གཡུ་སྲས་ཀྱི་སྙན་ངག་ཚོམ་བུ།
རྩོམ་པ་པོ།:གཡུ་སྲས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-07-27
ཀློག་གྲངས།:
གཟའ་ཉི་མའི་ལབ་གླེང་།
པོ་ཏ་ལའི་རྡོ་ཐེམ།རྡོ་ཐེམ་འདི རྡོ་བ་དང་བྱེ་ཟེགས་ཀྱི་རུས་ཚགས་བརྡུངས་ཏེ་གྲུབ་ཅིང
རྡོ་ཐེམ་འདི སྨྲ་བརྗོད་ཀྱིས་མི་ཟིན་པའི་ཚོར་བའི་མེ་ལྕེ་བུས་ནས་གྲུབ
རྡོ་ཐེམ་འདི སྨྲེང་སེམས་སྐྱ་བོ་ཞིག་དང་འགྲོགས་ཏེ་ལོ་རྒྱུས་ཀྱི་རབ་ཁར་གཡེངས་ཤིང
གྲུ་བཞི་ཤོ་ལྟར་བརྩིགས་པའི་རྡོ་བའི་ཚོགས་ལས་སྔོན་གྱི་བྱུང་བ་བཞུར་ཡོང
འབྲས་སྤུངས་དགོན་གྱི་ཆེ་ཆུང་དང་མང་ཉུང་།
དགོན་སྡེ་འདི རི་རྐེད་ཅིག་ཏུ་ཆགས་པར་ལོ་རྒྱུས་མང་པོ་ཡོད་དམ
དགོན་སྡེ་འདིར གནས་ཆུང་ཆོས་སྐྱོང་གི་མེ་ལོང་ཡོད་ཟེར་བ་བདེན་ནམ
དགོན་སྡེ་འདིར སྙན་ངག་གི་ལེགས་སྐྱེས་རེ་ཕུལ་ན
འབྲས་སྤུངས་དགོན་པའི་ཆེ་ཆུང་ནི་དེ་རིང་གི་ནམ་མཁའ་བཞིན་ཡངས་ཤིང
གྲྭ་བཙུན་དག་གི་མང་ཉུང་ནི་དེ་རིང་གི་དྭངས་གཙང་བཞིན་ཉུང་ངོ
ཕ་བོང་ཁའི་སྨུག་པ།
སྨུག་པ་གྱ་གྱུ སུ་ཞིག་གི་ངུས་མ་ཚར་བའི་མིག་ཆུའི་སྐེ་རྒྱན་དང་འདྲ་བར
དེ་རིང་ཡང་ཕ་བོང་ཁའི་རི་རྩེ་ཕྱི་ནང་མེད་པར་བཏུམས་འདུག
ལྷིང་འཇགས་ཀྱི་བསྟི་གནས་འདིར དུར་ཁྲོད་ཀྱི་རྒོད་པོ་སྲུང་བཞིན
བསང་མེའི་དུ་བས་ཕ་བོང་དག་བརྒྱན་ཞིང
དར་ལྕོག་གི་མདུད་པས་བསང་ཁྲི་བཏེགས་ཏེ
སྨུག་པ་དང་སྨུག་པའི་བར་སྣང་བརྟོལ་བར་བལྟས་ན
ང་རང་ཕ་བོང་ཁའི་སྨུག་པར་མཇལ་དུ་ཡོང་བ་དང་མཚུངས
སེ་རའི་ཟམ་ཟིམ་གྱི་ཆར་བ།
སེ་རར་བསྐྱོད་དུས ཟམ་ཟིམ་གྱི་ཆར་བས་ང་ཡི་སྙིང་ཁོང་བརླན་བྱུང
ང་དང་ངའི་གྲོགས་པོའི་སྟ་གོན་མེད་པའི་སེམས་པའང་བརླན་བྱུང
སེ་ར་དགོན་པ་ནི བཟོ་བཀོད་དང་རྒྱ་ཕིབས་མཛེས་ཤིང
མཇལ་བ་སྐར་ཚོགས་ལྟར་མང་བའི་དགོན་སྡེ་ཞིག་རེད
