ལྷ་སའི་ལམ་གྱི་རྟ་མགྲིན་སྒྲོལ་མ།
རྩོམ་པ་པོ།:རྒན་གྱའི་ཤ་བོ་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-01-28
ཀློག་གྲངས།:
རྒྱ་ནག་དར་རྩེ་མདོ་ནས་རྡོག་ཐོན་བྱས།།
ལི་ཐང་འབྲོག་མོ་ཞིག་ལ་ལམ་ནས་འཕྲད།།
མཛོ་སྒང་རྫོང་ནས་ཆམ་པའི་ནད་ཀྱིས་མནར།།
བུ་མོ་རྟ་མགྲིན་སྒྲོལ་མས་སྐྱོ་རོགས་མཛད།།
ཅེས་པའི་ཤོ་ལོ་ཀ་འདི་ནི་ངས་ལོ་ཉི་ཤུའི་ཡར་སྔོན་ཞིག་ལ་ཐོག་མར་བྲིས་པ་ཡིན་མོད། ད་ལྟ་ངས་དེའི་བརྗོད་དོན་ཅུང་གསལ་བོར་བསྐྱར་འབྲི་ཐེངས་ཤིག་བྱ་རྒྱུ་ཡིན།
དེ་ཡང་མི་ལོ་ཉི་ཤུའི་སྔོན་གྱི་སྟོན་མཇུག་ཅིག་ལ། ང་རང་ལྷ་སར་འགྲོ་རྒྱུའི་སེམས་ཐག་བཅད་དེ། རྒྱ་ནག་དར་རྩེ་མདོ་ནས་ལམ་ལ་ཆས་པ་ཡིན།ཉིན་དེར་དར་རྩེ་མདོ་ལ་ལོ་དེའི་ཁ་བ་འབབ་ཐེངས་དང་བོ་དེ་བབས་ཡོད་པས་ནམ་ཟླ་ཧ་ཅང་འཁྱག ཞོགས་པ་དེར་ང་རང་ལི་ཐང་ལ་འགྲོ་བའི་སྤྱི་སྤྱོད་རླངས་འཁོར་ལ་བསྡད་པ་ཡིན། དུས་ཚོད་ཕྱེད་ཙམ་བསྐྱོད་རྗེས་རླངས་འཁོར་དེ་ས་དེའི་ནུབ་ཕྱོགས་ཀྱི་རི་བོ་ཧ་ཅང་མཐོན་པོ་ཞིག་ལ་འགོས། སྐབས་དེར་རི་སྒང་དེར་ཁ་བ་ཆེན་པོས་ཡོངས་སུ་གཡོགས་འདུག་པས། དངོས་གནས་གངས་རི་ཞིག་དང་འདྲ་ལ་ང་ཚོའི་རླངས་འཁོར་དལ་མོར་མདུན་དུ་བསྐྱོད་བཞིན་ཡོད་པ་མ་ཟད། ང་ཚོ་དང་མཉམ་དུ་དར་རྩེ་མདོ་ནས་ཡོང་བའི་འབའ་ཐང་གི་སྤྱི་སྤྱོད་རླངས་འཁོར་ཞིག་ཀྱང་རྗེས་ན་ནུར་ནས་ཡོང་བཞིན་ཡོད་པ་ལམ་གྱི་དཀྱོག་མཚམས་རྣམས་ནས་ཡང་དང་ཡང་དུ་མཐོང་ཐུབ།
