logo

འབུམ་ཕྲག་གི་བཅད་རྩོམ་ཁག་བཞི།

རྩོམ་པ་པོ།:འབུམ་ཕྲག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-09-18 ཀློག་གྲངས།:

             ཚོར་བའི་བཞུར་རྒྱུན།
              དུས་ཚོད།
དུས་ནི་མེ་ལྕེ་ནག་པོ་ཞིག །
ཡང་ན་རྡུལ་གྱི་ཐག་པ་ཞིག །
བསམ་ན་ཅི་ཡང་ཤོང་པ་ཅན། །
              ཆེས་རིང་བའི་བར་ཐག
གཞན་དེས་ང་རང་རྟོགས་ན་ཡང་། །
ང་ཡིས་གཞན་དེ་མི་རྟོགས་པ། །
ཡང་ན་གཞན་དེ་རྟོགས་ན་ཡང་། །
གཞན་དེས་ང་རང་མི་རྟོགས་པའོ། །
              བདག་སྒྲ།
འཇིག་རྟེན་དེ་ན་བདག་སྒྲ་མང་། །
འཇིག་རྟེན་འདི་ན་རིགས་མཐུན་མང་། །
སྙན་ངག་པ་དང་སྨད་འཚོང་མ། །
སྙན་ངག་པ་དང་ཚན་རིག་པ། །
སྙན་ངག་པ་དང་སངས་རྒྱས་པའོ། །
              རྒྱབ་གཟུགས།
ང་ཚོས་གང་ཞིག་བརྟོལ་བ་དེ། །
དོན་གྱིས་རྒྱབ་གཟུགས་རྙེད་པ་ཙམ། །
ཇི་སྙེད་ཁོང་དུ་བརྩེགས་པ་ཡང་། །
ཡང་སྙིང་རྒྱབ་གཟུགས་རྒྱབ་གཟུགས་ཙམ། །
ཅི་ཡང་མཁྱེན་མདོག་ཁ་པོ་ཡང་། །
ཡང་ཏིག་རྒྱབ་གཟུགས་བསྟན་པ་ཙམ། །
              ཀློག་པ་པོ།
ཚིག་གི་ཤེལ་ལེབ་ནག་པོ་དག །
ཚོར་བའི་འབུ་ཕྲ་བརྩིགས་པས་ཡིན། །
དེ་ཡི་གསེང་གི་རྒྱུ་སྐར་ཚོགས། །
རྟོག་པ་རྒོད་པོས་གཏོར་བས་ཡིན། །
དེ་ན་རས་སྣོད་ཆེན་པོ་ཞིག །
བཟུང་བའི་སྤྲང་བོའི་འདུ་ཤེས་ཅན། །
འཛེད་དེ་རེ་རེ་འཐུ་ཤེས་ཅན། །
              གཏིང་།
བརྗོད་འདོད་ཤིན་ཏུ་དྲག་ན་ཡང་། །
ལྷུག་པོར་ཕྱུང་ཐབས་མི་འདུག་ལ། །
ཡང་ན་རགས་ཙམ་ཡོང་ན་ཡང་། །
དེ་ཡིས་རང་གི་སྐོམ་མི་གསོད་པ། །
གཏོལ་མེད་གྱུར་བའི་སྐབས་དེ་དག །
སུས་ཀྱང་བཟོད་བསྲན་མི་བཏུབ་ན། །
དེ་ནི་གཏིང་གི་ཡང་གཏིང་ན། །
གཏིང་གི་མཛེས་པ་བཞུགས་པ་མཚོན། །
              བརྒྱ་ལ།
ཉི་མ་ནུབ་ནས་མི་འཆར་ལ། །
ཟླ་བ་ཤར་ནས་མི་ནུབ་མོད། །
བརྒྱ་ལ་དེ་འདྲ་བྱུང་གྱུར་ན། །
ངས་ཀྱང་འདི་ལྟར་སྨོན་སྲིད་དེ། །
དུས་ནི་གཏན་དུ་ཁེགས་པར་ཤོག །
ང་ལ་སུན་སྣང་མི་བཟོ་རོགས། །
སེམས་ནི་གཞར་ཡང་འཇགས་པར་སྨོན། །
ང་ལ་འཕྱོ་ལྡིང་མི་དགོས་ཏེ། །
ཅི་ཡང་བསམ་བྱ་མེད་པར་ཤོག །
              མན་ངག་ཅིག
སེམས་འདི་འགལ་བའི་སྣོད་གྱུར་ན། །
གང་ལ་འཇུས་ཡང་དེ་མིན་པའི། །
སོ་སོ་ཆད་པའི་ཡིད་རེ་འབྱུང་། །
དེ་ཚེ་མྱུར་བར་ཞིག་འདོད་ཀྱང་། །
གཟས་ནས་ཞི་བར་མི་འགྱུར་ལ། །
ལྷག་ཏུ་འཁྲུག་ནས་གཟེངས་པར་གྱུར། །
འོན་ཏེ་ཚོར་ཞིང་སྣང་བ་དག །
ཡི་གེའི་རིས་སུ་དབབ་དང་ན། །
བྲང་གའི་ཚ་རླབས་སྨུག་པོ་འདི། །
རེ་ཞིག་འཇགས་པའི་བདེ་ཞིག་འབྱུང་། །
              ངའི་འཚོ་བ།
རྐང་ལམ་སྐྱ་མོའི་ཐལ་རྡུལ་དག །
མིག་གིས་ཟོས་ནས་མིད་པ་ཡིན། །
ཉི་མའི་འོད་ཟེར་ཕྲ་མོ་དག །
ནུས་ཚོས་འགའ་ཙམ་བཏུས་པ་ཡིན། །
མཁའ་ལ་རླུང་གིས་ཁུར་བ་དག །
རེ་ཙམ་ཞགས་པས་བཟུང་བ་ཡིན། །
གཞན་གྱི་གད་སྙིགས་གྱུར་བ་ཡང་། །
ལ་ཤས་གཅེས་ནོར་བསགས་པ་ཡིན། །
ཁྱོད་ཀྱིས་བཤད་པའི་གཏམ་རྒྱུད་ལས། །
རང་གི་ལེ་ཚན་བཙལ་བ་ཡིན། །
མེ་ལོང་ཆག་པོ་བསྒྲིགས་པ་ཡིན། །
              རྨི་ལམ་གཞན་ཞིག
ནམ་མཁའི་ཉི་མ་སེར་པོ་དེ། །
གློ་བུར་བྲུལ་ཞིང་ས་རུ་འཐོར། །
ཁུད་ཀྱི་སྤྲིན་པ་དཀར་པོ་ཡང་། །
ཐང་དུ་ལྷུང་སྟེ་རྡུལ་ལ་འཐིམ། །
རི་རྒྱལ་ལྷུན་པོ་རྒོད་པོ་དག །
འགྱིག་ལྒང་བཞིན་ཏུ་རླུང་གིས་ཁུར། །
ཀླུང་གི་གཙང་བོ་རིང་མོ་ཡང་། །
ཐག་པ་ཆད་པོ་བཞིན་ཏུ་གྱུར། །
དེ་དུས་ཆར་བ་འཇམ་པོ་ཞིག །
གདོང་ལ་བྲན་ན་བསམ་ན་ཡང་། །
རང་ལུས་སྡོང་སྐམ་འདྲ་བ་འདི། །
ཚག་སྒྲ་དང་བཅས་འབར་སོང་ངོ་། །

2014ལོའི་ཟླ5པའི་ཚེས6ཉིན་འགྲུབ།

འབྲེལ་ཡོད་འོས་སྦྱོར།