རེ་སྨོན་དང་སྤོབས་པས་འགྱིང་བའི་ཕོ་བྲང་པོ་ཏ་ལ།
རྩོམ་པ་པོ།:རྒྱ་གྲོལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-03-13
ཀློག་གྲངས།:
རེ་སྨོན་དང་སྤོབས་པས་འགྱིང་བའི་ཕོ་བྲང་།
_པོ་ཏ་ལ།
པོ་ཏ་ལ་དངོས་གནས་པ་ནི་རྒྱ་གར་ལྷོ་ཕྱོགས་སིང་ག་ལའི་རྒྱལ་ཁབ་ཀྱི་ཤར་ལྷོའི་ཕྱོགས་སུ་ཡོད་ཅིང་། གནས་དེ་ནི་སྤྱན་རས་གཟིགས་ཀྱི་ཞིང་ཁམས་ཡིན། དམར་བོ་རིར་པོ་ཏ་ལ་ཞེས་བཏགས་པ་ལ་ཆོས་ལུགས་ཀྱི་ངོས་ནས་བསམ་རྒྱུ་ཡོད་ལ་རིག་གནས་དང་ཆབ་སྲིད་ཀྱི་ཐད་ནས་ཀྱང་བསམ་རྒྱུ་ཡོད། སྔོན་སྤྱན་རས་གཟིགས་ཀྱི་ཐུགས་བསྐྱེད་པའི་གནས་ཀྱང་པོ་ཏ་ལའི་རི་རྩེ་ཡིན་ཞིང་། ད་ལྟ་ཆོས་རྒྱལ་སྒྲུབ་ཕུག་གི་གཡས་སུ་དེའི་གནས་ཡོད། ལྷ་ཐོ་ཐོ་རི་འདི་རུ་བཞུགས་མྱོང་བས་སྲོང་བཙན་ཆུང་དུས་ལྷ་སར་ཕེབས་ནས་ཕོ་བྲང་དཀར་བོ་བཞེངས། དུས་རབས་བདུན་པར་སྲོང་བཙན་སྒམ་པོས་དམར་བོ་རིའི་སྒང་ལ་ཕོ་བྲང་བཞེངས་ཏེ་མིང་ལ་པོ་ཏ་ལ་ཞེས་བཏགས། ཆོས་རྒྱལ་སྒྲུབ་ཕུག་གི་རྒྱབ་ཏུ་ལ་རྩེ་ཞེས་སའི་མཆོད་རྟེན་ཆུང་ངུ་ཞིག་ཡོད་ས་དེ་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་བསྐྱེད་ས་ཡིན་ཟེར། ཆོས་རྒྱལ་སྒྲུབ་ཕུག་གི་བྲག་འདི་ལ་ཚན་རིག་གིས་དཔྱད་པས་ཤེས་པ་ལྟར་ན་འཁྲེགས་པོ་གཞན་དང་མི་འདྲ་བས་ཚན་རིག་པ་ཀུན་ཧ་ལས་སོང་ཟེར།
དེ་ནི་བལ་བཟས་འགན་གཙོ་བོ་བཞེས་ནས་བཞེངས་པ་སྟེ། བཀའ་ཆེམས་ཀ་ཁོལ་མར་དམར་བོ་རི་ལ་ལྕགས་རི་ལ་རྒྱ་ཁྱོན་དཔག་ཚད་གཅིག་ཡོད་པ་དེ་གྲུ་བཞིར་སོ་ཕག་གིས་བརྩིགས། འཕང་གི་གྱང་མཁར་སུམ་ཅུ་རྩེ་བཞི་མཁར་དགུ་ཐོག་མཉམ་པ་ཞིག་བསྐྲུན་ཅིང་། མཛེས་པའི་ཆས་ཀྱིས་སྤྲས་ཤིང་མཁར་དམར་བོ་དགུ་བརྒྱ་གོ་དགུ་དང་རྩེ་མཁར་གྱི་རྩེ་མོ་དང་སྟོང་ཡོད་པ། མཁར་རེ་རེའི་རྩེ་མོ་ལ་མདུང་བ་དན་དམར་བོ་སྟོང་རེ་བཙུགས་པ། མཐའི་རྒྱལ་བོས་དམག་དྲངས་ཀྱང་རྒྱལ་བོའི་མཁར་གྱི་རྩེ་ན་བྱ་ར་བྱེད་པའི་མི་གཅིག་དང་སྒོའི་ལྕོགས་བཞི་ལ་མི་རེ་རེ་སྟེ་མི་ལྔས་སྲུང་ཐུབ་པ། ལྷོ་ཐད་ལ་བཙུན་མོའི་མཁར་དགུ་ཐོག་རྒྱལ་བོའི་མཁར་དང་མཉམ་པ། བར་ན་གསེར་དངུལ་གྱིས་ཟམ་པས་སྦྲེལ་ནས་ཡོད་ཅིང་། ཕྱོགས་བཞི་ན་སྒོ་བཞི་ཡོད་པ་ཞིག་བཞེངས་པར་གསལ།སྐབས་དེའི་ཕོ་བྲང་ནི་ད་ལྟའི་རྣམ་པ་འདི་མ་ཡིན་པར་བཙན་ཁང་གི་རྣམ་པ་སྟེ། ལོ་རྒྱུས་སུ་ནང་ནས་བལྟས་ན་ལྷའི་གཞལ་ཡས་ཁང་དང་འདྲ་བ། ཕྱི་ནས་བལྟས་ན་སྲིན་པོ་ལང་ག་མགྲིན་བཅུའི་གྲོང་ཁྱེར་དང་འདྲ་ཞེས་གསུངས་སོ། །
མང་སྲོང་གི་སྐབས་སུ་རྒྱ་དམག་གིས་བསྲེགས་པར་བཤད་ཀྱང་དེ་འདྲ་རྒྱའི་ལོ་རྒྱུས་ཐང་ཡིག་སོགས་སུ་མེད་པས་བོད་རྒྱལ་ཕྲན་གཞན་ཞིག་གིས་དམག་རྒྱ་དམག་ཏུ་བརྫུས་ནས་བསྲེགས་སམ་ཡང་ན་ཁྲི་སྲོང་གི་སྐབས་སུ་པོ་ཏ་ལར་ཐོག་བརྒྱབས་པའི་ལོ་རྒྱུས་དང་བསྲེས་སམ་གང་ལྟར་ཀྱང་དེ་ལ་དཔྱད་རྒྱུ་ཆེན་པོ་ཞིག་ཡོད། བོད་སིལ་བུར་འཐོར་དུས་བོད་ཀྱི་ས་གནས་སོ་སོར་འབངས་གྱེན་ལོག་བྱུང་ནས་པོ་ཏ་ལར་ཡང་གནོད་སྐྱོན་ཆེན་པོ་བྱུང་། དུས་ཕྱིས་རྭ་ལོ་དང་དུས་མཉམ་པའི་ཁྱུང་བོ་མཁས་པ་གྲགས་སེ་ཞེས་པས་པོ་ཏ་ལར་ཚད་མའི་འཆད་ཉན་གནང་བའི་ལོ་རྒྱུས་ཀྱང་འདུག་པས་བསྟན་པ་ཕྱི་དར་སྐབས་རིམ་བཞིན་གྲྭ་བ་ཚོས་བདག་གཉེར་བྱས་ཏེ་ལྷ་ཁང་གི་རྣམ་པར་གྱུར་པ་འདྲ།
དུས་རབས་བཅུ་བཞིར་རྗེ་ཙོང་ཁ་བ་བློ་བཟང་གྲགས་པ་བྱོན་ནས་རི་བོ་དགེ་ལུགས་པའི་གྲུབ་མཐའ་སྲོལ་བཏོད་ནས་དར་རྒྱས་སུ་ཕྱིན། ཁོང་གི་སློབ་མ་རྒྱལ་བ་དགེ་འདུན་གྲུབ་ཀྱི་སྐུ་ཕྲེང་ལྔ་བ་བློ་བཟང་རྒྱ་མཚོའི་དུས། གཙང་བ་རྒྱལ་བོས་དགེ་ལུགས་པར་འཚེ་བ་ལ་བརྟེན་ནས་སོག་པོ་བསྟན་འཛིན་ཆོས་རྒྱལ་གྱི་དཔུང་གིས་གཙང་བ་རྒྱལ་བོའི་སྲིད་དབང་གཏོར་ཏེ། ཆོལ་ཁ་གསུམ་པོ་དབང་དུ་བསྡུས་ནས་བོད་སོག་དང་བཅས་པ་རྒྱལ་དབང་ལྔ་བར་ཕུལ་ཏེ་འབྲས་སྤུངས་དགོན་དུ་དགའ་ལྡན་ཕོ་བྲང་བཙུགས།
