logo

ཐོ་ཡོར་གྱི་རང་མོས་སྙན་ངག་ཁག་བདུན།

རྩོམ་པ་པོ།:ཐོ་ཡོར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-04-27 ཀློག་གྲངས།:

ན་ནག་ཏུ།
ཐོ་ཡོར།༼དཀར་མཛེས།༽    

ཁྱེད་ཀྱི་མིག་འབྲས་ལྟ་བུའི་སྙན་ངག་ཅིག  
ད་ལྟ་འགྱུར་ཁུགས་ལས་ཐང་ཆད་པར་གྱུར
གྲོང་ཁྱེར་འདིའི་དྲི་བཙོག་པའི་རི་མོ་ཞིག   
བདག་གིས་བསྔོ་བའི་ཆར་བའི་ལྗན་ལྗིན་དེ་ཡིན
བདག་ཤིན་ཏུ་མི་སྐྱིད་པའི་དུས  
རྡུལ་ཕྲ་མོའི་སྟེང་གི་མཇུག་མཐའི་རང་ཉིད་མཐོང་ཐུབ
ནག་ཉེས་ཀྱི་མཚོ་ཁུག་ཅིག་ཏུ   
ལྷ་ཡིས་ཐག་པ་ཞིག་གིས་ངང་བའི་རྨི་ལམ་དུ་ནད་ཡམས་ཀྱི་ཞིང་ཁམས་སྤྲུལ
རྒྱང་རིང་གི་མི་དང་སྒྲ་མེད་པའི་བརྩེ་དུངས   
དུས་ཚོད་ཀྱི་མཐའ་རུ་ཁ་དོག་འོད་དུ་འབར
གཏམ་རྒྱུད་ལས་བསྐྱར་དུ་མངོན་པའི་གསང་བའི་མེ་ཏོག
སྨག་ནག་པའི་ཡི་གེ་ཁོ་ནས་ནུབ་པར་བྱས

2014ལོའི་ཟླ12བའི་ཚེས29ཉིན་བྲིས།

                           མེ་ཏོག
རྒྱང་རིང་གི་མཐའ་སྣེ་རུ་ཐོར་བའི
རྒྱ་མཚོར་ཁ་བ་བབས
ཁ་བའི་ཁྲོད་དུ
བདག་ཅག་གི་བརྩེ་དུང་ལས་ཆུང་བའི་གཙང་བོ་ཞིག
རྨི་ལམ་གྱི་སྐྱེ་བ་འདི་ལ་ན་ཟུག་གིས་བཞུར་ཆོག་པར་ཞུ

ཁེར་རྐྱང་དུ་གནས་པའི་གཞས་སུ
དཀོན་མཆོག་གིས་རུལ་མྱགས་སུ་ཡོད་པའི་བདག་ལ
རྒྱུད་སྐུད་སྟེང་ནས་འཆི་བ་བསྒོམ་པའི་བདེ་སྐྱིད་གནང་བ
མཐོང་མི་བཏུབ་པའི་མེ་ཏོག་ཅིག  
ཁྱེད་ཀྱིས་རྒྱང་རིང་ནས་མིག་གཉིས་བཙུམ་རོགས
སྙིང་ཉེ་བ་གཟུགས་འགྱུར་བའི་ཁྲོད་སྙན་ངག་ལ་གྲིབ་མ་ཞིག་ཡོད་ན་འོས
བདག་གི་སེམས་པ་སྙི་ཆེ་བས་རྒྱང་རིང་ནས་ཁྱེད་ལ་ཆང་ཞིག་ཕབས

2014ལོའི་ཟླ12བའི་ཚེས30ཉིན།

                           སྨོན་ལམ།
བདེ་བ་མཚོན་བྱེད་ཀྱི་ཉལ་ཁྲི་འདི་ཞིག་ནས་རལ་བའི་རྗེས་སུ
འཆི་བདག་གི་མིག་ནས་ཁྲག་མང་པོ་བཞུར་ནས
དེ་དག་རེ་རེ་བཞིན་སྲང་བར་གྱི་འགྲོ་བ་ལྟར་ངོ་གདོང་རེ་ཡོད་པར་ཤོག

མཛའ་མོའི་རྨི་ལམ་དུ་ཚོན་མདོག་གི་རི་མོ་རྣམས
སྲང་བར་གྱི་གློག་སྒྲོན་ལས་གཟིམ་པའི་དུས
ཁྱོད་ཀྱིས་རང་ཉིད་བསྐྱུར་ནས་ཐག་རིང་ཞིག་ཏུ་སོང

བྱ་སྤུ་ལས་ཡང་བའི་དངོས་པོ་ཞིག་གིས
ཁྱེད་རང་མནན་ནས་དབུགས་ངལ་ཙམ་ཡང་མེད་པའི་དུས

ས་རྡུལ་ལ་འདྲེས་པའི་ཁྲག་ཐིགས་རེར་སྡུག་བསྔལ་རེ་ཡོད་པར་སྨོན།

2014ལོའི་ཟླ11བའི་ཚེས7ཉིན་བྲིས།

                           ནད་པ།

བདག་ཡོངས་སུ་བཅིང་བའི་མེ་ལོང་ངོས་སུ
བདག་ནི་ལྐོག་གྱུར་གྱི་རྔོན་པ་ཞིག
བདག་ས་སྲོད་ཀྱི་ཞེ་ལོག་པའི་གཞས་གདངས་སུ་ལོག
སྐྱེ་བ་འདི་ལ   ང་རང་ཆེས་དགའ་སའི་མི་དེའི་གཟུགས་མེད་ཀྱི་རྨ་ཁ
ཇེ་ཆུང་དུ་གྱུར་ནས་མཛེས་པའི་མཆོད་མེའི་ཚུལ་དུ
སྙན་ངག་གི་རྡུལ་ཕྲན་དང  བཞུར་སླ་བའི་ཚེ་སྲོག་ཏུ་གྱུར

