བྱ་མདོ་དོན་གྲུབ་ཚེ་རིང་གི《ན་བུན་ཁྲོད་ཀྱི་དབྱར་ཟླ》།
གཡུ་སྒང་རྩྭ་ཐང་གི་སྨུག་པ་སངས་སོང་།
དེ་ནི་ཁོའི་འཚོ་བ་ཞེས་པའི་སྒྱུ་རྩལ་གྱི་གྲིབ་གཟུགས་མངོན་པར་གསལ་བའི་དགའ་སྐྱོ་ཆགས་སྡང་གི་སྤང་ལྗོངས་ནེམ་པོ་དེ་མེ་ཡིས་གཞོབ་ཅིང་ཆུ་ཡིས་འཇིག་པ་དང་འདྲ་བྱུང་ལ།ཁོ་ད་སོ་མར་ཕྱིར་དྲན་གྱི་གྲོང་ལ་འཁྱམས་པའི་སྐབས་སུ་མངོན་ལྐོག་གང་རུང་ཞིག་ནས་ཅི་ཞིག་བོར་སོང་བ་འདྲ་བའི་ཚོར་སྣང་ཆ་མེད་དེ་དང་ཡང་འདྲ་བྱུང་།
ཁོས་ས་ངོས་ནས་བར་སྣང་གི་ཁམས་ལ་ཞེན་ཆགས་མ་ཐེག་པ་ལྟར་དལ་དལ་གྱིས་འཕྱུར་གྱིན་པའི་ན་རྗན་ལང་ལོང་དེའི་གསེང་ལ་ཅེར་ནས་བསྡད།ཁོས་རང་གི་སྣང་བའི་ཁྲོད་ཀྱི་འཚོ་བ་ལྟ་བའི་ན་རྗན་དེའི་ཁྲོད་དུ་ཧར་གྱིས་ཅེར་ནས་བསྡད།
ཁོས་ཅི་ཡང་མཐོང་མ་སོང་།ཅི་ཡང་མ་མཐོང་ལ་གང་ལ་ཡང་འདང་མ་ཕོག་པས།མཇུག་མཐར།རྒྱང་རིང་གི་རི་ཚོགས་མང་པོ་ཞིག་སྣོལ་སའི་ཉག་ག་ཞིག་ལ་སེམས་ཀྱི་དམིགས་པ་རྩེ་གཅིག་གིས་གཏད་ནས་བསྡད།འཚོ་བ་ནི་རྒྱང་རིང་གི་རི་ཉག་དག་ན་ན་བུན་བཞིན་ཕྱོགས་དང་ཕྱོགས་སུ་དམིགས་པ་མེད་པར་གང་འདོད་དུ་རླུང་གིས་སྤུར་ནས་འགྲོ་བའི་ན་རྗན་གན་དག་གི་ཆོས་ཉིད་དང་མཚུངས་པ་ཡིན་ནམ།ཁོས་དེ་ལྟར་རང་གིས་རང་ལ་ལན་མེད་པའི་དྲི་བ་ཞིག་དྲིས་ནས་བསྡད།ཁོས་རང་གིས་རང་ལ་ལན་མི་ཕོག་པའི་དྲི་བ་དེ་དག་ནི་མ་གཞི་ཅི་ཞིག་ལ་འདྲི་དགོས་བྱུང་སོང་ངམ།ཁོས་གཟུགས་མེད་ཀྱི་ཕྱིར་དྲན་རང་བཞིན་ལྡན་པའི་ཚོར་བ་ཟབ་མོ་ཞིག་ལས་ཅི་ཡང་ཪྙེད་ཐུབ་ཀྱི་ཡོད་པ་འདྲ་སྟེ། ཆར་བ་བབས་པའི་ཞོགས་པ་དེ་ནི་ཁོ་ཚོའི་སློབ་གྲྭར་དབྱར་གནང་བཏང་བའི་དུས་རེད་དེ།ཞོགས་པ་དེ་ནི་ཁོར་མཚོན་ན་དེ་འདྲའི་རླན་བཤེར