logo

ལྔ་བའི་ལྷ་ཚོད་དང་བྱིས་དུས་ཀྱི་རྨི་ལམ།

རྩོམ་པ་པོ།:དཔལ་བེའུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-06-02 ཀློག་གྲངས།:
      དེ་རིང་ནི་ང་ལ་མཚོན་ན། མི་ལོ་ཉི་ཤུ་ཙམ་གྱི་རིང་ལ་བོར་བའི་འཛུམ་མདངས་སམ། བྱིས་དུས་ཀྱི་འཚོ་བ་ལ་དྲན་གསོ་བྱེད་པའི་གལ་ཆེན་གྱི་ཉིན་མོ་ཞིག་ཡིན། ང་རང་ཆུང་དུས་སུ། ཕ་མ་གཉིས་ལ་ལྔ་བའི་དུས་ཆེན་ཐོན་པར་ཉི་མ་ག་ཚོད་འདུག་ཅེས་ཡང་ནས་ཡང་དུ་དྲིས་མྱོང་ལ། ཉིན་མོ་དེ་ཐོན་དུས་སྒོར་མོ་ག་ཚོད་སྤྲོད་རྒྱུ་ཡིན་ཞེས་སུན་རག་བར་དྲིས་མྱོང་། ཐ་ན་རྨི་ལམ་དུའང་གྲོགས་པོ་ཚོ་དང་ལྷན་དུ་སྡོང་ར་དང་གྲམ་པ་གང་རུང་ནས་སྤྲོ་གསེང་ལ་རོལ་བཞིན་པ་རྨིས་མྱོང་། དེ་ཡང་ཁག་མི་འདུག་སྟེ། ང་ལ་མཚོན་ན་དུས་ཆེན་འདི་ནི་ལོ་སར་དང་བསྡུར་ན་ཧ་ཅང་སྐྱིད་པོ་ཞིག་ཡིན་པས་སོ། དུས་འདིར་གྲང་ངར་ཟེར་བའི་མིའི་ལུས་སེམས་ཡོངས་སུ་འཆིང་བར་བྱེད་པའི་སྲིན་པོ་དེར་སྐྲག་མི་དགོས་པའི་ཁར་ལུས་ལ་ལྭ་གསར་གྱོན་ཏེ་ཕ་མས་གནང་བའི་སྒོར་མོ་དེས་ཞོར་ཟས་དང་བཏུང་བྱ་ཁུག་ཚོད་ཅིག་ཉོས་ཤིང་། གྲོགས་པོ་ཚོས་སྒོར་མོ་བསྡུས་ཏེ་ཉོས་པའི་དུ་བ་སོགས་རུམ་ལ་བཅུག་ནས་དགའ་ལྷང་ལྷང་གིས་སྔོ་ལྗང་གི་འཛིན་མའི་པང་དུ་རྩེད་མོར་རོལ་བའམ། སྡོང་བོའི་བསིལ་གྲིབ་འོག་གཉིད་དུ་ཡུར་བའམ། མེ་ཏོག་སྣ་ཚོགས་ཀྱི་དྲི་བསུང་མངར་མོ་དེ་ལོངས་སུ་སྤྱོད་པའམ། དྭངས་གཙང་གི་ཆུ་བོའི་འགྲམ་ནས་ཁྲུས་བྱེད་པའམ། ཚེར་མའི་གསེང་ནས་མི་ཆེན་པོ་དག་ལ་སྐྲག་ཞོར་དུ་དུ་བ་འཐེན་པ་སོགས་གང་བྱས་ཀྱང་རང་དབང་གིས་སྤྲོ་གསེང་ལ་རོལ་ཆོག་པ་ཡིན། ཡིན་ཡང་། དེ་རིང་འདི་ལྟར་རང་གི་ཆུང་དུས་ཀྱི་འཚོ་བ་ལ་ཕྱིར་དྲན་རེ་བྱས་ན། དེང་གི་འཚོ་བ་ནི་གོས་རང་འགྲུབ་དང་ཟས་རང་འགྲུབ་རེད་ཅེས་བཤད་ཆོག་ཆོག་ཡིན་མོད། ཆུང་དུས་ཀྱི་སྐྱིད་སྣང་དང་དགའ་སྣང་གི་ཕྱེད་ཀའི་ཕྱེད་ཀ་ཙམ་ཡང་མི་འདུག་ཅེས་བཤད་ཆོག་པ་ཡིན། དེ་ཡང་ང་རང་ནར་སོན་པའི་རྐྱེན་ཁོ་ན་མ་ཡིན་པ་འདྲ་སྟེ། ངའི་མིང་སྲིང་དག་གི་བྱིས་པའམ་ཚ་བོ་ཚ་མོ་དག་ལའང་སྤྲོ་སྣང་ཆེན་པོ་ཞིག་ཡོད་ཚོད་མི་འདུག་པས། རྒྱུ་མཚན་དྲིས་པར། ཁོང་ཚོས་བཤད་རྒྱུར། ཡུན་རིང་ཞིག་ལ་ཨ་མ་དང་ལྷན་དུ་དུས་ཆེན་འདིར་རོལ་མ་མྱོང་། ཨ་མ་མེད་ན་སྐྱིད་པོ་ཞིག་མ་རེད་ཟེར། བདེན་པ་རེད། བྱིས་པ་དག་ལ་མཚོན་ན། ཨ་མ་ནི་ཁྱིམ་ཚང་དེ་དང་དེའི་གསེར་གྱི་ཀ་བ་ལྟ་བུ་ཡིན་པས་མེད་དུ་མི་རུང་བ་ཡིན་མོད། ལོ་རེའི་ཧོར་ཟླ་གསུམ་པའི་ཟླ་མཇུག་ནས་ལྔ་བའི་བར་ཁོང་ཚོའི་ཨ་མ་དག་ཁྱིམ་ཚང་གི་དོན་དུ་འབུ་བརྐོ་རུ་འགྲོ་དགོས་པས་བྱ་ཐབས་ཟད། སྤོ་བོ་དང་རྨོ་རྨོ་གཉིས་ཀྱིས་ཁོང་ཚོར་ཤ་ཚ་ཚ་དང་སྙིང་ཉེ་ཉེ་སྒོས་གཉོར་སྐྱོང་གང་ལེགས་བྱེད་མོད། བྱིས་པའི་སེམས་ཀྱི་ཨ་མ་དྲན་པའི་གདུང་བ་ནི་ཇི་ལྟར་སེལ་ཨང་། ཁོང་ཚོ་ཕྱི་རོལ་ཏུའང་མི་འགྲོ་བར་ཁྱིམ་དུ་འཛུལ་ནས་བརྙན་འཕྲིན་ལ་ཅེར་ནས་བསྡད་བྱུང་ལ། སྐབས་སྐབས་སུ་རང་རང་གི་དགའ་ཕྱོགས་མི་གཅིག་པའི་དབང་གིས་བརྙན་འཕྲིན་བལྟ་ཕྱོགས་ཐད་མ་མཐུན་པར་རྒྱང་འཛིན་འཕྲོག་རེས་བྱས་ཏེ་འུར་རྒྱག་གི་ཡོད་ལ། འུར་སྒྲ་དེའི་ཀློང་ནས་ངུ་སྐད་དང་དགོད་སྒྲའང་ཐོས་རྒྱུ་ཡོད། ཁོང་ཚོའི་མིག་མདངས་ཀྱིས་བདག་ལ་དྲན་མ་མྱོང་བའི་མེ་ཏོག་གཞན་ཞིག་ངོ་སྤྲོད་གནང་གིན་འདུག མེ་ཏོག་དེས་ངའི་ཆུང་དུས་ཀྱི་རྨི་ལམ་དག་རེ་རེ་བཞིན་བཤིག་སྟེ་སྒམ་ཆུང་ཞིག་གི་ནང་བཅུག་བྱུང་ལ། སྒོ་ཟྭ་འབྱེད་མི་ཤེས་པའི་སྒམ་ཆུང་དེའི་ནང་ནས་འཕག་འཚག་རྒྱག་མཁན་ནི་སུ་ཞིག་གི་རྣམ་ཤེས་ལྷག་མ་ཡིན་སོང་ཨང་།
       ངའི་ཕ་ཡུལ་གྱི་དུས་ཆེན་རོལ་སྟངས་ནི་འདི་ལྟ་སྟེ། ལྔ་བའི་ཚེས་བཞིའི་ཉིན་མེ་ཏོག་བཏུ་བ་དང་ལྕང་མའི་ཡལ་ག་བཅད་པ་སོགས་གྲ་སྒྲིག་བྱས་རྗེས། ཕྱི་ཉིན་སྔ་བོ་ནས་མལ་ལས་ལངས་ཏེ་བྱིས་པ་དག་དགུ་ཆུའི་འགྲམ་དུ་ཁྲུས་བྱེད་དུ་འགྲོ་བ་དང་། རྒན་པ་དག་གིས་མདང་ནུབ་ཆུ་སྣོད་ནང་བཟེད་པའི་ཆུས་ལུས་པོ་བཀྲུས་རྗེས་ཨ་ཕས་ལྕང་མའི་ཡལ་ག་དང་མེ་ཏོག་དག་སྒོའི་ཡ་ཐེམ་དུ་འཛུགས་པར་བྱེད་ལ། ཨ་མས་韭菜ཀེའུ་ཚལ་གྱི་ཚོད་མ་ལས་པ་དང་འོ་ཇ་བསྐོལ་ཏེ་ནངས་ཇ་གྲ་སྒྲིག་བྱེད། ནངས་ཇ་འཐུང་རྗེས་བྱིས་པ་ཚོས་རང་རང་གི་གྲོགས་པོ་ཚོ་དང་ལྷན་དུ་སྤྲོ་གསེང་ལ་འགྲོ་བ་དང་། ཉིན་གུང་གི་དུས་སུ་སྡེ་མི་ཡོངས་རི་བསངས་གཏོང་གི་འགྲོ་བ་དང་། རྒན་པ་དག་གིས་རང་རང་གིས་ནུས་ཚོད་ཀྱིས་ཁྱིམ་ནས་མཆོད་པ་མཆོད་བཤམས་དང་ཁ་ཏོན་དགེ་སྦྱོར་སོགས་བྱེད་པའི་སྲོལ་ཡོད་པ་ཡིན། ང་རང་ཆུང་དུས་སུ་ཉིན་དེའི་ཕྱི་དྲོར་གསར་འགྱུར་མང་པོ་གོ་རྒྱུ་ཡོད་དེ། མི་གཉིས་འཁོན་རེས་བྱས་ཏེ་ཅིག་གི་མགོ་བཅག་འདུག་དང་། ཉིག་གི་རྐང་ལག་གང་རུང་བཅག་སྟེ་སྨན་ཁང་དུ་བསྐྱལ་ཚུལ། ག་གེ་མོས་ཆང་འཐུང་དྲགས་ཏེ་སྐྱུག་བྲོ་བའི་འཁྲབ་སྟོན་བྱེད་ཚུལ། བྱིས་པ་ཆེ་གེ་མོས་དུ་ཆང་གང་རུང་ལ་རོལ་དུས་ཁྱིམ་བདག་གིས་བཟུང་སྟེ་གཅར་རྡུང་བྱེད་ཚུལ་སོགས་མང་པོ་ཐོས་རྒྱུ་ཡོད་མོད། དེང་གི་མི་དག་དང་བསྡུར་ན། ཁོང་ཚོའི་སེམས་པ་ནི་གཡོ་དང་སྒྱུ་མས་མ་གོས་པ་ཞིག་ཡིན། ཡིན་ཡང་། ང་ལ་མཚོན་ན། ཆུང་དུས་ནས་ད་བར་དུ་དེ་རིང་གི་དུས་ཆེན་འདིི་ནི་སྤྲོ་གསེང་གཏོང་བའི་དུས་ཆེན་ཞིག་ཡིན་པ་ཤེས་པ་ཙམ་ལས་ཅི་ཞིག་གི་དུས་ཆེན་ཡིན་པ་དང་། གང་ཞིག་ནས་དར་བ། རྒྱ་བོད་གང་གི་དུས་ཆེན་ཡིན་མིན་སོགས་ལ་བསམ་བློ་ཁྱོན་ནས་བཏང་མ་མྱོང་མོད། དེ་རིང་རང་གི་ཐོས་ཚོད་ལྟར་ཅུང་ཙམ་གླེང་ན།