དགོན་སྡེ་འདིར གཟའ་ཉི་མའི་མཐོང་ཐོས་དང་ཟམ་ཟིམ་གྱི་ཆར་བ་གླེང་ཞོར
སྤྱི་སྤྱོད་རླངས་འཁོར་ཨང་རྟགས་ཉེར་བཞི་བར་བསྡད་པ་ནི
སེ་ར་དགོན་ལ་ཕྱིར་མིག་ཅིག་འཇོག་མ་འདོད་པའི་རྐྱེན་གྱིས་ཡིན་ནམ
གང་ལྟར ང་དང་ངའི་གྲོགས་པོ་གཉིས་ཀར་བཤད་རྒྱུ་ཅི་ཡང་མི་འདུག
མཚན་ཕྱེད་ལ་རྩིས་འཁོར་གྱི་ཕབ་གཞུང་བསྒུལ་དུས།
༡
མཚན་ཕྱེད་ལ་རྩིས་འཁོར་གྱི་ཕབ་གཞུང་བསྒུལ་དུས
ནམ་གུང་གི་ལྷིང་འཇགས་སྲུང་མཁན་གྱི་རང་ཉིད་ནི་དམག་མི་ཞིག་དང་འདྲ་ཡོང་སྙམ
ཕྱི་རོལ་དུ་སྐྱ་ཧྲལ་ཧྲུལ་གྱི་ནམ་མཁའ་ཧྲིལ་བོ་དུ་སྨུག་དང་འདྲེས་ཤིང
མཐོ་རུ་གཟེངས་པའི་གྲོང་ཁྱེར་གྱི་ཁང་བརྩེགས་ཀྱི་རྩེ་མོ་དེའང
མུན་ཁྲོད་ཀྱི་གར་མ་ཞིག་དང་འདྲ་བར་སྒམ་ཞིང་བརླིང
གྲོང་ཁྱེར་ལན་གྲུའི་རུམ་ཁར་འདས་པའི་ལོ་ངོ་བདུན
ད་ནི་འདུ་འབྲལ་གྱི་སྐྱོ་གཏམ་རྫོགས་མེད་ཅིག་དང་ལྷན་དུ་བསྐྱུར་དགོས་སྙམ
ལོ་ངོ་བདུན ཉི་མ་དང་ཟླ་བ་མི་མཐོང་བའི་གྲོང་ཁྱེར་ཞིག་ཏུ་ལུས་སོང
རྨི་ལམ་གྱི་ལྷ་མོ་དེའང་སླེབས་འཕྱི་བའི་དཔྱིད་ཀྱི་ཚིགས་མལ་ནས་རྙེད
མངར་སྐྱུར་ཁ་གསུམ་གྱི་འཚོ་བའི་རོ་བྲོ་སྣ་ཚོགས་གྲོང་ཁྱེར་འདིའི་ཕང་བར་སྟོར་དུས
ཐོབ་ཤོར་དང་དྲན་གཞིག་གི་མེ་ལོང་དུམ་བུ་སྟོང་དུ་གས་ཤིང
སྟོང་བསམ་དང་ཕུགས་འདུན་ཡོད་ཚད་རྨི་ལམ་གྱི་གོ་རིམ་ཞིག་ལ་འཐིམས
ཐོག་མའི་སེམས་ཀྱི་སྟ་གོན་དེའང་རླུང་བུ་ཞིག་དང་ཇི་འདྲའི་མཚུངས
༢
མཚན་ཕྱེད་ལ་རྩིས་འཁོར་གྱི་ཕབ་གཞུང་བསྒུལ་དུས
ལོ་ངོ་འདི་དག་ལ་སེམས་པའི་གཞུང་དུ་བྲིས་པའི་བདེ་སྡུག་གི་རི་མོ
རྨི་ལམ་གྱི་གཞུང་དུ་བཏབ་པའི་རེ་ལྟོས་ཀྱི་ལྗང་མྱུག
སུ་ཞིག་གི་མིག་ཀོང་དུ་ལུས་པའི་མཆི་མ་ཕོར་གང་དང་ལྷན་དུ
དགུན་ཟླ་ར་བ་འདིའི་སེམས་ངོགས་ནས་གྱ་གྱུར་ལུས
རེ་སྒུག་ནི་འདི་ལྟར་དུས་ཚོད་ཀྱིས་དམར་གསོད་བཏང་བ་ཡིན་ལ