་དང་ལྡན་ཞིང་།སེམས་ཀྱི་གཏིང་རིམ་ཡང་ནམ་ཡང་བརླན་པར་བྱས་འགྲོ་བ་ཞིག་ཡིན་པ་ཁོས་དེ་རིང་སྟེ། དབྱར་གནང་བཏང་རྗེས་ཀྱི་དེ་རིང་གི་གཡུ་སྒང་རྩྭ་ཐང་ནས་མ་གཏོགས་ཤེས་མ་སོང་།ཞོགས་པ་དེ་ནི་ཁོས་རང་གི་སེམས་ཀྱི་གཏིང་སར་ལྷུང་བའི་མཛེས་སྡུག་དང་དུངས་སེམས་ཀྱི་སྒྱུ་རྩལ་རྨད་དུ་བྱུང་བ་ཞིག་ལ་ཆེས་མཐའ་མཇུག་གི་གྱེས་བརྡ་བཏང་བའི་ཞོགས་པ་ཞིག་་ཡིན་པའང་ག་ལ་ཤེས་ཏེ།དེ་རིང་རྒྱང་རིང་གི་འབྲོག་ཐང་དེ་ནས་འབྱོར་བའི་མོའི་འཕྲིན་ཐུང་དེའི་རྗེས་ནས་མ་གཏོགས་ཚོར་མ་བྱུང་།
དབྱར་གནང་བཏང་རྗེས་ཀྱི་ཞོགས་པ་དེར། ཁོས་སྔ་མོ་ནས་རང་ལ་བཟོས་ཡོད་པའི་འཆར་གཞི་དེའི་ཆེད་དང་། དབྱར་གནང་གི་འཚོ་བ་ཞེས་མིང་གིས་ཁྱེར་ན་ཆེན་པོ་ཞིག་ཆགས་ཡོད་ནའང་། དོན་གྱི་ཐོག་ཏུ་བཞག་ན། དོན་ངོ་མས་རིན་ཐང་མེད་པ་ལྟ་བའི་མྱི་ཁ་ཞིག་ལ་གཡོལ་ཆེད་ཡིན་ཏེ།ལོ་འདི་དག་གི་རིང་ལ་ཁོའི་ཕ་ཡུལ་གྱི་ལུང་བ་ཆུང་ཆུང་དེ་རུའང་་སྔོན་ཆད་དར་མ་མྱོང་བའི་བཤད་སྲོལ་ཞིག་ཆགས་ཡོད་པར་མ་ཟད། དེ་ནི་ཁོའི་ཕ་ཡུལ་གྱི་ཁ་རྒན་དར་གཞོན་གསུམ་སུ་ཡིན་ཡང་ཤེས་ཀྱང་མི་ཤེས་རུང་།གང་ལྟར། དེའི་ཕྱོགས་ནས་ཁོག་དཔུང་རྩོད་ཁོ་ཐག་ཡིན་པའི་ལས་འགུལ་གྱི་རླབས་རྒྱུན་ཞིག་ལངས་འགོ་བརྩམས་ཡོད། དེ་ནི་དུས་རབས་ཀྱི་འཕོ་འགྱུར་དང་ཚན་རིག་གི་རླུང་འཚུབ་དྲག་པོས་སྡེ་གྲོང་འདིའི་མིའི་རིགས་ཀྱི་ཞི་འཇགས་ཀྱི་བསམ་བློའི་མཚོ་ངོགས་དལ་གྱིས་གཡོས་པས་ཡིན་ནམ། གང་ལྟར། ཁོས་ཤེས་པའི་མི་ལོ་བཅུ་ཕྲག་ཁ་ཤས་ཀྱི་ཡར་སྔོན་དུ། ལྷིང་འཇགས་དང་ཁུ་སིམ་གྱི་གཏིང་དུ་ལྷུང་བའི་ལུང་བ་ཆུང་ཆུང་འདིའི་ཡུལ་མི་ཀུན་གྱིས་ཀྱང་ད་ནི་དཔེ་ཆ་དང་བསམ་གཞིག