ལྡོང་ཡོན་ཏན་རྒྱ་མཚོའི་རྩོམ་རིག་འགའ་བདམས་བཀོད།
རྩོམ་པ་པོ།:ལྡོང་ཡོན་ཏན་རྒྱ་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-02-28
ཀློག་གྲངས།:
ང་ལ་གླུ་ཞིག་ལེན་དུ་ཆུགས།
ང་ནི་ང་སྟེ་ཤཱཀྱའི་དགེ་སྦྱོང་ཞིག དེའི་ཕྱིར། གླུ་གར་དང་རྩེད་འཇོའི་འཇིག་རྟེན་གྱི་ཕ་རོལ་ནས་མིག་ཟུང་རྐང་རྩེའི་མེ་ཏོག་ལ་གཏད་དེ་འགྲོ་དགོས་པ་ཤིན་ཏུ་བདེན། འོན་ཀྱང་། ངའི་མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྩ་འདབ་སོ་གཉིས་པོ་སྒོམ་སྟོབས་ཀྱིས་མ་གྲོལ་ཡང་སྦྱངས་སྟོབས་ཀྱིས་ལྷོད་སོང་བའི་སྤྲོ་དགའ་བསམ་ན། སྐད་གསང་མཐོན་པོས་གླུ་རེ་བླང་ན་འདོད། ངའི་ཁོར་ཡུག་དང་ངའི་འཇིག་རྟེན་གྱི་ཚོགས། ང་ལ་གླུ་ཞིག་ལེན་དུ་ཆུགས། གནམ་ས་ཁ་སྦྱོར་གྱི་གུར་ཁང་ཡངས་པོར་ཕྱེ་ཞིག བདག་གི་མགྲིན་པར་བཞི་ལྷག་དྲུག་ཅུའི་འགྱུར་ཁུགས་མི་ཚང་རུང་། སྲིད་པ་ཆགས་པའི་གླུ། ལྷ་ཀླུ་མཆོད་པའི་མགུར། སྤྲེལ་སྲིན་མཐུན་པའི་གཞས། ཡོད་ཚད་མཚོ་ལྡན་མའི་རྒྱུད་དྲུག་པི་ཝང་གི་ལྡེམ་འཁྱུག་དང་འགྲོགས་ཏེ། ཞང་ཡ་རེ་ལོ་ཡི་ངག་རྩལ་ཞིག་ངོམ་ན་དགའ་བ་བརྒྱ་ལྡན་གྱི་དང་རྩེ་རེད།འདོ་རིག་རྟ་ཕོའི་འཚེར་སྐད། ཐུལ་དཀར་འབྲི་མོའི་ངུར་དབྱངས། ཚེར་མོ་ལུག་གི་འབའ་སྒྲ། མཐོ་སྒང་གི་དབྱངས་རྟ་བརྒྱ་ཕྲག་མཉམ་དུ་བསྡེབས་ཏེ། མགོ་ནག་བོད་པ་ཚང་གི་སླད་མ་འདྲེས་པའི་འཚོ་བ་དྭངས་མོ་ལྷང་ལྷང་གླུ་རུ་བླངས་ན་ཇི་འདྲའི་སྙན། གླུ་ཞིག་ལེན་དུ་ཆུགས་དང་། ང་གླུ་གར་རྒྱ་མཚོའི་ཕ་ས་ནས་འཚར་ལོངས་བྱུང་བའི་ཁུ་བྱུག་སྔོན་མོ་ཡིན་ཡ། ས་སྒང་རིལ་མོ་ཆུང་ནས་ཆུང་དུ་འགྲོ་བཞིན་པའི་དུས་རབས་གསར་བའི་མཁའ་དབུགས་ཁྲོད། དམིགས་བྱ་ཞིག་གི་ཆེད་དུ་སུས་ཀྱང་འཐོབ་འོས་པ་མང་བོ་སྐྲ་ལོ་བཞིན་ལྟག་རྒྱབ་ཏུ་འཕངས་ཏེ་གཅིག་ལས་གཅིག་མགྱོགས་ཀྱི་འགྲན་རྩོད་ལ་ཚེ་སྲོག་ཕྲ་མོའི་མཆོད་པའང་འབུལ་ཕོད་པ་ལྟར། ངས་ཀྱང་རང་ལ་དབང་ངེས་པའི་གཏེར་མཛོད་དུ་མ་སྣང་མེད་དུ་བསྐྱུར་ཏེ། ཁ་ལྕེ་མཉེན་མོ་སྐམ་རག་བར་དུ། མགྲིན་པ་ཡངས་མོ་འགག་རག་བར་དུ། ཨ་ཡིག་སྲོག་ཏུ་འཕོས་པའི་རྫི་གླུ་འདིའི་རྒྱབ་ལྗོངས་བཙལ་ནས་རྙེད་བྱུང་། མ་གཞིར་སེམས་པ་ཡོད་ཚད་ཁ་དོག་མི་གཅིག་པའི་རླུང་སྐར་རེ་རེ་ཡིན་ངེས་ན། བྱ་རྒྱལ་ཁྱུང་གི་འཕུར་སྟངས་ལའང་ཆར་སྡོད་བྱེའུ་ཡན་ཆོད་ཀྱིས་གླེང་བརྗོད་མི་འདྲ་བ་རེ་ཡོད་སྲིད་མོད། ངས་ཁྲོམ་པའི་འདུ་སྒོ་གླུ་ཡིས་ཕྱེས་ཉིན་ནས། སྤྱི་གཙུག་བདེ་ཆེན་འཁོར་ལོ་ཀུན་བཟོད་སྒེག་མོའི་རྒྱན་དུ་འགོད་དགོས་རུང་། ཞུམ་པ་དང་ནོངས་འགྱོད་ཀྱི་མིག་ཆུ་སྔ་མོ་ནས་བཙན་གྱིས་བསྐམས་ཟིན།
ང་ལ་གླུ་ཞིག་ལེན་དུ་ཆུགས། གནའ་བོའི་ཅོང་སྒྲ་དང་དུང་སྒྲས་ངའི་གླུ་སྒོ་མ་འགོག གསར་དར་རོལ་མོ་དང་གླུ་རྟ་ཐན་ཐུན་གྱིས་ངའི་གླུ་གདངས་མ་བསླད། ང་ལ་ང་ཡི་གླུ་སྐད་དང་གླུ་ཚིག་ཡོད་དགོས་ལ་ཡོད་ཀྱང་སྲིད། ངས་ལུང་རྟོགས་ཆོས་སྒྲ་སྙན་མོའི་རོ་བཅུད་མྱོང་བཞིན་ལི་ཁྲིའི་ཆུ་གཏེར་གྱི་འཇིངས་སུ་རྩེན་ཡུན་རིང་བས། ང་ཨ་ཅེ་མཚོ་ལྡན་མས་སྒེག་འཛུམ་གྱིས་བསླུས་ཏེ་ལྷོ་ཕྱོགས་རྒྱ་མཚོའི་སྒྲ་དབྱངས་ཀྱི་འགྱུར་ཁུགས་བཙལ་སྟངས་མཚར་བས། དཔའ་བོ་རྡོ་རྗེའི་དགྱེས་གླུ། ཤེས་རབ་ཡེ་ཤེས་ཀྱི་དབང་གླུ། ཟག་མེད་ལོངས་སྤྱོད་ཀྱི་ཚོགས་གླུ། མི་ལ་བཞད་པའི་རྡོ་རྗེ་དང་དཔལ་ཚོགས་དྲུག་རང་གྲོལ་གྱི་ཉམས་གླུ། བླ་མ་ཡི་དམ་སྤྱན་འདྲེན་