logo

ཉི་མ་དང་ཟླ་བ།

རྩོམ་པ་པོ།:འདམ་འཇིལ་ལི། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-01-29 ཀློག་གྲངས།:

                ཉི་མ་དང་ཟླ་བ།
                              འདམ་འཇིལ་ལི།
ཉིན་དཀར་ཉི་མ་དྲོ་ལ མཚན་མོར་ཟླ་བ་བསིལ་བ
སྣང་སྲིད་ཀྱི་ཆོས་ཉིད་རྫོགས་མཐའ་མེད་པ་ཞིག་ཡིན་རྐྱེན
ང་ཉི་མར་དགའ་ཞིང་ཟླ་བར་དུངས
རེ་གསལ་རེ་མོག་གི་འཕྲུལ་བ་མེད་ལ
དཀར་དམར་ནག་གསུམ་གྱི་འགྱུར་བ་དེ་བས་མེད

གཟི་བྱིན་ཡ་མེད་ཅིག་དང་འོད་སྣང་མཐའ་ཀླས་པ་ཞིག་ཡོད་པས
ངས་རྨི་ལམ་ནས་ཀྱང་ཉི་མ་འདི་ལྟར་བོས་ཤིང་ཟླ་བ་འདི་ལྟར་དྲན་པ་ཡིན

ཉི་མ་ལགས འོད་ཟེར་གྱི་བདག་པོ་ལགས
ང་ཡི་སེམས་ཁམས་སུ་མུན་པ་རུབ་ཚར་འདུག་པས
ང་ལ་འོད་ལམ་ལམ་གྱི་ཉི་ཟེར་སྩོལ་རོགས
ངས་ཉི་ཟེར་གྱི་རལ་གྲི་བཏེགས་ཏེ་ཉི་ཐིག་ལ་བཞོན་ནས
མུན་པའི་ར་མདར་འགྲོ་རྒྱུ གར་སོང་གི་རྗེས་ཤིག་གཅོད་རྒྱུ
ཐོབ་ཤོར་གྱི་བར་མཚམས་སུ་འཁོན་ལན་སློག་རྒྱུ
དཀར་ནག་གི་ལྕི་ཡང་མཇལ་རྒྱུ
ད་གཟོད་ངས་མུན་ནག་གི་ངོ་གདོང་དང་ཀེང་རུས
ཉི་མར་གསལ་བོ་བརྗོད་ངེས་ཡིན་ལ
ང་ལ་ཐོབ་འོས་པའི་རྟིང་མ་ལའང་བདག་འཛིན་མི་འཛོལ་བ་ཞིག་བྱེད་སྲིད

ཟླ་བ་ལགས བསིལ་སྦྱིན་གྱི་མངའ་བདག་ལགས
ངའི་གངས་དཀར་སེམས་ཀྱི་གངས་དར་བཞུས་དྲག་པས
ང་ལ་དཀར་གསལ་གྱི་བསིལ་བ་སྦྱིན་རོགས
ངས་ཚ་གདུང་གི་བཙན་འགག་གཏོར་ཏེ་བསིལ་སྦྱིན་ཟླ་བར་རོལ་ནས
ཚ་གདུང་གི་པགས་ཤུན་ཕུད་རྒྱུ སྐོམ་གདུང་གི་རེ་བ་བསྐངས་རྒྱུ
ལོ་ཟླའི་མནར་གཅོད་ཀྱི་དཀྱོགས་མཚམས་སུ་ལྡིང་ཁང་བསྐྲུན་རྒྱུ
ཁེར་རྐྱང་གི་སྣང་བ་གསོ་རྒྱུ
དེ་དུས་ངས་ཚ་གདུང་གི་ངན་མཚང་དང་ལྐོག་ཇུས
ཟླ་བ་ལྷ་མོའི་རྣ་ལམ་དུ་འཇོག་ངེས་ཡིན་ལ
ང་ཡི་ཡིན་ཆོག་ཆོག་གི་བསིལ་གདུགས་ལ་དོ་བདག་ལེགས་པོ་ཞིག་བྱེད་ངེས

