logo

བསེ་ཀུན་དོང་གི་རྐྱ་འཐབ་པའི་ལམ་ཞེས་པའི་སྙན་ཐུང་།

རྩོམ་པ་པོ།:བསེ་ཀུན་དོང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-04-18 ཀློག་གྲངས།:

རྐྱ་འཐབ་པའི་ལམ།
         བསེ་ཀུན་དོང་།

སྐྱ་རེངས་ཤར་བའི་ཉག་ཁ
མུན་པ་རུབ་པའི་ལ་ཁ
གནམ་ས་རྐྱ་འཐབ་དུས
དབུ་ཁྱུད་ཀྱི་འཁྱུག་ལམ
ཉིས་ཤད་ཀྱི་གཤིབ་ལམ
གོ་འབྱེད་པའི་ལྷ་གསོན་པོ་སུ

འབྲོང་བཤར་བའི་རྐེད
ལུག་ཁྱུ་ཞོགས་པའི་ཁུགས
གཡུང་རྒོད་རྐྱ་འཐབ་དུས
རི་དྭགས་འཁྱིལ་ས
སྒོ་ཕྱུགས་འཁོར་ས
གོ་འབྱེད་པའི་རྫི་བོ་སུ

རྫ་ཆུ་འབབ་སའི་ན
མེ་ཏོག་བཞད་སའི་སྤང
རི་ཆུ་རྐྱ་འཐབ་དུས
ཆུ་བོའི་རྒྱུན
མེ་ཏོག་གི་མདངས
གོ་འབྱེད་པའི་སྒྱུ་རྩལ་པ་སུ

རྒྱ་སྟག་འགྱིང་སའི་སྒང
ཝ་མོ་གཞའ་སའི་གད
ཚང་སྒོ་རྐྱ་འཐབ་དུས
སྟག་གི་ཐིག་ལེ
ཝ་ཡི་རྔ་མ
གོ་འབྱེད་པའི་རྔོན་པ་སུ

མཛངས་པའི་ཆེ་བ
བླུན་པོའི་ངོ་སོ
མཛངས་བླུན་རྐྱ་འཐབ་དུས
འཕགས་པའི་ལམ
དམྱལ་བའི་འཕྲང
གོ་འབྱེད་པའི་ལམ་པ་སུ


འབྲེལ་ཡོད་འོས་སྦྱོར།