རང་སྣང་ཡན་གར་བ།
རྩོམ་པ་པོ།:རྡོ་རྗེ་རིན་ཆེན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-07-09
ཀློག་གྲངས།:
རང་སྣང་ཡན་གར་བ།
རྡོ་རྗེ་རིན་ཆེན།(ཀན་ལྷོ)
སྐད་ཅིག་ཙམ་ལ་ཚོགས་དྲུག་དབང་ཤེས་མདུན་ངོར་མཛེས་མའི་གར་རླབས་འཇགས་པ་མེད།།
ཡོད་མདོག་སྟོན་པའི་མིག་ཤེས་རྣོན་པོས་ང་འོ་བློ་ཡིས་རང་ལུས་གང་སར་ཁྲིད།།
དྲང་ངེས་ཆ་ལ་བླང་དོར་རྨོངས་པའི་ཁོ་བོས་ཆུའི་ནང་ཟླ་བར་བསྙབས་སུ་བཅུག།
གཟུགས་ཀྱི་མཛེས་བའི་མཐར་ཐུག་འཇའ་ཚོན་ཡིན་ཞེས་འཛིན་པར་ལག་པ་བསྙེན་དུ་བཅུག།
ཡིད་གཅུགས་མཛའ་མོའི་འཛུམ་ཟེར་འཛག་བྱེད་མེ་ལོང་ནང་གི་མེ་ཏོག་ཡིན་ཞེས་བསྟན།།
རུས་སྦལ་ས་དགྲའི་གཉེན་པོ་ཡིན་པས་སྦྲ་ནག་རྒྱུ་སྤུན་དེ་ལས་འབྲེགས་དགོས་ལབ།།
དགུན་གྱི་སྟག་མོའི་ངར་སྐད་ཀློང་ནས་མེ་ཏོག་ཅིག་གི་བླ་སྲོག་འཚོལ་བར་སྐུལ།།
ཞོགས་པའི་འཆར་ཀའི་མཛེས་སྡུག་བཞེངས་པར་ནུབ་རིའི་ཕོག་ལ་ལྟད་མོར་གཟིགས་པར་ཁྲིད།།
ཆུ་ལ་བཞག་པའི་ཤུལ་རྗེས་གང་ནི་མེས་པོས་གཏོད་པའི་ལོ་རྒྱུས་དཔྱོད་པར་མངགས།།
སྨུག་གསེབ་ནག་ཡོལ་གན་ལ་ཡུ་མོར་འཁྲུལ་ནས་རྔོན་པས་སྒུག་ལུགས་བཅོ་བརྒྱད་ངོམས།།
མདོར་ན་ཚོགས་དྲུག་འཛོམས་པའི་དབང་ཤེས་ཀུན་ལ་ཡིད་རྟོན་ཅི་དང་གང་ཡང་མེད།།
དབང་ཕྱུག་ཉིད་ཀྱིས་འཆི་མེད་དངོས་གྲུབ་ཐོབ་པར་འདོད་དེ་རང་གི་མགོ་བོ་ཡིས།།
འབྲས་ཡོས་སྲེག་བཞིན་སྦྱིན་སྲེག་རྫས་སུ་བྱིན་ཡང་དེ་ལ་དེ་ཐོབ་འབྲས་བུ་མེད།།
རྨོངས་བློ་བྱིས་ཚུལ་ངང་གིས་དུས་རྣམ་ཀུན་ཏུ་རང་ཉིད་བསླུས་པ་གྲངས་མི་ཆོད།།
འཁྲུལ་ངོའི་དབང་ཤེས་རྣམས་ལ་ཡིད་རྟོན་མེད་པས་ད་ནི་སུ་ལ་ཡིད་རྟོན་འོས།།
ཆོས་ཉིད་བདེན་པ་བརྡར་བའི་དོན་གྱི་གནས་ལུགས་གང་ཡིན་དེ་ལ་ཡིད་རྟོན་ནམ།།
ཀུན་ལ་གྲགས་པའི་སྐྱེས་བུ་ཚད་མ་ཡིན་ཟེར་རྣམས་ཀྱི་ཆོས་ལ་ཡིན་རྟོན་དགོས།།
ཚད་མིན་སྐྱེས་བུའི་ཆོས་རྣམས་ཚད་མིན་ཡིན་པ་ཀུན་གྱི་བླུན་ངོར་འཕྲལ་ཐག་ཆོད།།
ཚད་མའི་སྐྱེས་བུ་གཅིག་པུ་གཤེགས་ཤུལ་གསུངས་ཆོས་གང་ཡིན་སུ་ཡིས་ཚད་མར་འཛིན།།
དེ་ལྟར་སོང་ན་སླར་ཡང་རང་ལ་ཡིད་རྟོན་མི་བྱེད་སུ་ལ་ཡིད་རྟོན་བྱ།།
དོན་དམ་བདེན་པའི་ཁུགས་སོར་རྒྱང་ལྟ་ཙམ་གྱིས་འཁྲུལ་བློ་སེལ་བའི་ཐབས་འབའ་ནི།།
ཆོས་རྣམས་གནས་ལུགས་མཐར་ཐུག་སྟོན་པའི་ལེགས་བཤད་གང་ཡིན་དེ་ལ་ཡིད་རྟོན་འོས།།
བདེན་པའི་ཨ་ལོང་ཅི་གང་ལྕགས་ཀྱུར་འགུགས་མཁས་དམ་པ་གང་ལ་ཡིན་རྟོན་འོས།།
འབྲེལ་ཡོད་འོས་སྦྱོར།