མངོན་སུམ་དེའང་འདི་ལྟར་དུས་ཚོད་ཀྱིས་རྨེག་མེད་དུ་ཟོས་པ་རེད
མཚན་ཕྱེད་འདིར མི་སྐད་སྨྲ་མི་ཤེས་པའི་རྩིས་འཁོར་འདི་ཁོ་ན
ངའི་ལག་ཟུང་གི་དལ་མགྱོགས་དང་བསྟུན་ནས་ངུ་ཞིང
མི་ཕོ་ཞིག་གི་དྲན་གཞུང་དུ་བདལ་བའི་རྨ་ཁའི་ན་ཟུག་འཐུ
མཚན་ཕྱེད་ལ་རྩིས་འཁོར་གྱི་ཕབ་གཞུང་བསྒུལ་དུས
སྡུག་བསྔལ་གྱི་ངོ་བོར་ཁྱོད་དང་ང་ལ་དབྱེ་བ་མི་འདུག
༣
མཚན་ཕྱེད་ལ་རྩིས་འཁོར་གྱི་ཕབ་གཞུང་བསྒུལ་དུས
ལོ་རྒྱུས་ཀྱི་ངོ་གདོང་དུ་བབས་པའི་ས་རྡུལ་རེ་རེ
སྤྲེའུ་བྱང་ཆུབ་དང་བྲག་སྲིན་མོའི་མིག་ཆུ་རེ་རེར་འཁྲུལ་སོང
མཚན་ཕྱེད་ལ་རྩིས་འཁོར་གྱི་ཕབ་གཞུང་བསྒུལ་དུས
དྲན་གཞིག་གི་གཞུ་མོ་ཇི་ལྟར་བཀུགས་ན་དྲན་པ་དེ་ལྟར་རྒྱས་ལ
སྡོམ་རྒྱ་ལྟ་བུའི་དྲི་བ་སྣ་ཚོགས་ཀྱང་ཐོལ་ཐོལ་དུ་འཕྱུར་ཡོང་ཞིང
མཛའ་མོར་གྱེས་པ་ལྟ་བུའི་སྣང་བ་གཞན་ཞིག་གིས
ངའི་ངག་སྒོ་ཡོད་ཚད་སླར་ཡང་དམ་པོར་བསྡམས་སོང
ཧེ་ཙི ཁྱོད་ཀྱི་སྙན་ངག་རྒྱང་རིང་ན་ཡོད།
-རྒྱའི་སྙན་ངག་པ་ཧེ་ཙི་བཀླགས་པ།
ཧེ་ཙི དོ་ནུབ་ངས་ཁྱོད་ཀྱི་རྒྱང་རིང་གི་སྙན་ངག་དེ་འཚོལ་གྱིན་ཡོད
ཨ་མའི་རུམ་ཁ་དང་བྲལ་བའི་ཡུལ་གྱར་བ་དག་གིས རྒྱང་རིང་ནས
སྙིང་ཁོང་གི་གདུང་བ་འབོད་པ་རུ་གྱེར་ངེས་པའི་རྒྱང་རིང་དེ
སེམས་ཀྱི་གྲོ་ནས་བཞིན་ཞིང་ཐང་ནས་འཕྱུར་སྲིད་པའི་རྒྱང་རིང་དེ
གནམ་ལྕགས་དང་ཐོག་རྒོད་ཀྱིས་སིལ་བུར་གཏོར་མ་ནུས་པའི་རྒྱང་རིང་དེ
རྩྭ་ལྗང་དང་ཆུ་མིག མེ་ཏོག་གི་སྐྲ་ལོ་ཤམ་ཤམ་གཡོ་བའི་རྒྱང་རིང་དེ
ཉིན་མཚན་གྱི་གདགས་སྲིབ་བར་ནས་སྐྱ་རེངས་ལྟར་འཆར་སྲིད་པའི་རྒྱང་རིང་དེ
ངས་ཁྱོད་ཀྱི་སྙན་ངག་གི་ཀློང་ནས་རྒྱང་རིང་ལྟར་རྙེད་བྱུང
རྒྱང་རིང་གི་རྒྱང་རིང་དེའི་མིང་ལ་ཞིང་གྲོང་དུ་འབོད་ཅིང
རང་དབང་རྨང་རྡོ་བྱས་པའི་ཁྱོད་ཀྱི་རྒྱང་རིང་དེ