་གི་ལམ་ཁར་བསྙེག་ནས་ཙག་རླུང་དང་གངས་སྨུག་གི་བཙན་འཛུལ་ལས་ཐར་འདོད་པའི་སེམས་བྱུང་ལང་ལོང་གི་ཧྲག་བར་ནས་ཚེ་སྲོག་གི་སྤང་ལྗོངས་སུ་འཕྲོས་པའི་ཆོས་ཉིད་ཀྱི་འོད་སྣང་ཞིག་མཐོང་གིན་ཡོད་པ་དང་ཡང་འདྲ་བྱུང་སྟེ།ལུང་བ་དོག་པོ་དེར་འཚོ་ཞིང་གཞིས་པའི་ཁོའི་ཕ་ཡུལ་གྱི་ཡུལ་མི་ཀུན་གྱི་ཁ་ན་མ་ནི་ལྟར་བགྲང་བ་དང་ཆུ་ཀློང་ལྟར་བརྡོལ་གྱི་ཡོད་པ་ནི་སུ་ཚང་གི་སློབ་མ་སུ་ཞིག་གིས་སློབ་ཆེན་ག་འདྲ་ཞིག་ཏུ་རྒྱུགས་འཕྲོད་སོང་བ་དང་། འཕྲོད་ནས་ཀྱང་ལས་གནས་གང་འདྲ་ཞིག་ན་ལས་ཀ་ཅི་འདྲ་ཞིག་གཉེར་གྱི་ཡོད་པ།ལས་ཀ་ཅི་འདྲ་ཞིག་གཉེར་ནས་ལས་ཕོག་ཅི་ཙམ་ཞིག་ རེག་གིན་ཡོད་པ་སོགས་མ་ནི་ཁང་དང་ཆུ་ཁ་རྐ་ཁ་གང་རུང་ནས་ཚ་འདྲི་གཏིང་འདྲི་བྱས་ཏེ་གསལ་བོ་དག་པོར་ཤེས་སུ་འཇུག་པས།གལ་སྲིད་སྡེ་བ་འདིའི་སློབ་ཆེན་སློབ་མ་ཞིག་ཡིན་ཕྱིན།དབྱར་དགུན་གནང་གི་སྐབས་སུའང་།དགོན་སྡེ་སོགས་སུ་སློབ་སྦྱོང་ལ་མི་འགྲོ་བར་ཕྱིར་ཕ་ཡུལ་དུ་ལོག་ནས་འགྲོ་བདེ་འདུག་ཐབས་བྱས་ན་སྡེ་མི་ཀུན་པོས་ཐན་ཞིག་བཤད་པའམ།ཡང་ན། དེ་ཚང་གི་སློབ་མ་དེ་མ་རབས་ཐ་ཤལ་ཞིག་རེད་ཟེར་བ་སོགས་སྐྱིད་པོ་ཞིག་འདུག་ཐབས་མེད་པས། རྒྱུན་པར་སློབ་གྲྭ་ནས་ཁོའི་སེམས་ལ་འདོད་པའི་དངོས་གྲུབ་སྩོལ་མཁན་གྱི་ལྷ་མོ་ཡིན་ཞེས་མོ་མ་གཏོགས་ཅི་ཡང་མི་མཁོ་བའི་ཁོ་ཡང་དབྱར་གནང་གི་སྐབས་སུ་ཕ་ཡུལ་དུ་ལོག་སྲོལ་་ཞིག་གང་ན་ཡོད་དམ། དེ་བས། ཁོས་ཀྱང་དབྱར་གནང་བཏང་བའི་ཞོགས་པ་དེར། ཉིན་འགའི་སྔོན་ནས་གྲ་སྒྲིག་བྱས་ཡོད་པའི་སེམས་ཀྱི་རྩྭ་ཐང་དེར་ལོག་གྲབས་བྱས། དབྱར་གནང་བཏང་བའི་ཞོགས་པ་དེའི་ཁོ་ནི་དེ་རིང་གི་གཡུ་སྒང་རྩྭ་ཐང་ན་ཐབས་ཟད་