བོད་ཀྱི་སྲིད་དབང་བརྟན་ཅིང་ཆོས་སྲིད་རིག་གནས་དཔལ་འབྱོར་དང་བཅས་པ་སྤེལ་བའི་ཆེད་དུ་སྲིད་དབང་གང་དུ་འཛུགས་མིན་དེ་གནད་དོན་ཆེན་པོར་གྱུར། ལྔ་བ་ཆེན་པོས་དགའ་ལྡན་ཁྲི་ཆེན་དཀོན་མཆོག་ཆོས་འཕེལ་སོགས་ཀྱི་གྲོས་དང་དུ་བླངས་ནས1645ལོའི་བོད་ཟླ3པའི་ཚེས2ཉིན་སྡེ་བ་བསོད་ནམས་རབ་བརྟན་ལ་ཕོ་བྲང་གསར་བཞེངས་ཀྱི་གཙོ་སྐྱོང་བྱེད་དགོས་པའི་བཀའ་བསྩལ་བ་བཞིན་ལོ་གསུམ་ལ་ལེགས་པར་གྲུབ། སྲིད་དབང་པོ་ཏ་ལར་སྤོས་པས་བོད་ཀྱི་ཆོས་སྲིད་ཕྱོགས་གང་ཐད་ནས་ཡར་རྒྱས་སུ་ཕྱིན། 1690ལོར་རྒྱལ་བ་ཆེན་པོ་དགོངས་པ་རྫོགས་ཏེ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་གཙོ་སྐྱོང་གནང་ནས་ཕོ་བྲང་པོ་ཏ་ལ་སླར་ཡང་རྒྱས་སྐྲུན་ཆེན་པོ་མཛད་དེ་ཕོ་བྲང་དམར་བོ་དང་རྒྱལ་དབང་སྐུ་ཕྲེང་ལྔ་བའི་གསེར་གདུང་བཞེངས།
1696ལོར་ཡོངས་སུ་གྲུབ་ཅིང་། ཨར་སྐྲུན་འདིར་བལ་ཡུལ་དང་རྒྱ་ནག་སོགས་ནས་གདན་ཞུ་གནང་བ་བཅས་མི་རིགས་མི་འདྲ་བ་མང་བོ་བཅས་བསྡོམས་མི་གྲངས7700ལྷག་ཙམ་ཞུགས་ཡོད། ཕོ་བྲང་དམར་བོ་ལེགས་གྲུབ་པའི་མཛད་སྒོ་གཟབ་རྒྱས་འཚོགས་ཤིང་། ཡི་གེ་མ་འཁོད་པའི་རྡོ་རིང་གཅིག་དྲན་རྟེན་དུ་བཙུགས། རྡོ་རིང་དེ་ཕོ་བྲང་གི་ལྕགས་རིའི་ནང་དུ་ཡོད་པས་རྡོ་རིང་ནང་མ་ཟེར།
ཕོ་བྲང་པོ་ཏ་ལའི་མཐོ་ཚད་ལ་སྤྱི་ཁྲི117དང་ཤར་ནུབ་བར་རིང་ཚད་སྤྱི་ཁྲི360ཙམ་ཡོད། ཕོ་བྲང་གི་རྟེན་གྱི་གཙོ་བོ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་རྒྱ་གར་ནས་གདན་དྲངས་པའི་ཙན་དན་གྱི་སྐུ་རང་བྱོན་འཕགས་པ་ལོ་ཀེ་ཤྭ་ར་དང་། ཕོ་བྲང་གི་བཀོད་པ་དང་། བཟོ་རྩལ། རྒྱ་ཁྱོན། ལྡེབས་བྲིས། རིག་གནས། རྟེན་རྫས་སོགས་བརྗོད་ཀྱིས་མི་ལང་བ་ཡོད།
ཕོ་བྲང་པོ་ཏ་ལར་མཇལ་བ་དང་ལྟ་སྐོར་བྱེད་པ་ཤིན་ཏུ་མང་བོ་ཞིག་ཡོད། ངས་ཚོད་དཔག་ཅིག་བྱེད་དུས་ཕལ་ཆེར་ཁྲི་ཕྲག་ཉེ་བ་ལོས་ཡོད་སྙམ། པོ་ཏ་ལ་རྡོས་གྲུབ་ཀྱང་ཉིན་རེ་བཞིན་འདི་ལྟར་མི་མང་བོ་ཞིག་ཟམ་མི་ཆད་པར་ཡོང་བཞིན་པ་འདིས་པོ་ཏ་ལ་ལ་གནོད་པ་གང་ཞིག་འབྱུང་ངམ་སྙམ་ནས་དངངས་འཚུབ་ཅིག་ཀྱང་སྐྱེས་བྱུང་།