དེ་ལྟར་ཉིན་གང་བོར་རི་ལུང་མང་བོ་བརྒྱུད་ཅིང་གཙོ་བོ་སྒང་ལམ་རིང་མོ་ཞིག་དེད་དེ་མུན་རུབ་པ་དང་གྲོང་བརྡལ་ཅིག་ལ་ཐོན་རྗེས་རླངས་འཁོར་དེ་གཉིས་ཀ་ཞག་འདུག་བྱས་སོང་། ཕྱི་ཉིན་ཞོགས་པའི་ཆུ་ཚོད་ལྔ་བར་ཡང་རླངས་འཁོར་གཉིས་ཀ་མཉམ་དུ་ལམ་ལ་ལངས་ཏེ་མུ་མཐུད་མདུན་དུ་བསྐྱོད། ལི་ཐང་རྫོང་ལ་ཐོན་དུས་ཉིན་རྒྱབ་ཅིག་རེད། ལི་ཐང་ནས་ཚང་མས་ཟ་མ་ཟོས་རྗེས་ང་རང་འབའ་ཐང་ལ་འགྲོ་བའི་རླངས་འཁོར་ལ་བསྡད་དེ་མུ་མཐུད་དུ་སོང་བ་ཡིན་ལ། ལམ་ཐག་རིང་བོ་བརྒྱུད་མཐར་མཚན་མོ་དེར་འབྲི་ཆུའི་སྟོད་རྒྱུད་ན་ཆགས་པའི་འབའ་ཐང་རྫོང་ལ་ཐོན་ཏེ་མགྲོན་ཁང་ཆུང་བ་ཞིག་ནས་ཞག་འདུག་བྱས་པ་ཡིན།
དེའི་ཕྱི་ཉིན་སྔ་མོར་ང་རང་འབའ་ཐང་ནས་རྐང་ཐང་ལ་ལྷ་སའི་ཕྱོགས་སུ་མུ་མཐུད་དུ་མདུན་བསྐྱོད་བྱེད་མགོ་བརྩམས་ཤིང་། རྫོང་མཁར་དེའི་ཉེ་འདབས་ནས་འབྲུ་ཆུའི་ཟམ་ཆེན་བརྒལ་དགོས་པས་ང་རང་ཟམ་ཆེན་གྱི་སྣེ་མོར་ཐོན་མ་ཐག་ཕར་བལྟས་ཚོད་ཀྱིས་ཟམ་ཆེན་གྱི་དཀྱིལ་ན་མི་གཉིས་ཕར་འགྲོ་བཞིན་པའི་རྒྱབ་གཟུགས་མཐོང་ཐུབ་པས། ང་རང་ཇེ་མགྱོགས་བཏང་ནས་དེ་གཉིས་ཀྱི་རྗེས་སྙེག་བཞིན་སོང་བ་ཡིན། ཉེ་སར་ཐོན་དུས་དེ་གཉིས་ཀྱིས་ཀྱང་ང་མཐོང་ནས་གོམ་ཁ་ཇེ་དལ་དུ་བཏང་སྟེ་ཕྱིར་བལྟས་བྱེད་ཀྱིན་འདུག་ལ། སྐབས་དེར་ངས་ཀྱང་མི་དེ་གཉིས་རང་དང་ལོ་ན་མཉམ་པའི་བུ་མོ་ཆུང་ཆུང་གཉིས་ཡིན་པ་གསལ་བོར་ཤེས་སོང་། འོ། དེ་དུས་ང་རང་མི་ལོ་ཉེར་གཅིག་ཡིན། ངས་བུ་མོ་དེ་གཉིས་ལ་གང་དུ་འགྲོ་ཚུལ་དྲིས་ཚེ་ལྷ་ས་ལ་བྲོས་ཏེ་འགྲོ་བཞིན་ཡོད་ཟེར། ང་ཡང་ལྷ་ས་ལ་འགྲོ་མཁན་ཡིན་པ་ཤེས་རྗེས་ཁོ་མོ་གཉིས་ཧ་ཅང་དགའ་ནས་སྐྱེས་པ་ཞིག་འགྲོ་རོགས་ཡོད་ན་བཟང་བ་ལ། ང་ཚོ་མཉམ་དུ་ལྷ་ས་ལ་འགྲོ་ཡ་ཞེས་ང་ལ་དགའ་འཛུམ་ཡིད་དུ་འོང་བ་ཞིག་བསྟན་བྱུང་།
