ཨ་ཕ་དྲན་པ།
རྩོམ་པ་པོ།:འབྲོག་བུ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-03-25
ཀློག་གྲངས།:
ཨ་ཕ་དྲན་པ།
འབྲོག་བུ། གཞིས་ཀ་རྩེ
མཆོད་མེ་རྐང་རེ་རེས།
ཉིད་ཀྱི་ལམ་སྟོན་དུ་རེ་བའི་ཉིན་ནས།
ངའི་རྨི་ལམ་གྱི་ཞིང་ཁམས་འདི་རུ།
ངེད་ཕ་བུ་ལྷན་འཛོམས་ཡོང་རྒྱུར་རེ་བ་ཐེངས་མང་བྱེད་མྱོང་ལ།
རེ་བའི་འབྲས་བུའང་སྨིན་པ་གྲངས་མེད་ཡིན།
ཨ་ཕ་ལགས།
དོ་ནུབ་ཁྱེད་གང་ན་ཡོད།
ནམ་མཁའ་ན་འཚེར་བའི་སྐར་ཚོགས་ཀྱི་ཀློང་ནས།
ངའི་སྟོང་སང་སང་གི་ཁང་ཁྱིམ་དེར་གཟིགས་བཞིན་ཡོད་དམ།
ཡང་ན། འགྲོ་དྲུག་གི་གནས་གང་ཞིག་ནས།
ང་དང་འདྲ་བར།
ང་ཚོའི་ཨ་མ་དང་རང་ཁྱིམ་གྱི་བུ་ཕྲུག་ཚོ་དྲན་གྱིན་ཡོད།
ཨ་ཕ་ལགས།
ཁྱེད་རང་དགོང་དྲོ་ཡི་ཉི་མ་ཇི་བཞིན།
འཇིག་རྟེན་འདིའི་ཕ་རོལ་དུ་བཞུད་པའི་ཉིན་ནས།
ང་ཚོའི་རང་ཁྱིམ་དེ།
དགུན་གཞུང་གི་ཕ་ཡུལ་ཇི་བཞིན།
སྟོང་ལྷང་ལྷང་དང་གྲང་ཅང་ཅང་རེད།
དེ་བས། མི་ཁ་ཡི་རླུང་དམར་འུར་འུར་དང་།
འགྲན་རྩོད་ཀྱི་དྲག་ཆར་རྫོགས་མེད་རེད།
ཡིན་ནའང་། ཨ་ཕ་ལགས།
ང་ཚོས་མི་ཁ་དང་འགྲན་རྩོད་དག་གི་ཀློང་དབུས་སུ།
མགོ་བོ་ཡར་ལ་ཀེར་ནས་མདུན་དུ་བསྐྱོད་ཀྱིན་ཡོད།
ཨ་ཕ་ལགས།
ངས་ཁྱེད་རང་ཤིན་ཏུ་དྲན།
ཡུམ་ཆེན་དང་བུ་ནུ་མིང་སྲིང་ཚོས་ཁྱེད་རང་ལྷག་ཏུ་དྲན།
དཀར་ནག་དབྱེ་འབྱེད་དཀའ་བའི་མི་ཡུལ་གྱི་གྲུ་ཟུར་འདི་ནས།
བདེ་རྫུན་ཅི་ཡིན་མེད་པའི་འཇིག་རྟེན་འདིའི་པང་ནས།
འགྲན་རྩོད་མེ་ལྕེ་འབར་འདྲའི་ཕ་ཡུལ་གྱི་གནས་ནས།
མི་ཁ་རླུང་དམར་ལྡང་འདྲའི་ཡུལ་སྡེ་འདིའི་དབུས་ནས།
རང་ཁྱིམ་གྱི་ཀ་དང་འདྲ་ལ།
རང་ཁྱིམ་གྱི་ཉི་མ་དང་མཉམ་པའི།
ང་ཚོའི་སེམས་ཁོངས་ཀྱི་དཔའ་བོ།
ནམ་ཡང་། རང་ཁྱིམ་སླད་མེ་ལྕེ་བཞིན་འབར་བའི་ཨ་ཕ་ཁྱེད།
སེམས་ཀྱི་གཏིང་རུམ་ནས།
སྙིང་གི་ཟབ་ས་ནས།
ཁྱེད་རང་དྲན་བྱུང་།
དོ་ནུབ། ངའི་སེམས་པ་ཧ་ཅང་གིས་འཁྱག
ནམ་མཁའི་སྐར་ཚོགས་ཀྱི་མིག་ཟུམ་འོག་ཏུ།
ཕྱི་རོལ་གྱི་ལྷགས་རླུང་དེའི་འུར་སྒྲའི་ཁྲོད་དུ།
ཨ་ཕ་ཁྱེད་དྲན་པའི་སེམས་པ་ཧ་ཅང་གིས་འཁྱག
ཨ་ཕ་ལགས།
ངའི་སེམས་དབུས་ཀྱི་ཉི་མ་དམར་པོ་ལགས།
མཚན་མོ་དེའི་རྨི་ལམ་ཁྲོད་དུ།
ངས་ཁྱེད་ལ་རེ་སྒུག་བྱས་ཆོག
ཁྱེད་རང་ངེས་པར་དུ་ཕེབས་ཨང་།
ཁྱེད་དྲན་པའི་བུ་ཆུང་གི་རྨི་ལམ་ཞིང་དུ།
ངེས་པར་དུ་་་་་་་་་་་་
2015.3.15མཚན་ལ།
འབྲེལ་ཡོད་འོས་སྦྱོར།