logo

ནག་དཔྲ་དཀོན་མཆོག་སྦྱིན་པའི་སྙན་རྩོམ་འགའ་འོས་སྦྱོར།

རྩོམ་པ་པོ།:ནག་དཔྲ་དཀོན་མཆོག་སྦྱིན་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-04-09 ཀློག་གྲངས།:


ཕ་གཞིས་དང་ངའི་སེམས་འགྱུ།

ནག་དཔྲ་དཀོན་མཆོག་སྦྱིན་པ།

                   ཕ་གཞིས།
ཡབ་ཆེན་གོང་མའི་རྔུལ་ཁྲག་ཏུ་འཕོས་པའི་མུ་ཏིག་རྡོག་གཅིག
ཉི་ཟེར་གྱི་ཁོངས་གསེང་ནས་གཟི་འོད་ངང་འཕྲོ་དུས།
ཨ་མའི་གླུ་སྐད་ལས་འཕོས་པའི་འབོད་བརྡ་ཡིས།
རྣམ་ཤེས་ལ་གད་རྒྱང་གི་བློས་བསླངས་དྲག་ཏུ་བསྐྱེད།
ཁྱོད་འདི་ལྟར་མེས་ཆེན་དག་གི་རྣམ་དཔྱོད་དེ།
སྙན་དབྱངས་རེ་རེའི་ཁྲི་ཤོར་རྒྱལ་མོའི་རླབས་རྩེ་ན་འཕྱོ་ལ།
སྟངས་སྟབས་རེ་རེའི་དགུ་ཀླུང་སྔོན་མོའི་ཡངས་སྟེང་ནས་ལྡིང་དུས།
མཛེས་སྡུག་གི་ཞིང་སར་དྭངས་པའི་ལོ་ཏོག་འཁྲུངས།
སྨོན་འདུན་གྱི་རུམ་ཁ་ན་ནོར་ལུག་གི་ཤ་ཤེད་རྒྱས།

ཨོ། ཕ་གཞིས།
འབྲོང་རྒོད་ཀྱི་རྨིག་རྗེས་རྒྱང་དུ་ཕྱིན་པའི་ཁ་སང་གི་བདེ་སྡུག
དེ་རིང་རྟག་པར་འབར་བའི་མེ་སྟག་གི་དྲོད་དྲོན་ན།
རྡུལ་རླུང་སྔོན་མོའི་འཚུབ་པའི་དྲག་ཆར་གྱི་ཀློང་ནས།
ལྟག་རལ་དམར་མོ་དེ་རྒྱབ་ལ་དཔྱང་བཞིན།
རི་ཚོགས་འདར་བའི་ཀི་རིང་དེ།
ཡང་བསྐྱར་ཁྱོད་ཀྱི་བསམ་སེམས་ན
ཕྱི་གཙང་ནང་གཙང་རང་བདེ་བར་སྨོན་དུས།
ངས་ལ་རྒྱའི་མགོ་འཕངས་དེ་ཧི་མ་ལ་ཡི་གཏིང་རུམ་ནས་སྲིད་པའི་སྤོ་ནས་བསྒྲེངས་ངེས་ལ།
ངས་རེ་བའི་སྨོན་འདུན་དྭངས་མ་དེ་ཡར་ཀླུང་གཙང་པོའི་བཞུར་རྒྱུན་ནས་གྱེར་བ་ངེས།
ཕ་གཞིས། གསོན་ན་ཕྱི་མིག་ཤོར་ས།
འཆི་ན་རྣམ་ཤེས་འཁོལ་ས།

ཁ་སང་།
རྒྱལ་སྲས་ཚོས་གཞེངས་པའི་གསེར་ཏོག་གི་སྨུག་འོད་དེ།
འབྲོག་རྒན་གྱི་རྩིད་པ་བསླས་པའི་འུར་རྡོ་ཆུ་མིག་དགུ་སྒྲིལ་དེ།
ད་རུང་། དྲོན་མོ་ཁྲག་ཐིག་གིས་བྲིས་པའི་ལེགས་བཤད་དེ།
ཡར་ཀླུང་གཙང་བོའི་བབས་རྒྱུན་གྱི་གཏིང་ནས་བུད་པའི་ནས་རྡོག་གི་རྨྱུ་གུ་དེ།
འབྲི་ཆུ་ཡངས་མོའི་རླབས་རྩེ་ནས་མཆེད་པའི་དྭངས་གཙང་གི་གླུ་སྒྲ་དེ།
བཙན་པོའི་བང་སོ་དང་རྨུ་ཐག་ལ་བརྒྱུས་པའི་ལྷ་སྒྲུང་དེ
ད་རུང་། ད་རུང་།
རྒྱལ་བ་ཚངས་དབྱངས་རྒྱ་མཚོས་ན་ཟུག་གི་མགུར་གླུ་དེ།
སྡེ་སྲིད་སངས་རྒྱས་རྒྱ་མཚོས་མངོན་རྟོགས་ཀྱི་ཐབས་ཤེས་དེ།
ངའི་ཕ་མེས་ཡང་མེས་ཀྱི་གནས་མལ་ཏེ།
གུ་གེ་རྒྱལ་བོའི་མཁར་ཤུལ་ན
བྱིན་གྱིས་ཆགས་ལ་གཟི་འོད་འབར
ཕྲེང་རྡོག་བརྒྱ་དང་བརྒྱད་ཀྱི་བགོ་སྐལ་ལས
ཐར་བ་ལས་ཐར་བའི་བྱང་སེམས་དེ་མུ་ཏིག་ལྟར་འཚེར་བཞིན།
དུས་བཞིའི་བཀྲག་མདངས།
ཉི་ཟེར་གྱི་ཀློང་ན་འཛུམ།
སྦྲ་ཆེན་ནས་འཁྲུངས་པའི་འབྲོང་གཡག་གི་ལོ་རྒྱུས
ཡུམ་ཆེན་དག་གི་བཞོ་ལུང་ན་འཁྱིལ་དུས།
པོ་ཏ་ལ་ཡི་རྒྱ་ཕིབས་ན།
གཟན་ཤོམ་དམར་པོ་ཞིག་གི་སྙིང་རྗེ།
གླེགས་བམ་གྱི་དྲི་བསུང་ཁྲོད།
ཞོ་སྟོན་གྱི་དབུ་ཁྱུད
ཨ་ཅེ་ལྷ་མོས་དཀར་པོའི་རྩམ་པ་ན་མཆོད།
སྨྲ་ར་དཀར་པོའི་བརྩེ་འཛུམ་ན
ཟློས་གར་བརྒྱད་ཀྱི་གཟི་འོད་བསྐྲུན།
ཨ་ཕ།  ཡང་སྙིང་གི་བདམས་ཚིག
ཁ་སྔོན་ནས་འགོད་ཟིན།
བྱང་སེམས་ཀྱི་བདེ་བ་ནས།
ཨ་མས་ངག་དབྱངས་ལྷོད་ལ་གྱེར་བའི་ཡིག་དྲུག་དེ
སྟེང་གི་ལྷ་ཚོགས་དགྱེས་སུ་བཅུག་ལ
འོག་གི་དམྱལ་བ་བདེ་ལ་འགོད
ཕ་གཞིས།
དཔྱིད་ཀྱི་ལྷིང་འཇགས་ན་འབར
སྟོན་གྱི་ཟུག་གཟེར་ན་འཛུམ་གྱིས་བཞད

དོ་ནུབ།ཡང་བསྐྱར་ཁྱོད་ཀྱི་ཁྲག་རྒྱུན་དེ་གངས་རླུང་ནས་རྔུབ་དུས
མྱུ་གུ་དེ་ལས་ཤེས་རབ་ཀྱི་ཡལ་འདབ་བཞད།
ཕ་གཞིས།ལྷ་སྒྲུང་གི་ས་བོན་བཏབ་པའི་ཕུགས་འདུན་གྱི་གཤིན་ས།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།