logo

ངའི་རྐང་ནད་དང་ལྷ་ཀླུའི་གནོད་པ།

རྩོམ་པ་པོ།:འབའ་བ་བློ་བཟང་མགོན་པོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-07-03 ཀློག་གྲངས།:
      ང་རང་མཚོ་སྔོན་ཟི་ལིང་ལ་སློབ་གཉེར་བྱེད་སྐབས་ངའི་རྐང་ནད་དེ་ཐེངས་དང་པོ་ཕོག་བྱུང་། དེ་དུས་ངའི་རྐང་པ་ལ་གཟེར་ཟུག་ཆེན་པོ་མི་འདུག པུས་མོ་གཡས་ཕྱོགས་ཀྱི་ལྷ་ངའམ་འཕང་ལོ་ལ་གཟེར་ཟུག་ཅུང་ཙམ་འདུག ང་ཚོ་ཕ་ཡུལ་ལ་རྐང་ནད་མང་ཆེས་ཤོས་དང་ལྷ་ཀླུའི་གནོད་པ་དང་འབྲེལ་བ་ཞིག་ཡོད་ཟེར། རྐང་ནད་ཕོག་དུས་ཚང་མ་བླ་མ་ལ་མོ་བཏབ་ནས་རིམ་གྲོ་སྒྲུབ། སྨན་ཁང་ནང་དུ་སྨན་བཅོས་བྱེད་ས་འགྲོ་མཁན་ཧ་ཅང་དཀོན་པོ་རེད། མོ་མང་ཆེ་ཤོས་ནི་ཀླུའི་གནོད་པ་དང་ཡུལ་ལྷའི་གནོད་པ་རེད་ཅེས་གསུངས། ངའི་ཕ་མ་གཉིས་ལ་ཡང་འདིའི་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད།
     ཉིན་ཞིག་ངའི་ཨ་མ་འབའ་ཐང་རྫོང་ལ་མོ་མ་བསམ་གཡང་ཞེས་པ་ཞིག་གི་མདུན་ལ་མོ་འདེབས། མོ་མ་དེས་ང་རང་ཤར་ལྷོ་གཉིས་ཀྱི་མཚམས་ལ་ཆུ་འགོ་ཆུང་ཆུང་ཞིག་ལ་ཕོག་ཐུག་གཏོང་ཚར་སོང་ཞེས་གསུངས། ཨ་མས་ང་ལ་ཆུ་འགོ་ཞིག་གི་ནང་དུ་མི་གཙང་བ་ལས་ཨེ་མྱོང་འདྲི། ང་རང་བསམ་བློ་ཞིབ་མོ་བཏང་རྗེས་ཆུང་དུས་བེ་རི་ནང་ལ་བེ་ཤ་བསྡུ་ས་ཐེངས་མང་པོ་འགྲོ་མྱོང་། དེ་དུས་ཆུ་འགོ་ཞིག་གི་འགྲམ་དུ་གཅིན་གཏོང་མྱོང་ཡོད་པ་དྲན་བྱུང་། ང་ཚོ་ཁྱིམ་མི་ཚང་མ་ངས་ལ་ཁ་བེ་ཤ་བསྡུ་སའི་ཆུ་འགོ་དེ་ལ་ཕོག་ཐུག་གཏོང་ཡོད་པ་གཏན་འཁེལ་བྱེད། ང་ཚོ་ཕ་ཡུལ་གྱི་དགེ་སློང་ཞིག་གིས་ཡོལ་ཁྲ་ཕོར་རུ་གང་བསྔགས། ངའི་ཨ་ཕ་དང་ཕུ་བོ་གཉིས་ཡོལ་ཁྲ་དང་བསངས་རྫས་སོགས་འཁྱེར་ནས་ཆུ་འགོ་དེའི་འགྲམ་དུ་བསངས་གཏོང་ས་ཐེངས་མང་པོ་སོང་། འོན་ཀྱང་། ངའི་རྐང་ནད་ཇེ་དྲག་ཏུ་འགྱུར་མ་སོང་།
     ང་རང་རྐང་པ་འཐེང་ནས་ཕྱིར་སློབ་གྲྭར་སློབ་སྦྱོང་བྱེད་སོང་བ་ཡིན། ཨ་མས་མུ་མཐུད་ནས་བླ་མ་མང་པོ་མདུན་ནས་མོ་འདེབས། ཚང་མས་ཡུལ་ལྷ་དང་ཀླུའི་གནོད་པ་རེད་ཞེས་གསུངས། ང་ཚོ་ཁྱིམ་ནང་དུ་ཞབས་བརྟན་མང་པོ་སྒྲུབ།
     ཉིན་ཞིག་ངའི་གྲོགས་པོ་ཞིག་དང་མཉམ་དུ་མཚོ་སྔོན་ཁྲི་ཀ་རྫོང་ཚ་ཆུ་ཁ་ལ་སོང་བ་ཡིན། ཁྲི་ཀ་རྫོང་ཐོག་ལ་ཐོན་དུས་ཟ་ཁང་ཞིག་གི་ནང་དུ་བླ་ཆེན་ཞིག་ཕེབས་ནས་མི་ཚང་མས་ཡར་ལངས་ནས་བསུ་བཞིན་འདུག ང་དང་གྲོགས་པོ་གཉིས་ཡང་ནང་ལ་འཛུལ་ནས་ཕྱག་དབང་ཞུ་བ་ཡིན། བླ་ཆེན་དེ་དང་མཉམ་དུ་ཕྱི་རྒྱལ་དང་རྒྱའི་གྲྭ་པ་ཡང་འགའ་རེ་འདུག ཁོ་ཚོ་ཟ་ཁང་གི་མཛོད་ཆེན་པོ་ཞིག་གི་ནང་དུ་བཞུགས་ཚར་རྗེས་ང་རང་ཞབས་ཞུ་པ་ལ་བླ་ཆེན་སུ་རེད་ཞེས་འདྲི། ཞབས་ཞུ་པ་དེ་འདི་འདྲ་ལན་འདེབས། བླ་མ་འདི་ཡུལ་ཤུལ་ནང་ཆེན་འབྲི་གུང་བཀའ་བརྒྱུད་ཀྱི་བླ་ཆེན་ལྷོ་ཀུན་བཟང་རིན་པོ་ཆེ་ཞེས་པ་དེ་རེད། ཁོང་ནི་བླ་ཆེན་ཞིག་ཡིན་པ་མ་ཟད་བོད་སྨན་ཧ་ཅང་མཁས་པ་རེད། རྒྱ་ནག་གི་གློག་བརྙན་འཁྲབ་མཁན་ལི་ནས་ཅེས(李连杰)ཀྱི་རྩ་བའི་བླ་མ་རེད་ཟེར། ངས་དེ་གོ་རྗེས་བླ་མ་འདི་ལ་ངའི་རྐང་ནད་བཅོས་རོགས་ཞུ་དགོས་སྙམ། ངའི་གྲོགས་པོ་ངེད་གཉིས་ཁ་བཏགས་དཀར་པོ་གཉིས་བཟུང་ནས་བླ་མ་མཇལ་སོང་བ་ཡིན། བླ་མ་ལ་ངའི་རྐང་ནད་ཀྱི་ལོ་རྒྱུས་ཅུང་ཙམ་བརྗོད་རྗེས་ཁོ་རང་ང་ཇ་ཁང་ནང་དུ་ཁྲིད་སོང་། ཁོང་གིས་མེ་ཐབ་ནང་དུ་གསེར་ཁབ་མེར་བསྲེགས་ཏེ་ངའི་པུས་མོ་གཡས་ཕྱོགས་ཐོག་ལ་ཚུག་འཇོག ཇ་ཁང་ནང་གི་རྒྱའི་ཇ་མ་རྣམས་གསེར་ཁབ་དམར་པོ་དེ་རིག་དུས་སྐྲག་ནས་བྲོས་བཞིན་འདུག ཚུག་འཇོག་མ་ཐག་གཟེར་ཟུག་ཡང་འཇགས་སོང་། ཁོང་གིས་ང་ལ་ཚུག་འཇོག་ཚར་རྗེས་རྨ་ཁ་ཆུ་ནང་ལ་སྦང་ན་མི་ལེགས་ཞེས་གསུངས། དེ་རྗེས་ངའི་གྲོགས་པོ་ངེད་གཉིས་ཕྱིར་ཟི་ལིང་ལ་ལོག་བ་ཡིན།
     ཟླ་བ་གཅིག་གི་རྗེས་སུ་ཚུག་གི་ནུས་པ་ཡང་ཅུང་ཟད་ནས་རྐང་པ་གཟེར་ཟུག་སྔོན་ལས་ཀྱང་ཇེ་ཆེ་སོང་། ལོ་དེའི་གུང་གསེང་ནང་ང་ཨ་རིའི་ལྷ་རྗེ་ཁ་ཤས་མཉམ་དུ་ཡུལ་ཤུལ་ནང་ཆེན་མགར་དགོན་ལ་སྐད་བསྒྱུར་སོང་བ་ཡིན། ཨ་རིའི་སྨན་པ་ཞིག་གིས་ངའི་པུས་མོ་ལ་དངུལ་ཁབ་ཟླ་བ་གཅིག་ཙམ་རྒྱབ། དངུལ་ཁབ་དེས་ཧ་ཅང་ཆེན་པོ་ཕན་བྱུང་། ངའི་རྐང་པ་ཕལ་ཆེར་ལོ་ལྔ་ལྷག་གཏན་ནས་ན་མ་བྱུང་།