དེ་ནས་ང་ཚོས་ཁ་བརྡ་བྱེད་ཞོར་དུ་མུ་མཐུད་ཉི་མ་ལྷ་སའི་ཕྱོགས་སུ་སོང་བ་ཡིན་ལ། ང་རང་ཨ་མདོ་བླ་བྲང་གི་ཡིན་པས་དང་ཐོག་ཁོ་མོ་གཉིས་ཀྱིས་བཤད་པའི་ཁ་སྐད་དེ་འདྲ་མི་གོ་མོད། འོན་ཀྱང་ཉམས་བཞག་ནས་ཉན་ཚེ་རིམ་བཞིན་གོ་ཐུབ་པ་བྱུང་སོང་། ཁོ་མོ་གཉིས་ཀྱིས་བཤད་པ་ལྟར་ན། ཁོ་མོ་གཉིས་ཀྱི་ཕ་ཡུལ་ང་རང་སྔ་ཉིན་བརྒྱུད་པའི་ཁམས་ལི་ཐང་གི་ཡིན་པ་དང་ད་ཐེངས་རེབ་གཉིས་པར་ཕ་ཡུལ་ནས་བྲོས་ཡོང་བ་ཡིན་ཟེར། དེ་ཡང་ཐེངས་དང་བོར་བྲོས་ཡོང་དུས་ནི་ཉིན་འགའི་ཡར་སྔོན་སྟེ། རེབ་ཐེངས་དེར་ཁོ་མོ་གཉིས་ཀ་ཕ་ཡུལ་ལི་ཐང་ནས་ལྷ་ས་འབྲོ་རྒྱུའི་གྲོས་བྱས་ཏེ་མཉམ་དུ་བྲོས་ནས་རྐང་ཐང་དུ་ཉིན་ཞག་གསུམ་ལ་ཕྱིན་པའི་མཚན་མོ་དེར་ཧ་ཅང་ཐང་ཆད་ནས་འབའ་ཐང་ལ་མ་ཐོན་གོང་གི་ལུང་བ་ཞིག་ནས་ལམ་འགྲམ་ཅིག་ཏུ་གཉིད་ལོག་པ་དང་། ཕྱི་ཉིན་སྔ་མོ་ཡར་ལངས་ཏེ་མུ་མཐུད་ལམ་ལ་ཆས་མ་ཐག ཕ་ཡུལ་གྱི་ནང་མི་སྐོར་ཅིག་གིས་རྟ་ཞོན་ཏེ་ཁོ་མོ་གཉིས་ཀྱི་རྗེས་ལ་ར་མདར་ཡོང་བ་དང་འཕྲད་ནས་ཕྱིར་ཕ་ཡུལ་ལི་ཐང་ལ་ཁྲིད་སོང་ཟེར།
ལོ་ཉི་ཤུའི་རྗེས་ཀྱི་ད་ལྟ་ས་དེའི་གནས་སྟངས་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕོ་འགྱུར་དང་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པར་ཐེ་ཚོམ་མེད་ན་ཡང་། སྐབས་ཐོག་དེར་འབའ་ཐང་ནས་བོད་ལྗོངས་ཆབ་མདོའི་མཛོ་སྒང་རྫོང་ལ་འགྲོ་བའི་ལམ་ཁ་དེར་ཉིན་ཞག་མང་བོའི་རིང་རླངས་འཁོར་ལམ་འགྲོ་བ་གཅིག་ཀྱང་མཐོང་རྒྱུ་མི་འདུག་ལ། གཞུང་ལམ་ནང་ན་རྩ་ཕུང་ཡང་མང་བོ་སྐྱེས་འདུག་པས་ང་ཚོ་ཉིན་མཚན་མེད་པར་རྐང་ཐང་དུ་སོང་བ་ཡིན། མཚམས་མཚམས་སུ་ངལ་གསོ་བྱེད་ཞོར་རྡོ་ཐབ་བཅོས་ཏེ་ཇ་བསྐོལ་ནས་འཐུང་བ་དང་ལམ་བྲོ་རེ་ཟོས་རྗེས་མུ་མཐུད་དུ་འགྲོ་བའམ། ཡང་མཚམས་མཚམས་སུ་ལམ་འགྲམ་དུ་གཡས་ལོག་གཡོན་ལོག་བྱས་ཏེ་གཉིད་དུ་ཡུར་བ་ཡིན།
ས་དེའི་ལམ་ཁ་ཡོངས་རྫོགས་ཕལ་ཆེར་ལུང་བ་ཁ་དོག་ཅིང་བྲག་རི་རྩུབ་ས་ཞིག་ཡིན་པས་མཚན་མོའི་ཆུ་བོའི་འབབ་སྒྲ་ནི་ཧ་ཅང་སྙིང་ལ་གཟན་ཅིང་འཇིགས་སུ་རུང་བ་ཞིག་ཡིན། དེ་བས་མཚན་མོར་གོམ་བགྲོད་བྱས་ཏེ་མདུན་དུ་འགྲོ་རྒྱུ་དེ་ཤིན་ཏུ་དཀའ་མོ་ཞིག་ཡིན་ན་ཡང་། སྐབས་དེའི་ནམ་ཟླ་ཧ་ཅང་གྲང་བས་ལམ་འགྲམ་ནས་ལོག་བསྡད་ན་ཉལ་ཆས་གང་ཡང་མེད་རྐྱེན་གྲང་ནས་གཉིད་ཁུག་ཐབས་བྲལ་བས། ང་ཚོས་ལག་འཇུ་བྱས་ཏེ་མུན་ནག་ནང་ལ་དལ་བ་དལ་བུར་མཚན་རྒྱབ་སྟེ་ལྷ་སའི་ཕྱོགས་ལ་གོམ་པ་གང་རེ་གང་རེ་སྤོས་ནས་སོང་བ་ཡིན། དེ་ལྟར་སོང་བའི་མཚན་མོ་ཞིག་ལ་ངའི་འགྲོ་རོགས་བུ་མོ་གཅིག་གིས་གློ་བུར་དུ་ཨ་མ་ཞེས་ཨག་སྐད་ཡ་ང་བ་ཞིག་བཏོན་ཏེ་ངའི་གམ་དུ་གློ་ལྡིང་བྱས་ནས་བྲོས་ཡོང་བ་ན། ང་ཡང་འཇིགས་ཡེར་བ་ཞིག་བྱུང་སྟེ་ཁོ་མོར་ཅི་རེད་ཅེས་དྲིས་ཚེ། ཁོ་མོས་ཀན་ན་ཅིག་ཡོད་པ་འདྲ་ཟེར་བཞིན་ང་ལ་འཇུས་བྱུང་། ངས་ཞིབ་ཏུ་བལྟས་པ་ན་དེ་ནི་ལམ་ནང་ན་འཕྲེད་དུ་སྦྲུལ་ཆེན་པོ་ཞིག་ནུར་ནས་འགྲོ་བཞིན་ཡོད་པ་དེ་རེད། དེའི་ཕྱིར་ང་ཚོས་དེའི་ཁ་ཕྱོགས་ལ་བརྟག་ནས་རྒྱང་སྐོར་ཏེ་སྦྲུལ་དེ་ལ་གཡོལ་བཞིན་སོང་བ་ཡིན།