གཏེར་ལེན་ཁའི་མཚན་ལྗོངས་ཁྲོད་ཀྱི་བག་གསར་བཞིན
མེ་འཁོར་གྱི་ལྕགས་ལམ་སྟེང་དུ་གན་རྐྱལ་ལ་བསྙེས་འདུག
རྒྱང་རིང་གི་རྒྱང་རིང་དེའི་མིང་ལ་སྙན་ངག་ཏུ་འབོད་ཅིང
གྲོ་ཞིང་དང་རྡོ་བའི་གྲོང་ཚོ་མཛེས་སྡུག་གིས་བཟི་བའི་རྒྱང་རིང་དེ
ཁྱོད་ཀྱི་རྣོ་འོད་འབར་བའི་མིག་ཟུང་བཞིན
ས་གཞིའི་སྒལ་ཚིགས་ཀྱི་སྟེང་དུ་ལམ་ལམ་འཚེར་གྱིན་འདུག
རྒྱང་རིང་གི་རྒྱང་རིང་དེའི་མིང་ལ་སྤྱིལ་བུ་ཟེར་ཞིང
ཁྱོད་ཉིད་གཅིག་པུ་ཤོང་སའི་རྨི་ལམ་ཁྲོད་ཀྱི་རྒྱང་རིང་དེ་ན
འདབ་ཆགས་དང་ལོ་ཏོག་སྣ་ཚོགས་ལུག་ཁྱུ་བཞིན
ཁྱོད་ཀྱི་མདུན་རྒྱབ་གང་རུང་དུ་མཆོངས་གར་ལ་རྩེན་གྱིན་ཡོད
རྒྱང་རིང་ནི་ཁྱོད་ཀྱི་ལྷ་ཡུལ་དང་རྨི་ལམ་ལྟ་བུའི་ལྐོག་གྱུར་གྱི་འཇིག་རྟེན་ཞིག་སྟེ
རྒྱང་རིང་ན ཁྱོད་ཀྱི་རང་དབང་གི་གཤོག་པ་ནམ་མཁར་བྲེས་ནས་ཡོད
རྒྱང་རིང་ན ཁྱོད་ཀྱི་བདེ་སྐྱིད་ཀྱི་ལྷ་མོས་བྲོ་གར་འཁྲབ་ཀྱིན་ཡོད
དོ་ནུབ ངས་ཁྱོད་ཀྱི་རྒྱང་རིང་གི་སྙན་ངག་རྙེད་བྱུང
ཧེ་ཙི ཁྱོད་ཀྱི་སྙན་ངག་རྒྱང་རིང་ན་ཡོད
ལོ་ངོ་མང་པོ་ཞིག་གི་རྗེས་སུ།
ལོ་ངོ་མང་པོ་ཞིག་གི་ཉམ་ཉེས རླུང་འཚུབ་ཀྱི་སྤུ་གྲིས་གཤགས་པའི་ཤོག་སྐྱ་བཞིན
ས་རྡུལ་དང་མཁར་ཤུལ་འབའ་ཞིག་གི་ངོ་བོར་འཐིམས་དུས
དྲན་པ་དེའང་འཆི་བདག་གིས་འཁྱེར་བའི་རྒས་གཉེར་གྱི་རི་མོ་སྟེ
རབ་རིབ་དང་མག་མོག་ཏུ་གྱུར་ཚར་བའི་མིག་ཟུང་གི་གཟི་འོད
ཡང་བསྐྱར་ཁྱེད་ལ་བསྲིངས་པའི་ཨམ་གཙིགས་དེ་བསྡམས་ཐབས་བྲལ
ལོ་ངོ་མང་པོ་ཞིག་གི་རྗེས་སུ ངའི་སྐྱོ་ངལ་དང་ཁྱེད་ཀྱི་མཚར་སྡུག
བརྟན་བརླིང་དང་སྲ་མཁྲེགས་ཞེས་པའི་ཐ་སྙད་དང་གྱེས་ཚར་དུས
ངའི་ན་ཟུག་དང་ཁེར་སྡུག་ཁྱེད་ཀྱིས་སྲུང་ཐབས་བྲལ་ཅིང
ཁྱེད་ཀྱི་སྒམ་བརླིང་དང་ང་རྒྱལ་གྱི་ངོ་གདོང་ཡང་ཁོ་བས་མཐོང་ཐབས་བྲལ