     ལོ་ལྔའི་རྗེས་སུ་ང་རང་ལི་ཐང་ལ་བྱ་བ་སྒྲུབ། ཉིན་ཞིག་རྐང་པའི་གཟེར་ཟུག་བཟོད་མི་ཐུབ་ནས་ཁྲིན་ཏུའུ་ཧྭ་ཤིས(华西)སྨན་ཁང་ཆེན་མོ་ལ་བསྟེན་སོང་བ་ཡིན། དེ་དུས་ཆེད་མཁས་སྨན་པ་ལ་ངའི་རུས་པའི་གློག་པར་དེ་བསྟེན་རྗེས་ཁོང་གི་འདི་ནི་རུས་པTB(骨结核) རེད་ཞེས་གསུངས། རུས་པTBཞེས་པ་དེ་རུས་པ་ནང་ལ་ནག་ཐིག་ཞེས་ཕོག་ནས་གཟེར་ཟུག་ཆེན་པོ་རྒྱབ་བའི་ནད་རིགས་ཞིག་རེད། མདོ་དབུས་མཐོ་སྒང་དུ་ནད་འདི་ཧ་ཅང་མང་། རྒྱུ་མཚན་ནི་དུས་རྒྱུན་ང་ཚོའི་ཟས་དང་འབྲེལ་བ་ཆེན་པོ་འདུག
     ཧྭ་ཤིས་སྨན་ཁང་ནང་དུ་ཟླ་བ་གཉིས་ཙམ་སྨན་བཅོས་བྱེད་པ་དང་ཁྱིམ་ནང་དུ་སྨན་ལོ་གཅིག་འཐུང་ཚར་རྗེས་ངའི་རྐང་ནད་ཡང་ཇེ་དྲག་དང་ཇེ་དྲག་སོང་།
     སྤྱིར་ང་ཚོ་ནད་གང་ན་རུང་ངེས་པར་དུ་སྨན་ཁང་དུ་བསྟེན་དགོས་པ་དེ་ཧ་ཅང་གལ་ཆེ། ནད་ཆུང་ཆུང་ཡིན་དུས་སྨན་ཁང་དུ་བཅོས་སླ་བ་དང་རིན་གོང་ཆུང་བ། བར་ཆད་ལམ་སེར་བའི་ཆེད་དུ་རིམ་གྲོ་སྒྲུབ་ཀྱང་མི་ཆོག་རྒྱུ་ཡང་མི་འདུག ང་ཚོ་ཕ་ཡུལ་གྱི་ནད་པ་རྣམས་ནད་ཆུང་ཆུང་ཡིན་དུས་སྨན་ཁང་དུ་སྨན་བཅོས་བྱེད་མི་འགྲོ མང་ཆེས་ཤོས་ཁྱིམ་ལ་ཞབས་བརྟན་སྒྲུབ། ནད་ལྗིད་པོ་འགྱུར་དུས་སྨན་ཁང་ལ་སྨན་བཅོས་བྱེད། དེ་དུས་ནད་བཅོས་དཀའ་བ་དང་སྨན་རིན་ཆེན་པོ་འགྱུར།
     ལྷ་ཀླུའི་གནོད་པ་ཞེས་པ་དེ་བཟང་ཕྱོགས་ལ་བཤད་ན་ཡག་པོ་འདུག རྒྱུ་མཚན་ནི་མི་སེར་རྣམས་ཀྱིས་ཤིང་མི་གཅོད་བ། ཆུ་ལ་ཕོག་ཐུག་མི་གཏོང་། ཡུལ་ལྷ་དང་མཚོ་ལ་སོགས་པ་ལ་གཏེར་ཁ་སྔག་འདོན་མི་བྱེད་པ། འདི་ནི་མདོ་དབུས་མཐོ་སྒང་དུ་འཁོར་ཡུག་སྲུང་སྐྱོབ་བྱེད་ཐབས་ཡག་ཤོས་ཤིག་རེད། ངན་ཕྱོགས་བཤད་ན་ལྷ་ཀླུའི་གནོད་པ་རེད་ཟེར་ནི་སྨན་ཁང་ལ་སྨན་བཅོས་མི་བྱེད་པ། ནད་པ་ཁ་ཤས་སྨན་བཅོས་བྱེད་རྒྱུའི་དུས་ཚོད་བཟང་པོ་དེ་ཚོ་འཕྲོག་བརླག་གཏོང་བ། གང་ལྟར་ནད་ཆུང་དུས་སྨན་ཁང་ནང་དུ་སྨན་བཅོས་བྱེད་པ་དེ་ཧ་ཅང་གལ་ཆེའོ།།


འབྲེལ་ཡོད་འོས་སྦྱོར།