པའི་གླུ། མཆོད་པའི་གླུ། བསྟོད་པའི་གླུ། བསྐུལ་བའི་གླུ། ཨ་ལ་ལ། ལ་ལ་ཧོ། མགྲིན་པ་དུང་གི་འཁོར་ལོ་ན་གླུ་སྣ་མི་གཅིག་ཁྲི་མ་འབུམ། ངོ་མ། དབེན་པའི་ལྷིང་འཇགས་དཀྲོགས་པའི་གླུ་བ་སྟོང་ཐུབ་འབུམ་ཐུབ་དེ་སུ་ཞིག་རེད་འདུག ངུར་སྨྲིག་གསར་བའི་འཇིག་རྟེན་འདི་ནས་མ་མཐའ་དམངས་གླུའམ་ཆོས་གླུ་མགོ་སྔ་ཚང་མོ་རེའང་ལེན་མ་ཐུབ་ན། བཞུད་ཟིན་པའི་མེས་པོ་དག་གི་ལང་ཚོའི་ཞབས་རྗེས་ཇི་ལྟར་འཚོལ། གཅེས་སྲོག་གི་མཆོད་པ་སྙིམ་རྩེར་བཏེགས་པའི་དཔའ་བོ་དཔའ་མོའི་ཚོགས་ལ་མི་བརྗེད་དྲན་པའི་རྟེན་གྱི་རྡོ་རིང་སུ་ཡིས་འཛུགས། ང་ཚོས་ནམ་ཡང་དུས་རབས་ཀྱི་གླུ་བ་ཡིན་པའི་ཁ་ཕོ་མཐོན་པོ་རེ་སྒྲོག་གིན་ཡོད་པ་མིན་ནམ། ངས་བསམ་གྱིན་བསམ་གྱིན་གླུ་རེ་བླང་ན་འདོད། མགྲིན་པ་གཟེངས་སུ་བཏེགས་ཏེ་བླང་ན་འདོད། ཞེན་ཆགས་ཀྱིས་བླང་ན་འདོད། སྡང་སེམས་ཀྱིས་བླང་ན་འདོད། གླུ་སྐད་ནམ་མཁའི་མཐའ་རུ་ཁྱབ་ཅིང་རྒྱ་མཚོའི་གཏིང་དུ་སིམ་རྗེས་ཀྱང་ཤུགས་དྲག་གིས་ལེན་ངེས།
ཁྱེད་ཚོས་གསོན་དང་ངས་གླུ་ཞིག་ལེན། གླུ་ཚིག་འདི་རྒས་སླ་བའི་གླུ་བ་ཞིག་ལ་བརྐུས་པ་མིན། གླུ་སྐད་འདི་རང་ཚུགས་མེད་པའི་གླུ་བ་འཁྱམ་པོ་ཞིག་ལ་གཡར་བའང་མིན། ཐོག་མཐའ་མི་རྙེད་པའི་འཁོར་བའི་ཀློང་ནས་ཚིག་བསྒྲིགས་ཤིང་སྨྲ་བསམ་བརྗོད་འདས་ཀྱི་ཞིང་ཁམས་ནས་གདངས་བརྩམས་པའི་གླུ་གཞས་སྙན་མོ། ཆུ་བཞི་སྒང་དྲུག་གི་ནམ་མཁར་ལྷང་ལྷང་གྲག་དུས། དགའ་བའི་ཐལ་མོ་རྡོབས་དང་རང་ཉིད་ཀྱང་དབྱངས་ལྡན་མའི་གླུ་བ་བློར་འབབ་ཅིག་ཏུ་མི་འགྱུར་བའི་ངེས་པ་མེད། ངའི་གླུ་ལ་ངོ་མཚར་བའི་གཏམ་རྒྱུད་ཤིན་ཏུ་མང་། ཟས་སུ་སིལ་ཏོག་བརྟེན་ཅིང་གོས་སུ་ཤིང་ལོ་གྱོན