ཕྱི་ཉིན་གནམ་ངོ་ཤིན་ཏུ་དྭངས་ལ་ཉི་མ་ཡང་རིམ་བཞིན་ཁོལ་ལ་བབས་ཏེ་དྲོད་ལམ་ལམ་བྱེད་པའི་དུས་ཤིག་ལ་ང་ཚོས་ས་གཙང་ཞིང་ཁམས་དྭངས་པའི་ཆུ་ཁ་ཞིག་ནས་ངལ་གསོ་ཞོར་ཇ་བསྐོལ་ནས་དུས་ཚོད་གཅིག་ལྷག་ལ་བསྡད་པ་ཡིན་ལ། སྐབས་དེར་ཇ་འཐུང་མ་ཐག་བུ་མོ་གཉིས་ཀས་ཆུ་ཁ་ནས་སྐྲ་གཙང་མར་བཀྲུས་ཏེ་བསླས། དུས་དེར་ངའི་མིག་ལམ་དུ་དབུ་སྐྲ་སླ་བཞིན་པའི་བུ་མོ་གཉིས་ལས་ཅུང་ཆེ་བ་དེ་ནི་ལྷ་མོ་ཞིག་ཏུ་སྣང་ཞིང་། ཁོ་མོས་སྟོད་ལྭ་ཡང་ཕུད་དེ་མགོ་དང་སྐེ། སྐྲ་ཡི་ཉག་མ་རེ་རེ་བཞིན་གཙང་མར་བཀྲུས་པ་མ་ཟད། ད་རུང་དུང་ལྟར་དཀར་ལ་ཅུང་ཙམ་འབུར་བའི་ནུ་མ་གཉིས་ཀྱང་ཡང་ཡང་ལག་པས་ཕུར་ཅིང་ཆུ་ཡིས་བཀྲུ་བཞིན་སྐྲ་གསེབ་ནས་ཟུར་མིག་གི་མདའ་མོ་རྣོན་པོ་ཞིག་ལྐོག་གཡོ་དང་བཅས་བདག་གི་སྙིང་ལ་འཕེན་པར་བྱེད། རྗེས་སུ་ང་ཚོ་དཀྱོག་ལམ་མང་བའི་ལ་ཁ་མཐོན་པོ་ཞིག་ལ་ཉིན་གང་བོར་འགོས་པ་ཡིན། ཕྱི་དྲོ་མུན་རུབ་ནས་མཛོ་སྒང་རྫོང་ལ་ཐོན་སོང་། རྫོང་མཁར་དེ་ནི་རི་སྒང་མཐོ་ས་ཞིག་ན་ཡོད་ལ་ཟླ་དགུ་བའི་ནམ་ཟླ་ཡང་ཧ་ཅང་འཁྱག་པས་ས་དེར་ཆུ་བོ་ལ་ཆབ་རོམ་ཀྱང་དཀར་ལམ་མེར་ཆགས་འདུག ཡིན་ན་ཡང་སྐབས་དེར་ང་ཚོར་ལག་དངུལ་ལྷག་མ་ཅི་ཡང་མེད་པས་མགྲོན་ཁང་ཞིག་ལ་ཡང་འདུག་མ་ཐུབ་པར་མཚན་མོ་དེར་གྱང་ཆག་ཅིག་ལ་རྒྱབ་བརྟེན་ཏེ་དེ་རུ་ཞག་འདུག་བྱས་པ་ཡིན་ལ། ནམ་མ་ལངས་གོང་གྲང་ནས་མ་བཟོད་པས་ང་ཚོ་ཡར་ལངས་ཏེ་ཉེ་ལོགས་སུ་བུད་ཤིང་བཙལ་དུ་སོང་རུང་འབུད་རྒྱུ་དགའ་རེ་མ་རྙེད། ཤོག་སྒམ་ལྟ་བུའི་གད་སྙིགས་རེ་རྙེད་ཚད་མེ་རུ་སྦར་ཅིང་དེ་ལ་ཁ་ལག་བསྲོས་ནས་ནམ་ལངས་ཐབས་བྱས་པ་ཡིན་མོད། འོན་ཀྱང་སྐབས་དེཙམ་ཞིག་ནས་ངའི་ཁོག་པ་ན་ཞིང་མགོ་བོ་གཟེར་ཏེ་རིམ་བཞིན་འགྲོ་འདུག་ཀྱང་བྱ་དཀའ་བར་གྱུར།