ཨ་སྔོན་དགུང་གི་ཉི་མ་དང་ཟླ་བ་ལགས
ང་ལ་ལྟོས་ནས་མཐོང་གི་ཡེ་འདུག
ང་ལ་གསན་ཏེ་ཐོས་གི་ཨེ་འདུག
ལྟོས་ཚོད་དུ་ང་རང་ཆུང་དྲགས་ནའང
ཉི་ཟླའི་འོད་སྣང་གདོང་ན་འཚེར་ཡོད
ཉན་ཚོད་དུ་སྨྲ་སྒོ་ཆུང་དྲགས་རུང
རེ་ཞགས་དུང་གི་རང་སྒྲ་ཉིད
ཀུ་ཅོ་མིན འོ་དོད་མིན
འཆལ་གཏམ་ནི་གཏན་ནས་མིན
རྒྱུ་མཚན་ནི་ང་རང་མུན་ནག་ལ་ཡ་མངའ་ཞིང
ཚ་གདུང་དང་ཁེར་རྐྱང་ལ་ཞེན་པ་ལོག
ད་དུང་ཉི་མའི་བུ་རྒྱུད་སྟོབས་ཆེན་ཞིག་དང
ཟླ་བའི་ལྷ་མོ་འདང་ཆེན་ཞིག་འཚོལ་ཕྱིར
ང་ཉི་མ་བཞིན་འཆར་དགོས་ཤིང་ཟླ་བ་ལྟར་བསིལ་དགོས
                                             ༢༠༡༤-༡༡-༡ཉིན་བྲིས།
              
               རེ་གླུ་དཀར་པོ།

ཁ་ཏོག་ཅེས་པ་དེ་ཉི་མ་ཡིན་སྲིད་ཚེ
རེ་བ་ཞེས་པ་དེའང་ཟླ་བ་ཡིན་ཨེ་སྲིད
དེ་ན་ཁྲ་ལྟར་བརྒྱན་པའི་སྐར་མ་ནི་ཅི་ཞིག་ཡིན

ཁྲ་ལམ་མེར་འོད་ཅིག་ཡོད་ན་དྲོད་ཅིག་མངའ་བ་མ་མཐོང་མོད
འོད་ཀྱང་ཉི་མ་འཆར་ཚེ་ཁ་ཏོག་མཐོང་ཐུབ་ལ
དྲོད་འཁོལ་མྱངས་ཐུབ་པ་ནི་ཆོས་ཉིད་དུ་གྲུབ་ཡོད་ཅིང
ཁ་ཏོག་ནི་ཉིན་དཀར་གཅིག་པུར་དབང་བར་མ་འཐད་དེ
ཚེས་བ་བཅོ་ལྔའི་ཉ་གང་གི་ཟླ་ངོགས་སུ
དལ་བུར་འགུལ་གྱིན་པའི་སྐར་ཚོམ་དག་ལ
ཡིད་དུ་འོངས་པའི་ཁ་ཏོག་མི་སྣང་བ་ཡིན་ནམ

ང་ཚོས་ཉི་མ་ཁ་ཏོག་ཡིན་ཞིང་ཟླ་བ་རེ་བ་ཡིན་པར་རློམས་ཚེ
ད་གཟོད་བདེ་སྡུག་གི་ཡང་སྙིང་རྟོགས་ཤིང
ཁ་ཏོག་ངོམ་སུམ་དེ་མཐོང་ཐུབ རེ་སྙེག་ངོ་མ་ཞིག་རྙེད་སླ

ཉི་ཟླའི་འཆར་ནུབ་བར་ནས
དུས་བཞིའི་འགྱུར་བག་ཁྲོད་དུ
རེ་གླུ་དྭངས་མོ་ཡིན་ལ
ཁ་ཏོག་དཀར་པོ་ཡིན་འོས
                                ༢༠༡༤-༡༢-༣ཉིན་བྲིས།

                       དུས་ཚོད་ཀྱི་རྩེ་མོ།

དུས་ཚོད་ཀྱི་འཁོར་གསུམ་བསྐོར་བའི་མི་རྟག་སྲིད་པའི་འཐབ་ར་རུ
འཁོར་གསུམ་གཞོམ་པར་ནུས་པའི་ཤེས་རབ་ཀྱི་མེ་དཔུང་གང་ན་མཆིས
ཡོད་ཚད་ནས་ཡོད་ཚད་དུས་ཀྱི་གྲི་ཁར་བསྐྱོན་ནས་ཡོད་པ་སུ་ཡི་ཚོར
ཡོད་ཚད་ཀྱི་རྗེས་སུ་ར་མདར་ཡོང་གིན་འདུག་པའི་དབང་དུ་བཏང་ན
དུས་ཚོད་ཀྱི་རྩེ་མོ་རུ རྒྱལ་ཁ་འཁྱིག་པའི་རྣོ་ངར་ཨེ་ཡོད
རྣོ་ངར་སྟེང་དུ་ངག་རྒྱུན་དུ་མཆེད་པའི་རྒྱལ་ཁའི་མེ་སྟག་འཚུབ་ཀྱིན་ཡོད་དམ
ངེས་པ་མེད་ཕྱིར ངས་རྟག་དུ་དུས་ཚོད་ཀྱི་ཡང་རྩེ་རུ་རྒྱལ་ཁ་བཙལ་གྱིན་ཡོད