་པའི་གདོད་མའི་དུས་ཤིག་ལ། བསམ་བློའི་ཆུ་ཚད་དམའ་བའི་སྤྲ་མི་ཚོས་རང་བྱུང་ཁོར་ཡུག་ལས་རྙེད་པའི་ཞེད་སྣང་མང་བོའི་ཡིད་འགྱུར་གནོན་མ་ཚུགས་པར། མིང་ཚིག་གི་རང་སྐྱ་མི་ཐུབ་པའི་དབྱངས་འགྲོས་རྐྱང་རྐྱང་ཞིག་གི་ས་བོན་བཏབ་པ་སྙན་མོ་གླུ་འདིའི་འགོ་ཁུངས་ཡིན། བློན་ཆེན་གཉལ་བ་སྣང་གྲགས་ལ་བློ་རིག་གསལ་བའི་སྐུ་སྲས་དེ་འཁྲུངས་རྗེས་གངས་རིའི་གླུ་ཡིས་རླུང་རྟ་ཡར་འཕུར་ཞིག་གི་གཤོག་སྣེ་ཟིན་ཏེ། དབྱངས་གསལ་སོ་བཞི་གླུ་རུ་བླངས་པས་རང་སྐྱ་མི་ཐུབ་པའི་དབྱངས་འགྲོས་དེ་ལའང་བློས་མི་དཔོག་པའི་རང་དབང་ཐོབ། སྐབས་ཤིག་ལ་སྟོད་རྒྱ་གར་ནས་ཐོན་པའི་ཆུ་ཤེལ་དྭངས་མོའི་མེ་ལོང་ཞིག་གི་མཛད་འཕྲིན་དཔལ་ས་སྐྱའི་ཡུལ་ནས་ཆུ་གཏེར་བརྡོལ་བ་བཞིན་འཕྱུར་ཏེ་གླུ་ལ་གླུ་ཡི་གཞུང་ལུགས་ཆགས། བགྲང་བྱ་དུ་མའི་རྗེས་ཤིག་ལ་མི་འཇིགས་སེང་གེའི་ང་རོའི་གླུ་སྒྲ་ཐོག་མ་བོད་རང་ས་ནས་རླུང་ལ་བསྐུར་བས་གླུ་བ་གླུ་མས་སཱ་ལའི་སྨན་ལྗོངས་འདི་ཡང་དོག་པོར་བསྒྲུབས་མྱོང་ཟེར། ངའི་གླུ་ངག་གི་གཏམ་རྒྱུད་འདི་ལྟར་རིང་བས་ང་ནམ་ཡང་རང་ཚུགས་ཐུབ་པའི་གླུ་བ་གཙང་མ་ཡིན།
སྤྱིར་སྒྱུ་རྩལ་གྱི་སྟངས་སྟབས་རེ་རེར་མི་སེམས་སྒུལ་ཤེས་པའི་གསང་བ་ཡོད་ངེས་ན། ངའི་གླུ་ལའང་གླུ་ཡི་སྒྱུ་རྩལ་ཡོད་ངེས་ཏེ། ངོ་མཚར་ཚིག་གི་མཚོན་ཐབས་གསར་བ། སྤྱི་ཚོགས་འཚོ་བའི་སྣང་བརྙན་མངོན་པ། ཚིག་གི་སྡེབ་སྦྱོར་ལ་དགའ་སྐྱོ་ཆགས་སྡང་གི་ཉམས་འགྱུར་རྫོགས་པ། དབྱངས་འགྲོས་དང་སེམས་ཁམས་ཀྱི་འདེགས་འཇོག་མཉམ་པ་སོགས་སོ། །ང་ལ་གླུ་ཞིག་ལེན་དུ་ཆུགས་དང་། ངས་སྒྱུ་རྩལ་གྱི་གསང་རེ་རེ་མཐོ་རུ་བཏེག་ན་འདོད།
རྒྱལ་སྲས་དཔའ་བོ།
