སྨུག་པོའི་ལྷུག་རྩོམ《སྡོད་ཤག》
སྡོད་ཤག
སྨུག་པོ།
ཉིན་ལྔ་བཅུ་ལྷག་གི་དགུན་གནང་དུས་ཡུན་ནི་མིག་རྡེབ་དབང་ཙམ་གྱིས་འདས་སོང་།དོ་ནུབ་ནི་ཉིན་ལྔ་བཅུ་ལྷག་ལ་ཕ་ཡུལ་དུ་ཁྱིམ་མི་དང་ལྷན་ཏུ་བསྡད་དེ་ཕྱིར་རང་གི་སྡོད་ཤག་ཏུ་སླེབས་པའི་མཚན་མོ་དང་པོ་ཡིན། མལ་ཁྲིའི་སྟེང་དུ་ཉལ་མ་ཐག་སྙིང་ནས་བརྩེ་བའི་དགའ་མའི་རུམ་དུ་ཉལ་བ་ལྟ་བུའི་ཚོར་སྣང་ཞིག་སྦྱིན་བྱུང་།
སྤྱིར་སྡོད་ཤག་གི་ཆ་རྐྱེན་ནི་དེ་འདྲ་ལེགས་པོ་མེད་ལ། ཁྱད་པར་དུ་ཁང་ཁྱིམ་ཆུང་ཆུང་ཧོམ་ཁུང་འདྲ་བ་འདིར་དགེ་རྒན་གསུམ་འཚང་ནས་བསྡད་ཡོད་ལ་ཐོག་རྩེག་ཅན་གྱི་མལ་ཁྲི་སོགས་ཀྱིས་སློབ་མའི་དུས་ཀྱི་འཚོ་བ་ནམ་ཡང་དྲན་སློང་བྱེད་ཐུབ།
ངའི་མལ་ཁྲིའི་ཐོག་སོ་ནི་རང་གི་གྱོན་པ་སོགས་ཤོག་སྒམ་དུ་བལྟབས་ནས་བཞག་ཡོད་ལ། ཤོད་ཏུ་རང་ཉིད་ཀྱི་མལ་ས་བཅོས་ཡོད། མལ་ཁྲིའི་གོང་གི་ཆ་སྟེགས་དང་མལ་ཁྲིའི་འགྲམ་གྱི་དཔེ་སྒྲོམ། སྔས་འབོལ་གྱི་འགྲམ་སོགས་སུ་རང་ཉིད་ཀྱིས་སློབ་མའི་དུས་ནས་ཉར་ཚགས་བྱས་པའི་དཔེ་ཆ་མང་པོ་སྒྲིག་ཡོད་པ་འདི་དག་གིས་ནམ་ཡང་རང་ཉིད་ཀྱི་འབྱོར་ཕྱུག་མཚོན་པར་སྙམ་ཡོད།
དོ་ནུབ་མལ་ཁང་གི་འདུག་གྲོགས་གཞན་པ་གཉིས་པོ་སློབ་གྲྭར་ལོག་ཕེབས་མི་འདུག་པས་རང་གཅིག་པུས་སྡོད་ཤག་གི་ལྷང་འཇགས་མི་སྲུང་ག་མེད་རེད།
མལ་ཁྲི་དང་དཔེ་ཆའི་སྟེང་གི་ས་རྡུལ་གཙང་ཕྱག་བྱས་ཏེ་སྡོད་ཤག་ལ་གཙང་སྦྲ་བྱས་རྗེས་ཕྱི་རོལ་གྱི་སྲང་ལམ་དུ་ཕྱིན་ནས་ནུབ་ཚལ་འཐུང་། ཕྱིར་སྡོད་ཤག་ཏུ་ལོག་ནས་གློག་ཀླད་ཀྱི་ཁ་ཕྱེ་སྟེ་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་དང་བོད་ཀྱི་སྐད་ཡིག་དྲ་བ་སོགས་ཇི་ལྟར་ཉུལ་ཡང་སེམས་ཀྱི་རྟེན་གཞིར་གྱུར་བའི་གནས་ཤིག་གནས་སྐབས་སུ་རྙེད་མ་བྱུང་། གློག་ཀླད་ཀྱི་ཁ་བརྒྱབ་སྟེ་མལ་ཁྲིའི་སྟེང་གན་རྐྱལ་དུ་ལོག་ནས་ཕྱིར་འདང་ཞིག་བརྒྱབ་ན། དགེ་རྒན་གྱི་བར་ཞུགས་ནས་ལོ་ངོ་གསུམ་གྱི་བར་དུ་རང་གི་སྡོད་ཤག་པད་མའི་དགའ་ཚལ་དུ་རྔུལ་ཆུ་མང་པོ་ཞིག་གི་རྒྱབ་ལྗོངས་སུ་དོ་ནུབ་ལྟ་བུའི་མཚན་མོ་མང་པོ་ཞིག་བསྡུས་ཡོད་ཨང་།
སྡོད་ཤག་འདི་ཆ་ཤས་གསུམ་དུ་བགོས་ན་ང་ལ་ཆ་ཤས་གཅིག་མ་གཏོགས་མི་ཐོབ་ཀྱང་། རང་ལུས་ཤོང་བའི་མལ་ཁྲི་འདོམ་གང་བོ་འདི་མ་གཏོགས་ཡོད་ཚད་དཔེ་དེབ་ཀྱིས་ཁེངས་པ་འདིས་རང་ཉིད་ཀྱི་རྣམ་ཤེས་རྒས་པའི་གོ་སྐབས་ནམ་ཡང་མ་བྱིན། ལྷག་པར་དུ་དོ་ནུབ་ལྟ་བུ་ལ་མཚོན་ནའང་། གློག་ཀླད་དང་དཔེ་དེབ་ཁ་ཤས་ཀྱི་སྟེང་དུ་རྣམ་ཤེས་ཕྲ་མོའི་གོམ་སྟབས་བསྒྱུར་རྗེས། ཚོར་བ་གང་ཞིག་གིས་སྐུལ་བ་ལྟར་སྣག་ཤོག་མདུན་དུ་ལེན་པའི་སྦྱོར་བ་ལ་ཞུགས།
ནམ་རྒྱུན་མལ་ཁྲིའི་སྟེང་དུ་བསྡད་ནས་དཔེ་ཆར་བལྟ་བ་དང་རྩོམ་ཡིག་འབྲི་བ་ནི་རང་གི་གོམས་གཤིས་སུ་གྲུབ་ཡོད། དེ་བས། འདི་ནས་རང་ཉིད་ཀྱི་བསམ་པའི་གཙུབ་བརྡར་བརྒྱུད་པའི་མེ་ལྕེ་ཡིག་འབྲུའི་གཟུགས་སུ་བསྒྱུར་བ་དང་། མྱོང་བ་ཐམས་ཅད་ཐོ་རུ་བཀོད་པ་ཡིན། སྤྱིར་ཡུལ་ལུང་འདི་ལྟ་བུའི་མཐའ་འཁོབ་རྗེས་ལུས། རིག་གནས་མི་དར་བའི་ས་ཆ་འདི་རུ་རྙོག་འཛིང་གི་སྤྱི་ཚོགས་མཁའ་དབུགས་དང་ཁོར་ཡུག་གི་རྨོངས་འཐོམ་ཀླ་ཀློའི་འདུ་ཤེས་ཀྱིས་རང་གཞན་ཀུན་གྱི་ལྟ་བ་དབང་བསྒྱུར་བའི་ཧམ་སེམས་ཆེ་ནའང་། རང་ཉིད་ཆུང་ངུའི་དུས་ནས་ཕ་མའི་བཀའ་དྲིན་ལ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བརྒྱུད་པའི་གོ་སྐབས་བྱུང་བ་དང་དགེ་རྒན་དམ་པ་དག་གི་རིག་གནས་ཀྱི་བག་ཆགས་བགོས་པ་སྲ་ཞིང་འཐས་པ་