logo

བསེ་ཀུན་དོང་གི《དོ་ནུབ་ང་འུག་པ་ཡིན》

རྩོམ་པ་པོ།:བསེ་ཀུན་དོང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-10-04 ཀློག་གྲངས།:

དོ་ནུབ་ང་འུག་པ་ཡིན
མཚན་མོ་འདི་མཚན་མོ་རྒྱུ་བའི་འགྲོ་བ་ལ་དབང
ཁྱེད་ཀྱིས་མུན་ནག་ཐམས་ཅད་སྤྱོད་ཁང་དུ་སྒོམ་དུས
མུན་པ་ནི་ངའི་འཇིག་རྟེན་ཡིན་པ་ཚོར་གྱིན་མེད་པ་འདྲ

དོ་ནུབ་ང་འུག་པ་ཡིན།
མུན་པས་ངའི་མིག་དབང་བརྒྱན་ཡོད
ཁྱེད་ཀྱིས་མུན་པ་གྱོན་ནས་མ་བྱིན་ལེན་དུས
མཚན་མོ་འདི་ང་ལ་དབང་བ་བརྗེད་ཟིན་པ་འདྲ

དོ་ནུབ་ང་འུག་པ་ཡིན
ང་རང་རྔམས་མཐུག་པའི་སྨག་རུམ་ལ་དགའ
ཁྱེད་ཀྱིས་མཚན་མོ་ཡོད་ཚད་ལོངས་སྤྱོད་དུ་རློམ་དུས
དོན་ངོ་མར་མུན་པ་ལ་དུངས་མཁན་དེ་ང་མིན་པ་འདྲ

དོ་ནུབ་ང་འུག་པ་ཡིན
ངས་ནམ་ཡང་མུན་ནག་ལ་རེ་བ་ཡིན
ཁྱེད་ཀྱིས་མཚན་མོ་ལ་རེ་བའི་ཡ་ཆུང་ཁྲག་གིས་གཤེར་དུས
ངའི་མིག་མཐའ་ན་འཁྱིལ་བ་མཆུ་མ་ཙམ་ཡིན་པ་འདྲ

དོ་ནུབ་ང་འུག་པ་ཡིན
ངའི་ལས་དབང་མུན་པ་ལ་བཅོལ་ཡོད
མུན་པས་ཁྱེད་ལ་བསྩལ་བའི་སྙན་གྲགས་ལ་གཞིགས་དུས
མུན་པ་འདི་ཡང་འདྲ་མཉམ་ཞིག་མིན་པ་འདྲ

དོ་ནུབ་ང་འུག་པ་ཡིན


འབྲེལ་ཡོད་འོས་སྦྱོར།