སྐུ་ཞབས་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་རྗེས་སུ་དྲན་པ།
རྩོམ་པ་པོ།:ཁ་བ་འཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-05-19
ཀློག་གྲངས།:
དཔའ་བོའི་བཞུད་ལམ།
_སྐུ་ཞབས་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་རྗེས་སུ་དྲན་པ།
ཁ་བ་འཚོ། (ཀན་ལྷོ།)
བདེན་པའི་སྨྲ་སྐད་ཁྲག་ཏུ་བཞུར་ནས་ཡར་ཀླུང་གཙང་པོ་རྔམ་གྱིས་རླབས།།
རྟག་བརྟན་ཆོད་སེམས་ཉི་ཟླར་བསླངས་ཏེ་རིག་པའི་གཤོག་ཟུང་མཁའ་རུ་བརྐྱངས།།
ང་ཡི་མེས་པོ་ཐུབ་པའི་དབང་བོ་འཛམ་གླིང་འཛིན་མའི་རྒྱན་གྱུར་ཅིག །
ལོ་དང་ཟླ་བའི་ངལ་བ་ཁྲི་ཕྲག་ལས་ཀྱིས་བཟོད་དེ་རྒྱང་རིང་བསྐྱོད།།
ཐེག་པའི་དཀའ་ཐུབ་སྟོབས་སུ་གེར་ཏེ་རྟོག་པའི་གད་རྒྱངས་གནམ་སར་བསྒྲགས།།
དཔའ་བའི་འཛུམ་བཞད་ཡུལ་ལ་བཞག་སྟེ་ལས་ཀྱི་འཕྲོ་མ་སུ་ལ་བསྐྱུར།།
ང་ཡི་དམ་པ་གང་ལ་བཞུད་འགྲོ་འགྲོ་བའི་བདེན་ལུགས་སུ་ཡིས་སྐྱོང་།།
སྐལ་བའི་ལམ་བུ་མཐའ་རུ་བརྒལ་གྱིན་རང་གཤིས་ནམ་མཁའི་མེ་ལོང་ངོར།།
ཆུ་འཛིན་ལང་ལོང་སྤྲིན་པས་མ་གཡོགས་མི་ཚེ་དྭངས་མོའི་གཟི་བྱིན་བཀྲ།།
རྒྱ་ཆེར་རིག་གཞུང་རྟོག་གེས་དཔྱད་དེ་ཨ་མའི་བུ་ཡི་སྣང་བརྙན་བཞེངས།།
ང་ཡི་ནོར་བུ་གཞན་དུ་གཤེགས་ན་རེ་བའི་ལམ་སྟོན་སུ་ཡིས་མཛད།།
ཐེར་ཟུག་རུས་པའི་རི་མོ་གསལ་བས་ས་ཆེན་གོ་ལར་རྒྱང་བསྐྱོད་ཅིང་།།
སྙིང་གི་འདུན་མར་བྲེད་ཤ་ཁོལ་བའི་བདག་ཉིད་ཆེན་པོ་ཁོམ་མ་མྱོང་།།
རྟག་ཏུ་ངལ་བའི་བདེན་ལུགས་མ་དོར་རི་རྒྱལ་ལྷུན་པོའི་མཆེད་ཟླ་གང་།།
ང་ཡི་སྙིང་གི་རྒྱལ་སྲས་ལྟ་བུའི་འབའ་བ་ཕུན་ཚོགས་དབང་རྒྱལ་རེད།།
ཇོ་མོ་བླ་རིའི་རྩེ་ནས་བླངས་པའི་ཁ་བའི་གླུ་སྐད་འཇགས་མེད་ཀྱིས།།
ཁྱེད་ཀྱི་བྱ་བཞག་དྲན་གྱིན་དྲན་གྱིན་སྲིད་པའི་བརྩེ་བ་ཁོལ་དུ་འཕྱུར།།
ངེད་ཅག་རིགས་ཀྱི་གཟུ་བའི་ཕོ་ཉ་བདེན་པའི་ངག་གི་ཁུ་བྱུག་དེ།།
ང་ཡི་མུ་མེད་ཐང་ཆེན་འགྲིམས་ནས་རེ་བའི་ཞིང་ལ་གོམ་བགྲོད་ཕྱིན།།
རྨ་འབྲི་རྫ་ཆུའི་ཁོངས་སུ་གྱེར་བའི་ངུ་ངག་རླབས་ཀྱི་ཕོན་པོ་ལས།།
གཞལ་མེད་བཀའ་དྲིན་དྲིན་དུ་དྲན་གྱིན་གཏམ་གྱི་སྣེ་མོ་དགུང་ལ་བཏེགས།།
ལོ་རྒྱུས་ཟབ་མོའི་གཞིས་སུ་འཁྱིལ་བའི་ལང་ཚོའི་སྒྲ་དབྱངས་རབ་སྙན་པའི།།
བརྗེད་མེད་ཡིད་ཀྱི་བརྩེ་བའི་བདེན་པ་རྟག་བརྟན་རྡོ་རིང་ངོས་སུ་ཕབ།།
གཏན་དུ་འཚེར་བའི་ཉི་མའི་ཟླ་བོ་ཡལ་མེད་སེམས་ཀྱི་དྲོད་ཁོལ་ཁྱེད།།
ནམ་ཡང་འགྱུར་མེད་མཛའ་གཅུགས་བརྟན་པའི་ཏི་སེ་ལྷུན་པོའི་འབོད་པ་ཁྱེད།།
སྲོག་གི་དབང་བོ་དོན་དུ་གཉེར་བའི་ང་ཅག་ཡིད་ཀྱི་བུ་རྒོད་པོ།།
ཇི་སྲིད་བར་དུ་ང་ཡི་སྙིང་ན་བདེན་པའི་ལམ་གྱི་ང་རོ་ཞིག།
2014ལོའི་ཟླ4བའི་ཚེས1ཉིན་ལ་སློབ་གྲྭ་ནས།
འབྲེལ་ཡོད་འོས་སྦྱོར།