དེ་ནས་ནམ་ལངས་པ་ན་ང་རང་གི་སེམས་ལ་རང་ཉིད་འགྲོ་མི་ཐུབ་པས་ཁོ་མོ་གཉིས་ཀར་དལ་འགོར་མི་རུང་བསམ་ཏེ། ཁྱོད་གཉིས་ཀྱིས་ང་ལ་ཁ་ཡ་བྱ་མི་དགོས། མུ་མཐུད་སོང་དང་རྗེས་སུ་དྲག་བསྐྱེད་བྱུང་ན་ང་ཡང་ཡོང་ངེས་ཡིན་ཞེས་ཁོ་མོ་གཉིས་ལ་བཤད་པ་ན། བུ་མོ་ཆུང་བ་དེས་བསམ་བློ་ཅུང་ཙམ་བཏང་རྗེས། བུ་མོ་ཆེ་བ་དེར་འུ་གཉིས་འགྲོ་མ་གཏོགས་དལ་འགོར་བྱས་ན་ལོ་སར་སྔོན་ལ་ཕྱིར་ཕ་ཡུལ་དུ་ཐོན་རྒྱུ་མ་རེད་ཅེས་བཤད་དེ་ལམ་ལ་ཆས་གྲབས་བྱས་སོང་། ཡིན་ན་ཡང་སྐབས་དེར་བུ་མོ་ཆེ་བ་དེས་མགོ་བོ་འཕྲེད་ལ་གཡུག་ཞོར་ཁ་རོག་གེར་ཅུང་ཙམ་བསྡད་རྗེས་མིག་མཐར་མཆི་མ་འཁོར་ནས་ངུས་བྱུང་། ངས་ཚུལ་དེ་མཐོང་ནས་སེམས་འགུལ་ཐེབས་ཏེ་ཁོ་མོར་སེམས་གསོའི་ཚུལ་དུ་ཁྱོད་ཀྱིས་དེ་ལྟར་མ་བྱེད། ང་གནས་སྐབས་སུ་འགྲོ་མི་ཐུབ་ན་ཡང་སྐྱོན་ཡོད་མི་སྲིད། ཁྱོད་གཉིས་སོང་དང་ངས་འདི་ནས་ཉིན་འགའ་ལ་ངལ་གསོ་བྱས་ནས་མུ་མཐུད་དུ་ཡོང་ངེས་ཡིན། ཁྱོད་གཉིས་ཀྱིས་ང་ལ་བསྒུག་མི་དགོས་ཞེས་བཤད་པ་ཡིན། འོན་ཀྱང་མོས་སྔར་ལས་ལྷག་པར་ངུ་སྔངས་བྱེད་ཞོར་དུ་ངའི་ལག་མགོར་འཇུས་ཏེ། མིན། ཁྱོད་མ་དྲག་ན་ངེད་གཉིས་ཀྱང་མི་འགྲོ་ཁོ་ཐག་ཡིན། ང་ཚོས་མཉམ་དུ་ངལ་གསོས་ཏེ་འདི་ནས་ཉིན་ཁ་ཤས་ལ་འདུག་དང་ཁྱོད་དྲག་བསྐྱེད་བྱུང་ན་མུ་མཐུད་དུ་འགྲོ་ཟེར། དེ་ནས་ང་ལ་ཡང་བྱ་ཐབས་ཟད་དེ་དེ་ལྟར་བྱ་རྒྱུ་ཁས་བླངས་པ་ཡིན།
2015ལོའི་སྤྱི་ཟླ1པོའི་ཚེས26ཉིན།
འབྲེལ་ཡོད་འོས་སྦྱོར།