ཕོ་བྲང་དཀར་བོའི་ནང་དུ་ཚོམས་ཆེན་ཤར་དང་། ཉི་འོད་ཤར་དགའ་ལྡན་སྣང་གསལ། ཟུར་འཕྱོང་རབ་གསལ་གཟིམ་ཆུང་། མགོན་ཁང་། གཟིམ་ཆུང་འཆི་མེད་རྣམ་རྒྱལ། ཉི་འོད་ནུབ་བསོད་ནམས་ལེགས་འཁྱིལ། གཟིམ་ཆུང་ཕུན་ཚོགས་འདོད་འཁྱིལ། གཟིམ་ཆུང་དགའ་ལྡན་ཡང་རྩེ། དབང་ཕྱུག་སྟེང་ཤོད། བརྟན་མ་ལྕོག གཡུལ་རྒྱལ་ལྕོག ཤར་ཆེན་ལྕོག རྣམ་རྒྱལ་གྲྭ་ཚང་བཅས་ཡོད་ཅིང་། བདེ་ཡངས་ཤར་ངོས་སུ་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་དུས་སུ་བཀའ་དྲུང་དང་བཀའ་མགྲོན། འགག་པ་བཅས་བཙུགས་ནས་རྩེ་ཡིག་ཚང་ལས་ཁུངས་དང་རྩེ་སློབ་གྲྭ་ཡོད།
དབུས་ཀྱི་ཕོ་བྲང་དམར་བོར་ཐོག་བརྩེགས་བཅུ་གསུམ་ཡོད་པའི་ནང་དུ་གཟིམ་ཆུང་བཀའ་གདམས་འཁྱིལ་བ། ངོ་མཚར་འཁྱིལ་བ། བདེ་ལྡན་འཁྱིལ་བ། ཕུན་ཚོགས་བཀོད་པ། ས་གསུམ་རྣམ་རྒྱལ་སོགས་དེའི་ཤོད་དུ་སྨན་བླ་ལྷ་ཁང་དང་བླ་མ་ལྷ་ཁང་། རྒྱ་ནག་ལྷ་ཁང་། ལི་མ་ལྷ་ཁང་། དེའི་ཤོད་དུ་ཚོམས་ཆེན་སྲིད་ཞིའི་ཕུན་ཚོགས། ལམ་རིམ་ལྷ་ཁང་། རིག་འཛིན་ལྷ་ཁང་། གསེར་གདུང་འཛམ་གླིང་རྒྱན་གཅིག འཁྲུངས་རབས་ལྷ་ཁང་སོགས་ཡོད། ཕོ་བྲང་དམར་བོའི་ནུབ་ངོས་སུ་རྩེ་རྣམ་རྒྱལ་གྲྭ་ཚང་ཡོད།
པོ་ཏ་ལར་མཇལ་དུས་ངས་བསམ་པ་ནི་དགའ་ལྡན་ཕོ་བྲང་གི་དཀའ་ཞིང་སྐྱོ་བའི་ལོ་རྒྱུས་དེ་དག་རེད། ད་ལྟ་དགའ་ལྡན་ཕོ་བྲང་གི་ལོ་རྒྱུས་ངོ་མ་ཤེས་མཁན་ཧ་ཅང་ཉུང་སྟེ། དེ་ནི་ལོ་རྒྱུས་སྨྲ་བའི་སྐྱོ་གདུང་འབའ་ཞིག་ཡིན་ལ། འདི་ལྟ་བུའི་སྐྱོ་གདུང་ཁོང་དུ་བཅུག་ནས་དགོད་བཞིན་པའི་ང་དང་ང་འདྲ་བ་མང་བོ་ལྷ་ས་ན་ཡོད་པའང་ཤེས་སོང་།
དེར་བསྟུན་ནས་དྲུག་པ་ཚངས་དབྱངས་རྒྱ་མཚོས་སྡེ་སྲིད་ཀྱི་དགོངས་པ་ཇི་བཞིན་བསྒྲུབ་མ་ཐུབ་པས། བོད་ཀྱི་བསྟན་སྲིད་ལ་གོད་ཆག་གི་ས་བོན་བཏབ། ལྷག་པར་གོད་ཆག་དེས་རང་ཉིད་དང་སྡེ་སྲིད་གཉིས་ཀྱང་ཕྱི་མར་འགྲོ་བའི་སྟ་གོན་བྱས་ཤིང་། དེ་ལ་བསྟུན་ནས་ཅིན་གུར་བ་བོད་དུ་སླེབས་པ་དང་ཆུ་ཡོས་དུས་འཁྲུག་བྱུང་ནས་ཆོལ་གསུམ་ཡ་ཐོར་དུ་ཕྱིན་པ་སོགས་དྲན་ནས་སེམས་པ་སྐྱོ་ཤུར་སེ་བུད་སོང་། ཁོང་གིས་མགུར་གླུ་སྙན་པོ་དེས་སྔོན་གྱི་ལོ་རྒྱུས་ཡོད་ཚད་བསུབ་ནས་ད་ལྟ་རྒྱལ་བའི་སྐུ་ཕྲེང་རིམ་བྱོན་ལས་ཆེས་དགའ་བསུ་བྱེད་པ་ཞིག་ཏུ་གྱུར་འདུག