གལ་སྲིད་ང་ནི་དུས་ཚོད་ཀྱིས་འཛིན་བཟུང་བྱེད་པའི་ཉེས་ཅན་ཞིག་ཡིན་ཚེ
ངའི་ཚེ་སྲོག་ལ་དུས་ཚོད་ཀྱི་སྣེ་མོ་ལྟ་བུ་ལས་ཅི་ཡང་ལྷག་མེད
དེ་ཕྱིར རྩེ་མོ་ཙམ་ཡང་ང་ལ་གལ་འགངས་ཤིན་ཏུ་ཆེ

ངས་གཞན་གྱི་མིག་ནང་དུ་ཅི་ལའང་མི་རྩིས་པའི་རྒྱལ་ཁའི་ལྷུ་ལག་ཙམ་ལ་རེ
ཡིན་ཡང་ང་ནི་དུས་ཚོད་ཀྱི་ག་འདེད་ནག་འདེད་བྱེད་ཀྱིན་པའི་ཉེས་ཅན་ཡིན
ངས་ཐུགས་སེམས་གཟབ་པོ་མི་བྱེད་ཐབས་མེད་རེད
ཁོམ་ལོང་གི་བར་སྟོང་ཏོག་ཙམ་ལའང
ཉེན་ཁ་ལས་བྱོལ་བའི་རྒྱལ་ཁ་ནས་རྡོག་ཙང་ཡང་ཤོར་མི་འདོད་པས
དུས་ཚོད་ཀྱིས་གཤིན་པོས་ང་རང་ཅི་བྱེད་འདི་བྱེད་མེད་པར་བཟོས
རྣམ་གཡེང་ལ་དགའ་མཁན་ཚོས་མིག་དང་སྙིང་གི་འཚེར་མར་གྱུར
དེ་བས་ཕྱིར་དུ ང་རང་དུས་ཚོད་ཀྱི་རྩེ་མོར་མི་འགོས་ག་མེད་རེད
རྒྱུ་མཚན་ནི་རྩེ་མོ་དེར་རྒྱལ་ཁའི་བརྟས་པའི་མེ་ཏོག་བཞད་ཅིང
ངའི་རྣམ་ཤེས་ཀྱང་ངལ་གསོས་ཆོག་ལ
ངའི་འདས་ཟིན་གྱི་སྟོང་ཆའང་བསྐངས་ཆོག
ཐ་ན་འགྲན་ཟླ་བྲལ་བའི་རྒྱལ་ཁ་ཞིག་ཐོབ་ཐུབ་པར་རློམ

ངས་གོ་སྐབས་དམ་འཛིན་བྱས་ཏེ
དུས་ཚོད་ཀྱི་སྤང་ཁུགས་སུ་མཆོངས་རྒྱུག་བྱས
འོན་ཀྱང ང་ནི་དུས་ཚོད་ཀྱི་གླག་མོའི་སྡེར་ཁའི་ཉམ་ཆུང་གི་རི་དྭགས་ཤིག
ང་རང་སྐྲག་པའི་དངན་པ་ཧ་ཅང་རིང
དུས་དེར་ངའི་འཆི་སྒོ་ལས་ཐར་བའི་བངས་ཁ་ནི
སྐྱི་སེར་རླུང་ལས་མྱུར་ཞིང རླུང་ཆེན་འཚུབ་མ་བཞིན་འཁོར་ཏེ
གཅན་གཟན་དང་ཁྲ་གླག་གི་མཆེ་སྡེར་ལས་ཐར་ཐབས་བྱས
ངའི་སེམས་སུ་ད་ནས་བཟུང་གཡང་མོ་སྒོ་ཟོག་ལྟ་བུ་ཞིག་མི་བྱེད་ཅིང
དུས་ཚོད་ཀྱི་ར་མདའ་ནམ་ཡང་རྗེས་མི་ཆོད་པའི
འོད་བཞོན་ཞིག་བྱེད་དགོས་པའི་དམ་བཅའ་ཡང་ཡང་ཤོར