འུ་ཐུག་ཏུ་གྱུར་བའི་ཁོ་དང་གཏན་ནས་འདྲ་བོ་བྱུང་ཡོད་མི་སྲིད།ཞོགས་པ་དེའི་ཞི་འཇགས་ཀྱི་ངོས་སུ་ཁོ་དང་མོ་གཉིས་ཀྱི་མཉམ་གཤིབ་ཀྱི་གཟུགས་རིས་དང་། མཁའ་དབུགས་དྭངས་མོ་དེའི་གཏིང་དུ་ནུབ་པའི་ཁོ་གཉིས་ཀྱི་སེམས་ཁོང་གི་སྨོན་འདུན་གྱི་འབོད་པའང་འཁོར་ཡོད་ངེས། ཞོགས་པ་དེའི་ཁུ་སིམ་ཁྲོད། ཁོའི་ཁ་གཏད་དུ་ཀྲོང་ངེར་ལངས་ཡོད་པའི་མོས།མིག་གི་གཏིང་དུ་སྦས་ཡོད་པའི་འོད་མདངས་དེ་ལས་ཁོ་ལ་ཅི་ཞིག་བཤད་ཡོད་པ་སུས་ཀྱང་དཔག་དཀའ་མོད། དེ་རིང་ཁོས་གཡུ་སྒང་གི་རྫ་ཁ་དེ་རུ་ལུག་འཚོས་ནས་བསྡད་ཡོད་སྐབས་ཁོར་འབྱོར་བའི་མོའི་འཕྲིན་པ་དེ་ལས་རྗེས་སུ་དཔག་ཐུབ་སྟེ། ཁོས་ཕར་ལ་བཏང་བའི་འཕྲིན་ལན་དེ་ཡུན་རིང་ཞིག་ལ་འབྱོར་བ་མ་བྱུང་། དབྱར་གནང་བཏང་བའི་ཞོགས་པ་དེར། ཁོས་མོ་ལ་འགྲོ་རོགས་བྱས་ཏེ་སྲང་ལམ་ཞིག་གི་་བཞི་མདོ་རུ་ཐོན་རྗེས། མོས་ཅི་ཡང་མི་བཤད་པར།ཡ། ད་དེ་བྱོས། རྗེས་ནས་ད་དུང་ཐུག་ནི་རེད།ཅེས་བཤད་རྗེས། ནུབ་ཀྱི་ཕྱོགས་སུ་སུ་ཞིག་གི་འཁྲེང་ཞེན་གྱི་རིང་ཐུང་ལོས་ཡིན་སྙམ་པར་ནག་ཤུར་སེར་འཐེན་ནས་ཡོད་པའི་གཞུང་ལམ་དེ་དེད་ནས་རླངས་འཁོར་ས་ཚིགས་ཀྱི་ཕྱོགས་སུ་དལ་བ་དལ་རྗར་རྗད་སོང་།ཁོས་གྲོང་ཁྱེར་གྱི་ གཞུང་ལམ་སྟེང་དུ་མཐོན་པོར་བརྩིགས་ཡོད་པའི་ཟམ་པ་དེའི་ཀླད་ནས་ཁོ་དང་བར་ཐག་འོས་འཚམ་ཞིག་ཕྱེས་ཡོད་པའི་ཁོ་མོའི་རྗེས་སུ་ཅེར་ཙམ་བྱས་རྗེས།ཕ་ཡུལ་ནས་ཐོན་ཡོད་པའི་ཁོའི་གྲོགས་པོ་དེ་སྣེ་ལེན་བྱེད་དུ་སོང་།སྤྱིར་ཁོའི་ཕ་ཡུལ་གྱི་ལུང་བ་དོག་པོ་དེ་རུ་མི་མང་ཆེ་བས་ཕྱུགས་ཟོག་འཚོ་བ་དང་ཞིང་ལས་གཉེར་བ།ཚོང་ལས་ཙག་ཙིག་གཉེར་བ། དབྱར་རྩྭ་དགུན་འརྗ་རྐོ་བ།ཞོར་ལས་