ཁོང་གི་རྗེས་ནས་བསྐལ་བཟང་རྒྱ་མཚོས་ཀྱང་སྲིད་སྐྱོང་མ་ཐུབ་ལ། སྐྱོང་འདོད་ཀྱང་མེད་པ་འདྲ། དེ་དག་ལ་ང་ལུམ་སྦྱར་གསུམ་གྱི་ཉོག་དྲ་དང་ཕོ་ལྷ་བའི་གཡོ་འཕྲུལ། ཝང་འགྱུར་མེད་རྣམ་རྒྱལ་གྱི་བཅོས་བསྒྱུར་གྱི་ཕམ་ཁ། ཨམ་བན་གྱི་བཙན་ཤུགས། གོར་ཁ་སོགས་ཀྱི་ཐུབ་ཚོད་བཅས་ཀྱང་དྲན་བྱུང་ལ་དྲན་ཐེངས་རེ་ཡིད་ལྷོད་ལ་འབབ་ཐབས་བྲལ།
དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་རིམ་བྱོན་ལས་ཆེས་དུས་བདེ་བྱུང་མེད་པ་ནི་རྒྱལ་དབང་བཅུ་གསུམ་པ་ཆེན་པོ་ཡིན་ལ། མཛད་རྗེས་ཆེས་ཆེ་བ་ཡང་བཅུ་གསུམ་པ་ཆེན་པོ་ཡིན། བཅུ་གསུམ་པ་ཆེན་པོས་རྒྱལ་བའི་ཁྲི་ལ་བཞུགས་ནས་བོད་ཀྱིས་ཆབ་སྲིད་ལ་བཞག་པའི་བྱས་རྗེས་བསམ་ན་ངོ་མ་ཧ་ལས་པ་ཞིག་རེད། དབྱིན་ཇི་བ་པའར་ལགས་ཀྱིས། བཅུ་གསུམ་པ་ཆེན་པོ་ལྟ་བུ་སྔོན་ཆད་བྱོན་མ་མྱོང་ལ། ད་ལྟ་ཡང་བྱུང་མེད་པ་མ་ཟད་རྗེས་སུ་ཡང་འབྱུང་དཀའ་ཞེས་གདེང་འཇོག་བྱས་ཡོད།
བདག་ཅག་དར་ཆེན་ལྕོག་ཅེས་སྔོན་ཆད་རྩེ་ཕོ་བྲང་ཚུགས་ས་དེར་སྐུ་ཞབས་བློ་བཟང་ཕུན་ཚོགས་ཀྱིས་སྣེ་ལེན་བྱས་ཤིང་། བདེ་ཡངས་ལྕོག་ཅེས་སྔོན་ཆད་ལོ་རེའི་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུའི་ཉིན་འཆམ་རྩེད་ས་དེར་བརྒྱུད་ནས་རྣམ་རྒྱལ་གྲྭ་ཚང་གི་འདུ་ཁང་ལ་མཇལ་ཏེ། སྐུ་ཞབས་རྡོ་རྗེ་གཡུལ་རྒྱལ་ལགས་ཀྱིས་ཁྲིད་ནས་འགྲེལ་བཤད་གནང་བཞིན་ཕོ་བྲང་དང་དམར་བོའི་ལྷ་ཁང་དག་ལ་ཞིབ་ཏུ་མཇལ།
པོ་ཏ་ལར་མཇལ་ནས་ལྟག་སྒོ་ལས་བུད་ནས་ཕྱིར་མདུན་དུ་སླེབས་བྱུང་། ང་ཚོ་དལ་གྱིས་བར་སྐོར་གྱི་ཕྱོགས་སུ་སྙེག་གིན་ཡོད། ངས་པོ་ཏ་ལ་ལ་ཕྱི་མིག་གིས་ལྟ་དུས། ཕོ་བྲང་གི་ཡང་སྟེང་དུ་སྐར་ལྔའི་དར་དམར་ལྷབ་ལྷབ་ཏུ་གཡོ་བ་མཐོང་བྱུང་།
འབྲེལ་ཡོད་འོས་སྦྱོར།