ང་རང་ཉི་ཐིག་ལ་བཞོན་ནས་མདའ་ལྟར་དུས་ཚོད་ཀྱི་འབེན་ལ་འཕངས་ཀྱང
རྗེས་གཅོད་པའི་དུས་ཚོད་ཀྱིས་ཐག་སྒྲ་ཇེ་ཆེར་གྱུར
ངས་འོད་ཞགས་ཀྱི་སྣེ་མོར་དམ་པོར་འཐམ་ནས
མདུན་ཕྱོགས་སུ་ཤུགས་ཀྱི་མཆོངས་པས
དུས་ཚོད་ཀྱི་རྩེ་མོར་བཞད་པའི་མེ་ཏོག་ཁྲ་ཆིལ་ལེ་ཡོད་པ་མཐོང་སོང་བ་འདྲ

ང་རང་དུས་ཚོད་ཀྱི་ཀློང་ནས་ངར་ཤུགས་ཀྱིས་མཆོངས
དཔའ་ཁེར་རྒྱུག་བྱེད་པའི་དཔའ་མཐུ་ཞིག་དང་འདྲ་བར
སྲིད་པའི་ལྟད་མོ་བར་ང་ཡི་རྒྱབ་གཟུགས་ཙམ་ལས་མ་བྱིན
ང་རང་རི་ལུང་ཐང་གསུམ་བརྒྱུད་ནས
འཇའ་ཚོན་གྱི་ཟམ་པ་བརྒལ
མི་ཡུལ་ནས་དག་ཞིང་ལ་བསྐྱོད་པ་བཞིན
དུས་ཚོད་ཀྱི་འཇིག་རྟེན་ཧྲིལ་བོ་འགྲིམས
ད་ནི་དུས་ཚོད་ཀྱི་ཡང་རྩེར་ཐོན་ལ་ཉེ

སྔོན་ཆད་ལང་ཚོ་ཞེས་པ་དེས་དུས་ཚོད་ལ་ཐུབ་ཚོད་བྱས་དྲགས་པས
ང་རང་དུས་ཚོད་ཀྱི་ར་མདའ་བས་ཇག་པ་ནག་པོར་བཞག
ང་རང་ཤུགས་ཀྱིས་ཅི་ལྟར་མཆོངས་ཀྱང
སྐྲག་སྣང་ཆེན་པོའི་དོན་དག་ལྟོས་ལྟོས་རིག་རིག་ལ་བྱུང
དུས་ཚོད་ཀྱི་ར་མདས་འཕངས་པའི་མདའ་མོ་དེ
ངའི་ཕྱོགས་སུ་དལ་མོར་ཐོན་འོངས་ཤིང
རླུང་ལ་རྩུབ་པའི་ཤུབ་སྒྲ་དེ་སྙིང་གི་ལྡིང་ཚད་ལས་ཀྱང་འཇམ
མིག་ཁ་རུ་མདའ་མདེའུ་སྣེ་མོའང་ཇེ་ཆེ་ནས་ཇེ་ཆེར་ཕྱིན

དུས་དེར ང་ཆེས་སྐྲག་ས་ནི་དུས་ཚོད་ཀྱི་རྩེ་མོར་ཐོན་མི་ཐུབ་པ་མིན་ལ
རྩེ་མོར་བསྐྱོད་སྐབས་ཀྱི་ལམ་བར་དུ་རྣམ་གཡེང་གི་མདའ་མོས་གཡང་ལ་འཕངས་ནས
ལེ་ལོ་ཡི་གཞོངས་ནས་མི་ཚེ་ཧྲིལ་བོར་མཇུག་སྒྲིལ་པའི་དུར་ས་འདེབས་དུས
དུས་ཚོད་ཀྱིས་ཤེས་མེད་ཚོར་མེད་དུ་ཡོད་ཚད་འཕྲོགས་ཤིང
ཤེས་འཕྱི་བའི་ཡོད་ཚད་མིག་ནས་སེམས་སུ་ལྗིད་ཏིག་ཏིག་ཏུ་འདྲེན་པའོ
                                                    ༢༠༡༣ལོའི་ཟླ༨པའི་ཚེས༡༩ཉིན།
 


འབྲེལ་ཡོད་འོས་སྦྱོར།