དེའི་དུས ངའི་བེམ་རོ་ས་གཞིར་འཐིམ་པའམ་གླག་རྒོད་ཀྱི་ཁ་ཟས་སུ་འགྱུར་ངེས་ཤིང
དེའི་དུས ཡར་ཀླུང་གཙང་པོ་དང་སྐྱིད་ཆུའི་རླབས་སྒྲའང་ཤིན་ཏུ་གཉོམ་སྲིད
ལོ་ངོ་མང་པོ་ཞིག་གི་རྗེས་སུ ངའི་བུའམ་བུ་མོ་གང་རུང་ཞིག་གིས
འདི་ལྟར སྐྱིད་ཆུའི་ངོགས་སུ་ད་ལྟའི་ང་དང་འདྲ་བར
དྲན་གཞིག་དང་སྟོང་འདང་སྣ་ཚོགས་ཀྱི་མདུད་པ་སྙན་ངག་ཏུ་འབྲི་དུས
ལོ་ངོ་མང་པོ་ཞིག་གི་གཏམ་རྒྱུད་དང་དེའི་ཁ་དོག་ཡང་བསྐྱར་མྱོང་ཐུབ་བམ
བྱིས་སྒྲུང་ཞིག་གི་སྟོད་སྨད།
ཉི་མ་སེར་ལམ་ལམ་འཆར་གྱིན་འདུག
ཝ་མོ་དང་སྤྱང་ཀི་གཉིས་ཀྱིས་གཉེན་སྟོན་བཤམས་ཀྱིན་འདུག
སྟག་གཟིག་དོམ་དྲེལ་ལ་སོགས་གསོལ་སྟོན་ལ་ཕེབས་འདུག
དོམ་ཕྲུག་གིས་གཉོམ་དུང་དུང་ངང་བླངས་པའི་གཞས་ཆུང་དེར
སྐུ་མགྲོན་ཚོས་ཧབ་ཆ་རྒྱག་གིན་འདུག
རྨི་ལམ་དང་མངོན་སུམ་ཡང་འདར་གྱིན་འདུག
ཝ་མོ་ནི་མི་ཡུལ་དུ་བབས་པའི་ལྷའི་བུ་མོ་ཞིག་དང་འདྲ
སྤྱང་ཀི་ཡང་ཁོ་མོའི་མཛེས་སྡུག་གིས་བཟི་སྟེ་ཆང་རག་བག་མེད་འཐུང་སོང
ཟླ་བ་སྔར་བཞིན་དཀར་ཤག་ཤག་འཕྱོ་བཞིན་འདུག
ལས་བསྐོས་ཀྱི་ཆུ་བོ་དེ་རྒྱ་མཚོའི་ནང་དུ་བཞུར་གྱིན་འདུག
བརྩེ་བ་དང་སྦྲང་རྩི་ནི་ཁ་སང་བཞིན་ཞིམ་ཁོ་ཐག་རེད
འོན་ཀྱང དོམ་ཕྲུག་ཁོ་ནའི་མིག་མདངས་ལ་སྐྱོ་ཤས་ཤིག་འཁོར་འདུག
སང་ཉིན་སྐྱ་བོ།
རྨི་ལམ་མང་པོའི་མཚན་མོ་འཁྱགས་པོ་ཞིག་ལས་སད་བྱུང
སྨྲེ་ངག་མོད་པའི་མཚན་མོ་སྟོང་བ་ཞིག་ལས་སད་བྱུང
གློ་བུར་ཕུགས་བསམ་གྱི་སྒོ་མོ་འཚོལ་བསམ་དུས
རླུང་བུའི་ལག་པ་ཆད་ཀྱིན་འདུག
ཆུ་མོའི་སྐྲ་ལོ་ལྷུང་གིན་འདུག
ནམ་མཁའི་ངུ་ཤུམ་འཆོར་གྱིན་འདུག
མེ་ལྷའི་འདོད་ཡོན་འཕྱུར་གྱིན་འདུག
ས་གཞིའི་སྒལ་ཚིགས་ཀྱང་འཐོར་གྱིན་འདུག
ད་ལྟ་བ ཕལ་ཆེར་ང་ལ་དབང་ཚོད་མི་འདུག
འབྲེལ་ཡོད་འོས་སྦྱོར།
-
ལྷ་སའི་ཐང་གལྷ་ས་ནི་མི་ཚེ་གང་བོར་བྲིས་མི་ཚར་བའི་ཐང་...