གཉེར་བ་སོགས་ལ་བརྟེན་ནས་ཁ་གསོ་ཐབས་བྱེད་ཀྱི་ཡོད་པས། ཁོའི་ཡུལ་གྲོགས་དེའང་ཕྱི་རུ་ཚོང་གཉེར་ལ་འགྲོ་ཡི་ཡོད་པར་གདོན་མི་ཟ། གང་ལྟར་ཀྱང་ཐེངས་འདིར།ཁོའི་ཡུལ་གྲོགས་དེ་ཡང་དགོས་དབང་གིས་བླ་བྲང་སོགས་ས་ཆ་མང་པོ་ཞིག་ལ་ཚོང་ལས་སྤེལ་དུ་འགྲོ་ཡི་ཡོད་པ་དེ་ ཁོས་དབྱར་གནང་གི་དུས་ཚོད་བེད་སྤྱད་ནས་སྟོད་ཀྱི་རྩྭ་ཐང་ཆེན་པོ་དེ་རུ་འགྲོ་ཡི་ཡོད་པ་དང་ཁེལ་བྱུང་། ཉིན་འགའི་སྔོན་ནས་ཁོའི་གྲོགས་པོ་དེས་ཁོ་ལ་ཞུ་བ་བྱས་ཏེ་ཐེངས་འདིར་ཚོང་ཞིག་བརྒྱག་རོགས་བྱེད་དགོས་ཞེས་པའི་ཞུ་བ་དེའི་ངོ་ཁོས་ཟློག་མ་ཐུབ་པས། དབྱར་གནང་བཏང་བའི་ཞོགས་པ་དེར་ཁོས་རང་གི་ཚོར་བའི་ཟབ་སར་ལྷུང་བའི་རྨད་བྱུང་མཛེས་སྡུག་གི་བདག་ཉིད་ཅན་གྱི་མོ་རང་སྐྱེལ་མ་བྱས་རྗེས།ཡུལ་གྲོགས་དེར་འགྲོགས་ནས་རྨ་ལྷོའི་ཕྱོགས་སུ་ཆས་སོང་། ཁོའི་ཡུལ་གྲོགས་དེ་ས་ཆ་ཐག་རིང་ལ་སྤྱིར་ནས་འགྲོ་མ་མྱོང་བས་ལམ་བར་ཧྲིལ་བོར་ཁ་བརྡ་ཡར་མར་མང་པོ་བྱས་ནའང་།ཁོ་དེ་དག་ལ་སྤྲོ་སྣང་ཆེར་བྱུང་གི་མེད་པ་འདྲ་སྟེ།ཁོས་ནམ་ཞིག་ཡིན་པ་མི་དྲན་མོད། དུས་ཤིག་ནས་རང་སེམས་སུ་དམ་པོར་བརྐོས་མྱོང་བའི་འདོད་དོན་ཞིག་འགྲུབ་པར་སེམས་གཏིང་ན་སྐྲག་གིན་འདུག མོ་དང་གཏན་འགྲོགས་བྱ་མ་ཐུབ་ན་ཅི་བྱའམ་ད་ནི་ཅི་ཞིག་བྱས་ན་བཟང་ངམ་སྙམ་བཞིན་ཁོའི་ཡུལ་གྲོགས་ཚོང་བ་དེའི་གདོང་ལ་ཟུར་ལྟས་ཤིག་བྱས་ཤིང་། ཁོ་གཉིས་ཀྱི་མདུན་ན་ནག་རོག་གེར་བང་གིས་རྒྱུག་ནས་འགྲོ་བཞིན་པའི་སྤྱི་འཁོར་དེའི་རྗེས་ལ་ཅེར་ནས་བསྡདགློ་རྗར་དུ་ཁོའི་ཁ་པར་དུ་བརྡ་འཕྲིན་ཞིག་འབྱོར་སོང།དེ་ནི་གཞན་སུ་ཡང་མ་ཡིན་པར་ཁོའི་མཁའ་་འགྲོ་མར་གྱུར་མྱོང་བའི་མོ་རེད།