དང་། སློབ་སྦྱོང་གི་གོ་རིམ་ཁྲོད་གླུས་ཤིང་ཉར་ཚགས་བྱས་པའི་དཔེ་ཆ་དག་དགྲ་འགོག་ལྕགས་རི་ལྟར་བརྩིགས་པ་འདི་བསམ་པའི་རྒྱབ་རྟེན་དུ་བཅོལ་བ་ཡིས་རང་ཉིད་ལ་ལྟག་ཆུ་མ་ཆད་པའི་རྫིང་དུ་ལྟ་བུའི་རློམ་སེམས་ཡང་སྐྱེས་བར་བྱེད།
ཉེ་འཁོར་དུ་འཛོམས་པའི་ལས་གྲོགས་ཚོས། གཙང་མཁའ་གཞན་ལ་ཕན། ཞེས་པའི་སྐྱ་པཎ་ཆེན་གྱིས་གསུངས་པའི་དགེ་རྒན་གྱི་ཚད་གཞི་དང་དཔེ་ཁྲིད་གཤིས་སྐྱོང་གི་དོན་སྙིང་དངོས་ནི་མི་སེམས་པར་ཉིན་རེའི་ཉི་མ་འཁྱོལ་ཐབས་ཀྱིས་ན་ཆུང་བྱིས་པའི་མདུན་ལམ་ལ་དོ་འཁུར་གྱི་འདུ་ཤེས་ནི་ཉིན་སྐར་གྱི་རྗེས་སུ་རྐང་སྟེགས་འཇོག
འདི་དག་བསམ་ཚེ་ངའི་ཡིད་ལ་ཕ་ཡུལ་གཅིག་པའི་སློབ་མ་ཚོའི་ལབ་གླེང་ཞིག་དྲན་བྱུང་།
དགེ་རྒན་བཀྲ་ཤིས་ཀྱིས་ནམ་རྒྱུན་སློབ་ཁང་ནང་ཨ་རག་གི་དྲི་ངན་སྣོམ་མི་ཚུགས་པ་ཞིག་ཁྱེར་ཡོང་།
དགེ་རྒན་ནོར་བུའི་སློབ་ཁྲིད་ལ་སློབ་མས་དོགས་སློང་བྱས་མི་ཆོག དོགས་སློང་བྱས་ན་དགེ་རྒན་ཁོང་ཁྲོ་ལངས་ཀྱི་རེད།
དགེ་རྒན་དཔལ་འབྱོར་ལ་སློབ་མའི་རྩོམ་ཡིག་ལ་མཛུབ་ཁྲིད་བྱེད་པའི་ནུས་པ་མེད་པ་འདྲ་རྒྱུན་དུ་ཡིག་ནོར་དག་བཅོས་ཙམ་ལས་ཅི་ཡང་བཤད་རྒྱུ་མི་འདུག
རིག་པའི་གནས་ལ་སྐོམ་པས་ཆུ་འདོད་ཀྱི་འདུན་པ་བཅངས་བའི་སློབ་གྲོགས་འདི་དག་གི་འཁང་ར་སུ་ཞིག་གི་རྣ་བར་བཟོད་དམ། ཕ་ཡུལ་ལ་ཤ་ཚ་སྙིང་ཉེ་ཅན་ཞིག་ལ་མཚོན་ན་གནས་ཚུལ་འདི་དག་ནི་སྙིང་གི་གཟེར་བུ་དང་སེམས་ཀྱི་གཅོང་ནད་བཞིན་སངས་བའི་དུས་ནི་ནམ་ཡིན།
