དོ་ནུབ། ང་ཅོ་ནེ་རྫོང་ཐོག་ན་ཡོད།
རྩོམ་པ་པོ།:དགའ་བཀྲ་ཤིས་རྡོ་རྗེ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-05-28
ཀློག་གྲངས།:
དོ་ནུབ། ང་ཅོ་ནེ་རྫོང་ཐོག་ན་ཡོད།
དགའ་བཀྲ་ཤིས་རྡོ་རྗེ། ༼ ཅོ་ནེ༽
ཆར་བའི་ཀློང་གི་རྫོང་ཐོག་ན་ཡོད།
ཅོ་ནེའི་དགོན་ཆེན་ལ་མིག་ཟུང་ཅེར་བཞིན།
མུན་པ་དང་རླབས་སྒྲ་རུམ་ནས་ཁེར་རྐྱང་གིས་ལུས་ཡོད།
བྱེ་འདམ་གྱི་ཕུང་བོས་ཟ་བཞིན་པའི་རྫོང་ཐོག་ན་ཡོད།
ཟི་ཁྲོན་ཟ་ཁང་གི་དྲི་མ་འཐུལ་བའི་རྫོང་ཐོག་ན་ཡོད།
བོད་ཟས་ཁང་རྫུན་མ་རེ་གཉིས་ཀྱི་ཁ་དོག་རུམ་ནས།
ཨུ་ཚུགས་དང་བཟོད་བསྲན་སྒོམ་ནས།
ཀླུ་ཆུ་སྔོན་མོའི་མིག་ཆུ་རུམ་ནས་ཟམ་སྣེ་ན་ལུས་ཡོད།
དོ་ནུབ། ང་ཅོ་ནེ་རྫོང་ཐོག་ན་ཡོད།
རྫོང་ཐོག་ནས་མི་བུ་ཞིག་གི་ཞབས་རྗེས་མ་རྙེད།
དོ་ནུབ། ང་ཅོ་ནེ་རྫོང་ཐོག་ན་ཡོད།
མི་ཕོ་ཞིག་ཡལ་བཞིན་པའི་གསང་བ་ཀློག་གི་ཡོད།
ཁྲམ་ལས་ཀྱི་འུར་ཟིང་དང་རུས་རྐང་བྲལ་བའི་རྫོང་ཐོག་ན་ཡོད།
དཔའ་ཉམས་ཀྱིས་འགྱིང་བའི་ཁ་སང་གི་ཅོ་ནེ་དེ་སྒོམ་བཞིན།
དོ་ནུབ། ང་ཅོ་ནེ་རྫོང་ཐོག་ན་ཡོད།
ཐག་འཁྱུད་མེ་ཏོག་འདྲ་བའི་མགོ་ཡང་ཁྲོད་ན་ཡོད།
རྨི་ལམ་དང་འགྲོགས་ནས། ལྷོག་ལྷོག་ཏུ་འཕྱུར་བཞིན།
འུག་པ་དང་བྱ་རོག་གི་འཇིག་རྟེན་ན་ལུས་ཡོད།
དོ་ནུབ། ང་ཅོ་ནེ་རྫོང་ཐོག་ན་ཡོད།
རུས་རྒྱུད་དང་གདུང་རྒྱུད་འདྲེས་མའི་གསེང་ན་ཡོད།
ཁ་དོག་དཀར་ནག་གཉིས་ཀྱི་འདྲེས་མཚམས་ན་ཡོད།
རྒྱབ་གཟུགས་དང་ཁྱིམ་ལུད་འདྲེས་མའི་ཁྲོད་ན་ཡོད།
དབྱངས་གསལ་སོ་བཞི་ཤུགས་ཀྱིས་གྱེར་བཞིན་ཡོད།
སྲོང་བཙན་སྒམ་པོའི་དམག་གི་ངོ་གདོང་ལ་ཅེར་བཞིན།
རུས་རྐང་ལྷད་མ་དག་གི་གཡོ་ཟོལ་ལ་ཅེར་བཞིན།
དོ་ནུབ། ང་ཅོ་ནེ་རྫོང་ཐོག་ནས་ལུས་སོང་།
ཙན་དན་ཤུལ་ལ་རྒྱ་ལྕང་སྐྱེས་བཞིན་པའི།
ཅོ་ནེ་རྫོང་ཐོག་ན་ང་རོ་གཞན་ཞིག་འདྲེས་འདུག
དོ་ནུབ་དང་འདྲ་བའི་ཅོ་ནེ་རྫོང་ཐོག་ནས།
གནའ་བོའི་ཕ་མ་སྤུན་མཆེད་དྲན་ཡོང་།
ཝ་སྐྱེས་རྒྱལ་པོའི་ཚོགས་དང་རྒྱང་དུ་གྱེས་ན་འདོད་ཡོང་།
སྨུག་པའི་ཁྲོད་ཀྱི་རྫོང་ཐོག་ན་ཡོད།
ཆར་བའི་ཀློང་གི་རྫོང་ཐོག་ན་ཡོད།
གྲགས་འགུལ་མེད་པའི་རྫོང་ཐོག་ན་ཡོད།
འགུལ་རུང་རྡོག་སྒྲ་མེད་པའི་རྫོང་ཐོག་ན་ཡོད།
ཅོ་ནེ་ལགས། མྱུར་དུ་ལུས་སེམས་ལ་བདག་པོ་གནང་རོགས།
ཅོ་ནེ་ལགས། ཕ་ཡིག་ཕ་སྐད་དག་མ་གང་ན་ཡོད།
ཅོ་ནེ་ལགས། རུས་དང་གདུང་རྒྱུད་གཙང་མ་གང་ན་ཡོད།
དོ་ནུབ། ང་ཅོ་ནེ་རྫོང་ཐོག་ན་ཡོད།
བསམ་གཞིག་ལྷག་མ་དང་རེ་བའི་རྨི་ལམ་ཡོད་ཚད།
ས་བོན་མེད་ན་མེ་ཏོག་ཅིག་གནམ་ནས་ལྷུང་སྲིད་དམ།
རུས་རྐང་ཡོད་ན་མཚར་སྡུག་དེ་རྒྱང་དུ་ཡལ་སྲིད་དམ།
2014ལོའི་ཟླ5བའི་ཚེས24ཉིན་གྱི་དགོང་མོར་ཐོལ་གྱིས་བྲིས།
འབྲེལ་ཡོད་འོས་སྦྱོར།