logo

སེ་རའི་ཕུར་མཇལ་གྱི་རྒྱབ་མདུན།

རྩོམ་པ་པོ།:ནགས་རྡོ་སེང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-02-17 ཀློག་གྲངས།:
      དེ་རིང་ནི་སེ་རའི་ཕུར་མཇལ་གྱི་ཉིན་མོ་རེད། སྔར་རྒྱུན་བཞིན་དེ་རིང་ནི་འདུ་འཛི་དང་ཟང་ཟིང་། མི་ཚོགས་ཀྱི་རྒྱ་མཚོ་འཁྱིལ་བའི་ཉིན་མོ་ཡང་རེད། བཤད་སྲོལ་ལྟར་ན་སེ་རའི་ཕུར་མཇལ་ཐེངས་གཅིག་གིས་ངན་འགྲོར་མི་ལྷུང་བའི་བྱིན་རླབས་དང་མཐུ་ནུས་ཡོད་ཟེར་བ་དང་ལོ་འཁོར་མའི་གེགས་དང་བར་ཆད་ཡོད་ཚད་ཡང་ཞི་བའི་ནུས་པ་ཡོད་ཟེར། མ་གཞི་དད་ལྡན་མང་ཚོགས་ཀྱིས་ལོ་ལྟར་བཞིན་སེ་རའི་ཕུར་པ་མཇལ་གྱི་ཡོད་རུང་། སེ་རའི་ཕུར་མཇལ་གྱི་བྱིན་རླབས་ཐོབ་ཅིང་གེགས་དང་བར་ཆད་ཞི་བ་མི་གྲངས་དུ་དང་དུ་ཡོད་མེད་ཆ་མ་འཚལ་རུང་། གང་ལྟར་དད་ལྡན་དག་ནི་བར་ཆད་ཞི་བའི་ཆེད་དུ་ཉིན་མཚན་དབྱེར་མེད་དུ་ལམ་གཞུང་དུ་ལངས་ནས་ཐེངས་གཅིག་མཇལ་ཐབས་བྱེད་ཀྱིན་ཡོད།  འོན་ཀྱང་། མ་གཞི་ངས་དད་ལྡན་ཚོའི་སྙིང་སྟོབས་ལ་ཡི་རངས་ཡོད་ཀྱང་ངས་ཕུར་པ་དེ་གནའ་རྫས་ཡིན་པས་ལྟད་མོར་སོང་ན་མ་གཏོགས། ཉིན་མཚན་དབྱེར་མེད་ལངས་ནས་ཕུར་པ་ཞིག་ལ་ཐོད་པ་ཧ་ལམ་གཏུག་མི་སྲིད།
      མི་རིགས་གཞན་གྱིས་ང་ཚོའི་ཕུར་མཇལ་གྱི་རྣམ་པ་དེ་མཐོང་དུས་བོད་པ་རྣམས་ཀྱི་ཆོས་དད་ལ་ཡི་རངས་བྱེད་སྲིད་དམ། མི་རིགས་འདིས་མ་འོངས་པའི་བདེ་སྡུག་ཐམས་ཅད་ཕུར་པ་ཞིག་ལ་བཅོལ་བར་ཁྲེལ་དགོད་བྱེད་སྲིད་དམ། གང་ལྟར་དེ་རིང་ངས་འཆད་འདོད་པ་ནི་སེ་རའི་ཕུར་མཇལ་གྱི་རྒྱབ་ངོས་དེ་ཡིན།