2014ལོའི་ཟླ12བའི་ཚེས28ཉིན་བྲིས།

                           སྐྱེ་བ་འདི་ལ།
རྨས་ཕོག་པའི་སྤྲིན་པས་བདག་ལ་རྟག་ཏུ་སྐོམ་གདུང་བསྩལ
ཉམ་ཐག་པའི་ནགས་ཚལ  སེམས་ཀྱི་མུན་དོང་དུ་སྐྱེས་པས
བགྲང་གིས་མི་ལངས་པའི་ང་རང་ཉིད་ཀྱི་སྨག་རུམ་ཁྲོད་ནས་
ཆེས་ཆུང་བའི་དངོས་པོས་བདག་གང་འདོད་དུ་ཁུར་མྱོང

ཤ་དང་ཁྲག་ཁུར་བའི་བྱེ་ཐང་གི་རྨི་ལམ་ཞིག
མཛེས་སྡུག་གི་གྲོང་ཁྱེར་ཞིག་ནས་མིང་མེད་དུ་གྱུར
ལྷས་བདག་ལ་ཤེས་རབ་ཀྱི་མིག་དང་གཏམ་རྒྱུད་གནང་ནའང
ཁེར་རྐྱང་གི་དུས་སུ
སྐྲ་ཉག་གཅིག་གིས་བདག་གི་གྲིབ་མ་གཏིང་ཟབ་པའི་ས་སྲོད་དུ་འཕངས

2014ལོའི་ཟླ12བའི་ཚེས31ཉིན་བྲིས།

                           གདུངས་སེམས།
ཟླ་བ་དང་ཁ་བྲལ་བའི་ཕོ་བྲང་ནང་གི་ང་རང
མི་ཚོགས་ཀྱི་ལྟོག་གྲིབ་བར་སྐྱེས་པའི་མེ་ཏོག་ལས་གཟིམས་པར་བྱས

བདག་གི་སེམས་སུ་ཁེར་རྐྱང་གི་ལོ་མ་ཞིག་སྐྱེས
ལོ་མ་དེ་སྐྱེས་པའི་གོ་རིམ་དུ་ཆར་བ་ཤག་ཤག་བབས

སྙིང་ཉེ་ལགས    ངལ་གསོ་ཕྲན་ཙམ་གནོངས་དང
བདག་གི་ནགས་ཚལ་དུ་ཁ་བ་བབས་པས་ད་ལྟ་ཤིན་ཏུ་འཁྱག

རྨི་ལམ་དུ་ང་ཡིས་དགུན་ཁ་ཞིག་བཟོས
ཁྱོད་ཀྱིས་ཕྱིར་མིག་གིས་བསྲེགས་པའི་གཙང་བོ་བཞུར

2014ལོའི་ཟླ12བའི་ཚེས5ཉིན་བྲིས།

                           ཟླ་དང་པོའི་ནང་གི་སྙན་ངག
བྱ་རྒོད་ཀྱི་གཤོག་པས་མུན་ནག་བཀར་བས
ང་ཡིས་མཚན་མོའི་ཁྲོད་དུ་མེ་ཁ་གསོ་བཞིན་ཡོད

སྤྲིན་པ་ནི་ལུང་མདོའི་ཚེ་རོགས་ཤིག་དང་འདྲ
ནམ་མཁའ་གཡའ་དག་པའི་དུས་སུ་སྤྱན་ཆབ་རིང་དུ་བསིལ

མིག་བཙུམས་ཚེ་ང་ཡི་སྙིང་ཁར་རྐང་རྗེས་མང་དུ་དོད
སྣང་བའི་སྟེང་དུ་ངོ་གདོང་རེ་རེ     གཤོག་པ་ཆད་པའི་གདུང་ཡས་རེ་རེ

ཁེར་རྐྱང་གི་ང་ལ་ལོ་བཅུའི་སྔོན་གྱི་སྨོན་ལམ་ཞིག་ཡོད
པི་ཝང་ཞིག་གིས་རྒྱུད་སྐུད་ཆད་རྗེས་ཚེ་རབས་མེ་ལ་སྦྱངས

འཇིག་རྟེན་འདི་དེ་སྔ་ནང་བཞིན་ཡིན་ཡང
རྨི་ལམ་ནང་གི་ལུག་ཁྱུ་ཆུ་ལ་ལྷུང་གྲབས་འདུག

དཔྱིད་ཟླ་དང་པོའི་ནང་དུ་ང་ལ་ཅི་ཡང་མེད
ས་ཡོངས་སུ་རུབ་རྗེས་ཟླ་བ་ད་དུང་ཤར་མི་འདུག

2015ལོའི་ཟླ3པའི་ཚེས16ཉིན་བྲིས།


འབྲེལ་ཡོད་འོས་སྦྱོར།