ་ལས་ཐོན་ནས་རླངས་འཁོར་བཏང་ནས་ཐོན་སོང་།
དེ་ཉིན་ནས་བདེ་སྐྱིད་ཀྱི་བོད་ཟས་ཁང་དུ་སྦྱིན་བདག་དེ། ཉིན་དང་ཟླ་བ་བཅས་ཟླ་དྲུག་ཙམ་ཞིག་སླེབས་མ་སོང་། བདེ་སྐྱིད་ཀྱིས་ཁ་པར་ཇི་ཙམ་བརྒྱབ་ཀྱང་ཕ་རོལ་ནས། ཁ་པར་གྱི་གྲོན་དངུལ་ཆད་འདུག གྲོན་དངུལ་བླུགས་རོགས་གནང་ཞེས་པའི་ལན་ཞིག་ལས་མི་གར་སོང་ཆ་མེད་དུ་སོང་། མོས་ཐབས་གང་ཡོད་ཀྱི་ཁ་པར་ཨང་གྲངས་ཀྱི་དོ་བདག་ཞིབ་གཤེར་བྱས་ཀྱང་དེའི་སྟེང་གི་དོ་བདག་ནི་མི་གཞན་ཞིག་ལས་ཉི་མ་ཞེས་པ་དེ་འདྲ་ཞིག་མ་རྙེད། དེ་ལྟར་ཁོ་མོའི་གྲོད་པ་ཡང་ཇེ་ཆེ་ནས་ཇེ་ཆེར་སོང་། གཞན་ལ་འབྲེལ་བ་བྱས་ནས་སྦྱིན་བདག་དེ་བཙལ་ཡང་མི་ཕར་བཞག་གྲིབ་མ་ཙམ་ཡང་མ་བརྙེད། སྦྱིན་བདག་དེས་བདེ་སྐྱིད་ལ་སྤྲད་པའི་གསེར་གྱི་སྐེ་ཕྲུག་དེ་ཡང་རིམ་གྱིས་ཚོས་བཞུར།
ཁོ་གཉིས་ངོ་ཤེས་ནས་ཟླ་གཉིས་གསུམ་ཙམ་ལས་ཕྱིན་མེད་སྟབས་བདེ་སྐྱིད་ཀྱིས་སྦྱིན་བདག་ཉི་མ་ཟེར་བའི་མི་དེ་གང་ནས་ཡིན་པ་དང་ལས་གྲྭ་ཅི་ཞིག་བྱེད་ཀྱི་ཡོད་པ་སོགས་མདོར་ན་ཁོའི་གནས་ཚུལ་ཏིལ་འབྲུ་ཙམ་ཡང་ཤེས་ཀྱི་མེད་ལ། དེ་ལས་ལྡོག་སྟེ་ཁོས་བདེ་སྐྱིད་ཀྱི་བོད་ཟས་ཁང་དེར་སླེབས་རིམ་བཞིན་ཁ་ནས་ལས་གྲྭ་དང་དངུལ་སྒོར་ཁྲི་དང་ཁྲི་ཡི་སྐོར་རྐྱང་རྐྱང་བཤད་པས་བདེ་སྐྱིད་ཀྱི་སེམས་པ་མི་དེའི་ཁ་འགྲམ་གྱི་ལས་གྲྭ་དང་དངུལ་སྒོར་ལ་ཆགས་པས་དུས་ད་ལྟ་སྦྱིན་བདག་ཆེན་མོ་དེས་བདེ་སྐྱིད་ལ་སྤྲད་པའི་ལག་རྟགས་དེ་དག་བདེ་སྐྱིད་ཀྱི་ལུས་སེམས་ཐོག་ཏུ་མ་འདོད་བཞིན་དུ་འཁྱེར་རྒྱུ་གལ།
འབྲེལ་ཡོད་འོས་སྦྱོར།