      གསེར་འོད་ལམ་ལམ་འཕྲོ་བའི་སེ་རའི་ཕུར་མཇལ་གྱི་ཐུ་འོག་དུ་སྦས་པའི་དོན་དངོས་འགའ་ཡིན། ལོ་ལྟར་དུས་ཚོད་འདི་ལ་སླེབས་སྐབས་མི་རྣམས་ཀྱི་ཆོས་མཇལ་གྱི་བྲེལ་འཚུབ་དང་སྦྲགས་ང་ཡང་བསམ་གཞིག་ལྕི་མོ་ཞིག་གིས་ཡང་ཡང་མནན་ཡོང་། སྤྱིར་སེ་རའི་ཕུར་མཇལ་གྱི་མདུན་ངོས་ནི་དད་པ་དང་བྱམས་སེམས། སྙིང་སྟོབས་བཅས་ཡིན་རུང་དེའི་རྒྱབ་ངོས་ནི་མུན་ནག་གི་སྤྱི་ཚོགས་གསོན་པོ་ཞིག་རེད། དེར་ཡོད་པ་ནི་རྨོངས་དད། ཨུ་ཚུགས། འཐབ་འཛིང་།  ཕྲག་དོག  ལྟག་སྒོ།  ཁྱོད་ཤི་ང་གསོན་འབའ་ཞིག་ཀྱང་ཡོད། དད་ལྡན་གྱི་ནང་དུ་སེ་རའི་ཕུར་མཇལ་གྱི་ལོ་རྒྱུས་དང་བྱུང་ཁུངས་རྩ་ནས་མ་ཤེས་པར་བླུན་པོ་ཆུ་སྣ་གར་འཁྲིད་དང་ཐེམ་པའི་སྒང་གི་རིལ་མ་བཞིན་གཞན་གྱི་རྐང་རྗེས་སྙེགས་ནས་འགྲོ་མཁན་དུ་ཙམ་ཡོད། ཁུང་ཙེ་མཆོག་གིས་ཀྱང་། མ་ཤེས་དད་པ་བྱེད་པ་རྨོངས་དད་ཡིན་ཞེས་པ་ལྟར་མ་ཡིན་ནམ། སེ་ར་ཕུར་མཇལ་གྱི་རྒྱ་ནག་ལྕགས་རི་བཞིན་རིང་པའི་གྲས་སྟར་དུ་རྒན་གཞོན་ཕོ་མོ་མ་ལུས་འཛོམས་ཡོད། འོན་ཀྱང་ཤ་དར་ཁྲག་དར་གྱི་གཞོན་པ་དག་གིས་རང་ཉིད་མདུན་དུ་འགྲོ་གང་ཐུབ་ཀྱིས་རྒན་པོ་དང་བྱིས་པ་རྡོག་བརྫིས་བྱས་ནས་ཕྱིན་པ་ཉུང་ཉུང་ག་ལ་ཡིན། གཞན་ཡང་རྒན་ཁོག་བརྒྱ་བཅུར་སོན་པ་དག་གིས་ཀྱང་ལག་ཏུ་མ་ཎི་དྲངས་ཤིང་གཞན་ལ་དམོད་མོ་འདེབས་པ་ཡང་ཉུང་ཉུང་ཨེ་ཡིན། མཚམས་འགར་སེ་རའི་ཕུར་མཇལ་ནི་དམག་ས་ཞིག་དང་ཡོངས་སུ་མཚུངས། འུར་ཟིང་དང་འབུད་རེས་ད་དུང་དུང་ངུ་ཤར། དད་ལྡན་ཆོས་བྱེད་པའི་སར་དེ་འདྲའི་ཁྲག་དྲི་དང་ངུ་འབོད་ཡོད་པ་ཅི་ཞིག་གི་ལན་ཡིན་ནམ། ད་དུང་ལྟག་སྒོ་བརྒྱུད་ནས་མདུན་གྲས་སུ་སླེབས་པ་དུ་ཙམ་ཡོད། ཁོང་རྣམ་པ་ནི་རང་གི་ཐབས་དང་གཡོ་སྒྱུ་ལ་བརྟེན་ནས་གྲལ་སྒྲིག་མི་དགོས་པར་མདུན་སར་སླེབས་པས་དེ་ནི་གཟི་བརྗིད་དང་འཇོན་ཐང་ཆེན་པོ་ཞིག་ལ་བརྩི་བཞིན་ཡོད་ལ་ལས། རྒྱབ་ཕྱོགས་སུ་མཚན་གང་ལངས་ནས་བསྡད་པའི་རྒན་མོ་དང་བྱིས་པ་དག་ལ་བསམ་གཤིག་ཏིལ་འབྲུ་ཙམ་ཡང་ཨེ་ཡོད། དེ་ལས་ཀྱང་ཡ་ང་བ་ཞིག་ནི་དགོན་པའི་གྲྭ་བཙུན་ཁ་ཤས་ཏེ། མ་གཞི་རྒྱལ་པོའི་ཁྲིམས་ལ་མཐོ་དམན་མེད་པ་དང་དམ་པའི་ཆོས་ལ་ཉེ་རིང་མེད་ཟེར་རུང་གྲྭ་བཙུན་རེ་ཟུང་གིས་རང་གི་གཉེན་ཉེ་འགའ་གྲལ་སྒྲིག་མི་དགོས་པར་ཤར་མར་འཁྲིད་ཕྱིན་པ་ཡང་མང་པོ་མཐོང་མྱོང་། གང་ལྟར་ངས་མཐོང་བའི་སེ་རའི་ཕུར་མཇལ་ནི་བོད་ཀྱི་སྤྱི་ཚོགས་ཧྲིལ་པོ་ཞིག་རེད། ཕུར་མཇལ་ཚར་ནས་ཐམས་ཅད་རང་ཁྱིམ་དུ་ལོག་ཚར་དུས། ལུས་བསྡད་པ་ནི་ཁ་དོག་བཀྲ་བའི་གད་སྙིགས་དང་ཁ་ཡ་མེད་པའི་ལྷམ་ཀོག་དེ་དག་རེད། ཏག་ཏག་ལྷམ་ཀོག་དེ་དག་ནི་མདང་དགོང་དང་དེ་རིང་གི་དམག་འཐབ་ཁྲོད་དུ་བོར་བའི་རལ་གྲི་ཞིག་ཅི་ནས་མ་ཡིན།
   ཟུར་བཀོད།
      ང་ནི་དུས་དང་རྣམ་པ་ཀུན་དུ་འདིར་ལྟར་བསམ་སྟེ། མ་གཞི་ང་ནི་སྐོར་ར་ལ་མི་དགའ་ཞིང་ཆོས་མཇལ་ཡང་དེ་ཙམ་མི་འགྲོ་བའི་སྐྱེས་བུ་ཞིག་ཡིན་རུང་། ངས་དུས་དང་རྣམ་པ་ཀུན་དུ་མི་ལ་ཕན་མ་ཐོག་ན་ཡང་གནོད་བྱེད་པའི་བསམ་པ་ཡི་ནས་མེད། ངའི་ངོས་ནས་བཤད་ན་དེ་ནི་ཆོས་རྣལ་མ་ཞིག་ཡིན་སྙམ་གྱིན་ཡོད་ལ་དེ་ལྟར་ཉམས་ལེན་ཡང་བྱེད་ཀྱིན་ཡོད། གལ་ཏེ་ནམ་ཞིག་ཚེ་ཡི་ཐག་པ་ཆད་ནས་ལས་དགེ་སྡིག་གི་གསང་ལ་འཇལ་རུང་། ང་ཅི་ཡང་སྐྲག་མི་དགོས། རྒྱུ་མཚན་ནི་མ་གཞི་ངས་ཆོས་བྱས་མེད་རུང་སྡིག་པ་ཡང་བྱས་མེད་པས་ཡིན། དོན་དངོས་ཐོག་རྒྱུ་མཚན་ངེས་ཅན་ཞིག་གི་ཐོག་ནས་བཤད་ན་སྡིག་པ་མ་བྱས་ན་ཆོས་ཟེར་བ་དམིགས་བསལ་གྱིས་བྱེད་མི་དགོས་སྙམ།།


འབྲེལ་ཡོད་འོས་སྦྱོར།