       དུས་ཆེན་འདིའི་མིང་ལའང་འབོད་སྲོལ་སྣ་ཚོགས་ཤིག་མཆིས་ཏེ། དཔེར་ན། ཨ་མདོ་ཡུལ་གྱི་ས་ཆ་མང་ཆེ་བས་ལྔ་བའི་བ་གཞི(ལ་ལས་བ་བཞེས་ཞེས་པའི་ཡི་གེ་འདི་སྤྱད་འདུག)དང་། རེབ་གོང་ཁུལ་གྱི་སྡེ་བ་མང་ཆེ་བས་ལྔ་བའི་ལྷ་ཚོད་དང་། རེབ་གོང་ཧོར་ནག་གིས་ལྔ་བའི་ཧྭོང་ཧྭི红河དང་། རེབ་གོང་དོར་སྡེ་བ་དག་གིས་ལྔ་བའི་ཧྭང་གཞི་ཟེར། རྒན་པ་དག་གི་ངག་རྒྱུན་ལ་ཉིན་འདི་ནི་སངས་རྒྱས་སྨན་བླ་མི་ཡུལ་དུ་བྱོན་པའི་དུས་བཟང་ཡིན་པས། ཚེས་བཞིའི་དགོང་མོར་ཆུ་སྣོད་སོགས་ཀྱི་ནང་ཆུ་བླུགས་ཏེ་ལྷས་འདབས་སུ་བཞག་ན་སངས་རྒྱས་སྨན་བླའི་བྱིན་རླབས་ཀྱིས་ཆུ་དེ་སྨན་ཆུར་གྱུར་འགྲོ་བ་དང་། ཞོགས་པ་ནམ་གསལ་མ་གསལ་ནས་ཉི་མ་མ་ཤར་གོང་དུ་མདང་ནུབ་གྲ་སྒྲིག་བྱས་པའི་ཆུ་དེ་དང་། ཞིང་བར་སོགས་ཀྱི་རྩྭ་ཟིལ། ཆུ་མིག་དང་དགུ་ཆུ་སོགས་ཀྱི་ཆུས་ལུས་པོ་བཀྲུས་པའམ་བཏུང་ན། ལུས་ཀྱི་མི་གཙང་བའི་ནད་སྒྲིབ་སོགས་འདག་པར་བཤད།
       རྒྱ་ནག་གིས་དུས་ཆེན་འདིའི་མིང་ལ端午节ཏན་བོའུ་ཅེ་ཟེར་ལ། དེ་ཡང་སྤྱི་ལོ་སྔོན་གྱི་༢༧༨ལོའི་ཡས་མས་ཤིག་ལ། 楚国ཁྲུའུ་རྒྱལ་ཁབ་ལ屈原ཆིས་ཡན་ཟེར་བའི་བློན་པོ་གྲགས་ཅན་ཞིག་ཡོད་པ་དང་། ཁོས་རང་གི་རྒྱལ་བོ楚怀王ལ། རང་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར། དམག་དོན་སོགས་ཀྱི་སྐོར་ནས་ཡར་རྒྱས་སུ་གཏོང་དགོས་ཚུལ་ཐད་ཀྱི་སྙན་ཞུ་ཕུལ་བ་ལ། རྒྱལ་བོ་དང་བློན་པོ་སོགས་ཀྱིས་དང་ལེན་མ་བྱས་པའི་ཁར་ཁོ་ལ་ཉེས་མེད་ཉེས་འགེལ་བྱས་ཏེ་རྒྱང་འཕུད་དུ་བཏང་། ཕྱིས་སུ་ཆིན་རྒྱལ་ཁབ་ཀྱིས་རང་གི་རྒྱལ་ཁབ་ལ་བཙན་འཛུལ་བྱས་ཏེ་དམངས་ཚོགས་ལ་ཚད་ལས་བརྒལ་བའི་མནར་གཅོད་བྱེད་པ་མཐོང་བས། ཁོས་སེམས་ཀྱིས་མ་བཟོད་པར་ལྔ་བའི་ཚེས་ལྔའི་ཉིན་ཆུར་ལྕེབས་རྗེས། དམངས་ཚོགས་ཀྱིས་ཁོའི་ལུས་ཕུང་དེ་ཉྭ་དང་ཆུ་སྲིན་སོགས་ཀྱིས་མི་བཟའ་ཆེད་མ་རྨོས་ལོ་ཏོག་གི་ལོ་མས་བཏུམས་པའི་འབྲས་དེ་ཆུ་ནང་དུ་གཡུགས་ཏེ་རྗེས་དྲན་བྱས་པ་དང་། དེ་ནས་བཟུང་སྟེ་ཕྱིས་ཀྱི་མི་དག་གིས་ཀྱང་སྔོན་གྱི་སྲོལ་མ་ཉམས་པར་བྱས་ཏེ་དུས་ཆེན་འདིར་འབྲས་བཏུམས་ཟ་བ་དང་། གྲུ་གཟིངས་འབྲུག་འགོ་མ་བསྐོར་ཏེ་འགྲན་བསྡུར་སོགས་བྱས་ཏེ་དམ་པ་ཁོང་ལ་རྗེས་དྲན་བྱེད་པའམ། ཉིན་འདིའི་དུས་ཆེན་ལ་རོལ་བཞིན་ཡོད་སྐད།
      ཡང་བཤད་སྲོལ་གཞན་ཞིག་ལ། 屈原ཆིས་ཡན་ཟེར་བ་ཞིག་གིིས་གཏུམ་དྲེགས་ཅན་གྱི་སྐབས་དེའི་རྒྱལ་བོ་ལ། སྲིད་སྐྱོང་ལུགས་ཐད་དམངས་ཚོགས་ཀྱི་ཚབ་བྱས་ཏེ་སྙན་ཞུ་ཕུལ་བར་རྒྱལ་བོ་མ་མཉེས་པར་ཆུ་ནང་དུ་འཕངས་ཏེ་ཉེས་ཆད་བཅད་པ་རེད་ཅེས་དང་། ལ་ལས། སྙན་ངག་པ་གྲགས་ཅན་屈原ཆིས་ཡན་ཟེར་བ་ཞིག་གིིས་རང་གི་རྒྱལ་བོ་ལ། “རྒྱལ་བོའི་སྲིད་ལ་མེད་དུ་མི་རུང་བ་ནི་སྙན་ངག་པ་ཡིན”ཚུལ་བཤད་པའི་ཉེས་མིང་འོག་ཆུ་ནང་དུ་གཡུགས་ཏེ་བསད་པའི་ཉིན་མོ་ཡིན་པ་དང་།  དེ་ཡང་སྙན་ངག་དང་སྙན་ངག་པར་འབྲེལ་བའི་དུས་ཆེན་ཞིག་ཡིན་ཚུལ་ཡང་བཤད་མོད། ཁོ་བོས་ཐོས་ཚོད་ཙམ་གླེང་བ་ལས་དེའི་རྒྱབ་ལྗོངས་སོགས་གསལ་བོར་མི་ཤེས་པས་ཤེས་ལྡན་དག་གིས་དཔྱད་པར་འཚལ།
     གང་ལྟར་ཉིན་འདི་ནི་ངའི་ཕ་ཡུལ་གྱི་བྱིས་པ་དག་ལ་མཚོན་ན་ཆེས་སྐྱིད་པའི་ཉི་མ་གལ་ཆེན་ཞིག་ཡིན་པས། ཁོ་བོས་གོ་སྐབས་འདི་བརྒྱུད་ནས་ཁོང་ཚོའི་དྭངས་གཙང་གི་སེམས་པ་ལ་ཤེས་རིག་གི་འདབ་བརྒྱ་བཞད་པ་དང་། ཁོང་ཚོའི་ཡིད་འོང་གི་རྨི་ལམ་ནི་རང་དབང་དང་ཞི་བདེའི་ས་བོན་དུ་བསྒྱུར་ཐུབ་པའི་བཀྲ་ཤིས་སྨོན་འདུན་ཞུའོ། །


འབྲེལ་ཡོད་འོས་སྦྱོར།