ང་ཚོའི་སློབ་གྲྭའི་འགྲམ་གྱི་སྲིད་གཞུང་ལས་བྱེད་དག་ཀྱང་རང་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ལ་ངེས་ཤེས་ཕྲན་ཙམ་ཡང་མེད་པར་རྒྱལ་ཁབ་ཀྱི་སྲིད་ཇུས་དགོངས་དོན་ལྟར་ཡུལ་ལུང་འདི་ཇི་ལྟར་འཕེལ་རྒྱས་སུ་གཏོང་བའི་པའི་དམིགས་འབེན་དང་འཆར་གཞི་སོགས་སྲིད་སྐྱོང་དམངས་ཕན་གྱི་ཤེས་བྱས་དབུལ་ཞིང་ཕོངས་ནའང་ཁ་ནས་དོན་དངོས་དང་བྲལ་བའི་རྫུན་གྱི་འཁོར་ལོ་བསྐོར་ཏེ་གོང་མགོ་ཁྲིད་དང་འོག་མང་ཚོགས་རྨོངས་པའི་རྒྱ་རུ་འགོད་པར་བྱེད། ད་དུང་དེང་གི་བྱ་བ་བསྒྲུབ་པ་ལ་རྫུན་གཏམ་གྱི་སྒྱུ་རྩལ་ནི་ངེས་པར་མཁོ་བའི་ལབ་གླེང་བྱེད།
ཡུལ་ལུང་འདིའི་མི་རྣམས་ཀྱི་སེམས་ཀྱི་དར་ཆ་ལྟ་བུ་དང་མིག་གི་དང་བ་འདྲེན་ས་ནི་ལས་བྱེད་དང་དགེ་རྒན་ཚོ་མ་ཡིན་ནམ།ཁོང་ཚོ་ནི་ཆུང་དུས་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བརྒྱུད་དེ།མང་པོ་ཐོས།མང་པོ་དང་ཐོས།མང་པོ་ལས་ཐོས་པའི་ཐོས་པ་ཕུན་ཚོགས་བསགས་པའི་ཤེས་ལྡན་གྱི་མི་སྣ་ཡིན་ན།ཡུལ་གྲུ་འདིའི་རྨོངས་མུན་འཇོམས་པའི་ཉིན་བྱེད་དང་།ལམ་ཕྱོགས་སྟོན་པའི་སྒྲོན་མེ་ལྟ་བུ་ཞིག་མིན་ན།མང་མང་གི་བསམ་བློའི་གཏད་སོ་བོར་ཏེ་གཏམ་བདེན་པ་མི་ཁེ་རྫུན་པ་ཁེ། ཆོས་ཟབ་མོ་མི་བྲིན་ཟང་ཟིང་བྲིན་པའི་དུས་ཀྱི་མར་ངོ་ལ་བབས་པ་ཅི་འདྲའི་སྐྱོ།
སྐྱེས་བོ་ཐམས་ཅད་ཀྱིས་དབང་དང་རྒྱུ་ནོར་ཁོ་ན་བསམ་ཞིང་སྙེག་བཞིན་པའི་དུས་སྐབས་འདིར།མཐོ་བ་ཐམས་ཅད་འཇིག་རྟེན་ཆོས་བརྒྱད་ཀྱི་གཡང་ལ་ལྷུང་བ་དང་ཕལ་བ་ཐམས་ཅད་དེ་ཡི་རྗེས་སུ་བརྐམ་ཞིང་ཆགས་པས་སྨྱོ་བར་གྱུར་ཏེ་འཇིག་རྟེན་བླང་དོར་གྱི་གནས་ལ་རྨོངས་ཤིང་།མིའི་རིགས་ཀྱི་རྣམ་ཤེས་བཞེངས་བསྐྲུན་གྱི་སློབ་གསོ་དོན་དུ་གཉེར་བ་དག་གིས་ཀྱང་རིག་གནས་སྙིང་སྟོབས་དང་ཡ་རབས་གཤིས་སྐྱོང་གི་བསམ་པའི་འདུ་ཤེས།མིའི་ལུས་རྟེན་བླངས་བ་དོན་དང་ལྡན་པར་བྱེད་པའི་མི་ཚེའི་ལྟ་བ་ཡོངས་སུ་བོར་ཏེ།ཟང་ཟིང་གི་ལོངས་སྤྱོད་ཁོ་ན་མི་ཚེའི་དམིགས་འབེན་དུ་འཛིན་པའི་ཁོར་ཡུག་ཛ་དྲག་ཅན་ལས་རང་གི་སྡོད་ཤག་ཏུ་སླེབས་ཚེ་ད་གཟོད་རིག་པའི་དགའ་ཚལ་དུ་སླེབས་པ་ལྟར།བློ་ཡིད་བག་ཕེབས་ཤིང་།སྙིགས་མ་ལྔ་བདོའི་དུས་འདིར་ལོག་པའི་ལྟ་ཚུལ་ཅན་དག་གི་དེ་ཉིད་ལ་བསམ་ཞིང་བསམ་ཚེ་སྙིང་རྗེ་བར་བྱེད།
ད་དུང་བློ་རྣལ་དུ་ཕབ་ནས་བསམ་གཞིགས་ཤིག་བྱས་ཚེ།ཟུར་མཁར་བ་བློ་གྲོས་རྒྱལ་པོས་མཁས་པ་ཉིད་ནི་མེད་ན་བློ་གྲོས་རྣམས་ཉམས་མི་རྣམས་འཚོ་བ་དོན་ཡོད་མིན།ཞེས་གསུངས་པ་བཞིན།ང་ཚོའ་སློབ་གསོས་མིའི་རིགས་ཀྱི་ཀུན་སྤྱོད་ལེགས་བཅོས་ཀྱིས་བླང་དོར་གྱི་བློ་མིག་དང་ལྡན་པར་བྱེད་མ་ཐུབ་ན།མིའི་རིགས་ཀྱི་འཚོ་བ་དེ་སྙིང་བོ་མེད་ཅིང་རྙོག་འཛིང་ལྡན་པ་ཞིག་ཏུ་མི་འགྱུར་གྲང་།
དེ་བས་རང་གི་སྡོད་ཤག་ནི་བསམ་བློའི་རྟེན་གཞི་དང་སེམས་ཀྱི་ཁྱིམ་ཕུགས་ཡིན་ལ།སྡོད་ཤག་གི་ཅ་=དངོས་མཐའ་དག་ནི་བསམ་པའི་དགོས་མཁོ་དང་ལོངས་སྤྱོད་དུ་གྲུབ་ཡོད།སྡོད་ཤག་གི་དྲོད་འཇམ་དང་ཞི་དུལ་བག་ཕེབས་འདི་ལྟ་བུ་ཡུལ་ལུང་འདི་དང་སྤྱི་ཚོགས་ཧྲིལ་བོར་ཁྱབ་ནས་ཐམས་ཅད་ཀུན་པོ་དགའ་བདེའི་དཔལ་ལ་རོལ་ན་ཅི་མ་རུང་།
དེ་ཡང་ཇི་སྐད་དུ།དགེ་ཆོས་ཀྱིས་བླུན་པོ་ངོ་མཚར་བསྐྱེད་པའི་ཧར་གྱི་གཏམ།།ཆེན་པོའི་ངོ་བསྲུང་བརྩེགས་པའི་གཅམ་བུའི་ཚིག །དད་པའི་འཁུན་བུ་སློང་བའི་སྒྲུང་གཏམ་དག །རིང་དུ་སྤངས་ཏེ་དྲང་བོའི་ལམ་དུ་ཞུགས།།ཞེས་གསུངས་མྱོང་བ་ལྟར། དྲང་བདེན་གཟུ་བོའི་བློ་མིག་གིས་བརྗོད་པའི་རང་གི་སྡོད་ཤག་པདྨའི་དགའ་ཚལ་གྱི་གཏམ་འདི་བླང་དོར་གྱི་མིག་ཟུང་ཀུན་ནས་ལྡོངས་བའི་ལྟོ་གོས་གཏམ་གསུམ་གཞུང་ལ་གཏད་དེ་ཅ་ནེ་ཕོར་ཁ་རང་ལ་གཟེད་པའི་སྲི་ཞུ་ཅན་དག་ལ་ཕུལ་བའོ།།