རྒྱལ་སྲས་དང་དེད་དཔོན། ཉི་མ་དང་ཟླ་བ། གངས་རི་དང་སེང་གེ རིགས་རྒྱུད་དང་རིགས་ཞེན་སོགས་སྙན་ངག་པའི་སྨྱུག་རྩེར་ཆེས་སྤྱིར་བཏང་གིས་ལུད་པའི་ཐ་སྙད་ཙམ་ལའང་ཚད་མཐོ་བའི་གཤགས་བཅོས་དང་མགོར་མི་འཚམ་པའི་ཞྭ་རྒན་རེ་བཟོས་ན། སྙན་ངག་མཁན་ལ་ཅི་ཡང་རྒྱན་པའི་ཁེ་དབང་ལ་བསམ་བཞིན་དམའ་འབེབ་བྱས་པ་ཡིན། ཐ་སྙད་ནི་ནམ་ཡང་ཐ་སྙད་ཙམ་ལས་གཞན་དུ་ཅི། --རབ་བྱེད་འདིའི་བསྒྲགས་གཏམ།རྒྱལ་སྲས་ལགས། ཐུགས་རྗེའི་གཞན་དབང་དུ་གྱུར་བའི་འཕགས་རིགས་ཤིག་ཡིན་ཕྱིན། འབུ་སྲིན་ཕྲ་མོ་ཙམ་གྱི་ཆེད་དུའང་མེ་ལྕེ་ཆེམ་ཆེམ་མཆེད་པའི་ཀློང་དེར་དཀྱིལ་ཀྲུང་གིས་བཞུགས་འོས་ན། རྒྱུས་མེད་མི་ཡི་རྒྱལ་ཁམས་ནས་བགྲང་བྱ་བཅུ་ཕྲག་འགའ་འོ་བརྒྱལ་གྱིས་བསྐྱེལ་བར་གླེང་རིན་ཅི། ལོ་ཟླའི་འཁོར་སྐྱོད་ཀྱི་བ་གམ་ཅི་ཙམ་བརྩེག་དགོས་ཀྱང་། ཁྱོད་ཀྱི་སྟེ། འཕགས་རིགས་སེམས་བཟང་གི་རྒྱུད་འདིས་རེ་བའི་རྨུ་ཐག་དཀར་བོ་རྨ་འབྲིའི་ཆུ་རྒྱུན་ལ་བསྲིངས་འདུག
རྒྱལ་སྲས་ལགས། ཁ་བ་ནག་པོ་འདི་འབབ་རྒྱུན་ཅི་ཙམ་རིང་ཡང་། མཆོག་གི་གསང་གསུམ་ཉི་མའི་གཟི་བྱིན་དང་བསྡོངས་ནས། བདེ་འཇམ་བསིལ་རླུང་མོད་པའི་དཔྱིད་དཔལ་དེ་ཅིས་ཀྱང་མཐོ་སྒང་དུ་བསུ་དགོས། གནའ་སྔ་མོ་སྔ་མོར་འཚེ་མེད་རྫོགས་ལྡན་གྱི་དུས་ཟེར་བ་ཞིག་ཡོད་མྱོང་ན། ད་ལྟའང་རང་སྤྱིལ་ཟླུམ་པོར་དྲོད་ཁོལ་རྣལ་མ་རེ་བསུས་ན་ཅིའི་ཕྱིར་མི་ཆོག མི་ལག་གསེར་དང་མི་ཁ་འདྲེ་ཡིན་པས་བཤད་ཚད་ལ་དབུ་ལྕོག་ལྡེམ་མི་ཉན།
རྒྱལ་སྲས་ལགས། ངོ་མ་བཤད་ན། གངས་ལྷ་མེ་ཏོག་དེ་ཧ་ཅང་མཛེས་སྡུག་གིས་བཞད་རྗེས། སྟོན་རླུང་གིས་དེད་པའི་སྡོང་ལོ་བཞིན་གྲུ་ག་གཞན་ཞིག་གི་དགའ་ཚལ་དུ་འཕུར་སོང་མོད། ལྷ་མོའི་བླ་མཚོའི་རླབས་ཤུགས་ལ་ཁེན་པའི་རྣམ་ཤེས་བྱེ་བས། མེ་ཏོག་སྔ་མའི་བཀྲག་མདངས་ཕྱི་མར་འཕོས་འདུན་གྱིས་འགྲན་རྩོད་དང་ལབ་གླེང་མེད་པར། ཉི་མའི་ཁྱིམ་རྒྱུད་དམ་དགུ་ཚིགས་ཞགས་པའི་ཁུགས་སོར་འཚོགས་ཏེ་ཅི་ཞིག་གི་ཕྱག་རྗེས་འཇོག་པར། རྣམ་དག་གསོལ་བ་འདེབས་པའི་སྙིམ་རྩེ་ནས་མིག་ཟུང་རིག་རིག་གིས་སྒུག་ཡོད། ཀུན་དའི་འདབ་ལོ་མང་བོ་ཟླ་བ་ལྷ་མོའི་ཟེར་ཕྲེང་ཀློང་ན་བག་ཕེབས་ཀྱིས་གཟིམས་ཀྱང་། ཁྱོད་གཅིག་བུ་ཁ་ཆར་བུ་ཡུག་གི་ཁྲོད་དུའང་རྟག་པར་བཞད་དགོས་ཡ། གངས་ལྷ་མེ་ཏོག
རྒྱལ་སྲས་ལགས། ཁྱོད་ཀྱི་གདུལ་བྱ་དགུན་གཞུང་རིང་མོའི་ཁ་བ་ཇི་བཞིན་རི་ལུང་ཤོད་གསུམ་ན་ཆེས་ཉམ་ཆུང་གིས་བབས་ཡོད་མོད། ཁྱོད་རྫི་བོ་ལྟ་བུར་ཐུགས་བསྐྱེད་པའི་རྒྱལ་སྲས་དཔའ་བོ་དེ་ཡིན་ཕྱིར། རུས་རྐང་གིས་མི་བཟོད་པའི་གདུག་རྩུབ་ཡོད་ཚད་གངས་ལ་ཉི་འོད་ཕོག་པ་བཞིན་གཞོམ་ངེས་ལ་གཞོམ་ཡང་དགོས། ད་ལྟ། མི་ཡུལ་གྱི་སྐྱོ་གར་རེ་རེས། ལྷ་དང་བླ་མའི་བྱིན་མཐུ་བག་ལ་ཞ། ཕ་དང་ཨ་ཁུའི་སྙིང་རླུང་སྟོད་ལ་འཚང་། མ་དང་བུ་མོའི་མིག་མཐའ་མཆི་མས་བརླན། ཐ་ན་རི་དང་གཙང་བོས་མྱ་ངན་སྒོམ་ཞིང་། བྱ་དང་བྱེའུའི་ཚོགས་ཀྱང་འཕུར་མཚམས་ཆད་ནས་ཡོད། ད་ལྟ་གླིང་འདིར་ཆེས་མཁོ་བ་ནི་ཁྱོད་ཀྱི་བྱམས་བརྩེ་དང་ལྷ་ཡུལ་གྱི་བདེ་སྐྱིད་ཉག་གཅིག་ཡིན།
རྒྱལ་སྲས་ལགས། བགྲང་བྱ་དུ་མའི་རིང་ལ། ལྷོ་མཐའ་ནས་འཕུར་ཡོང་བའི་ཁུ་བྱུག་དང་ཁྲུང་ཁྲུང་མང་བོས་བཀྲ་ཤིས་འཕྲིན་བཟང་ཡང་ཡང་བསྒྲགས་མོད། མི་སེམས་གསོ་བའི་སྨན་སྦྱོར་ཙམ་ལས་ཐམས་ཅད་འཇའ་ལྟར་ཡལ་འགྲོ། ཟིན་མེད་སྒྱུ་འཕྲུལ་འདིས་ངང་རྒྱུད་ཐུང་བའི་སྐྱེ་བོ་ཚོ་རང་ཤི་རྒྱག་མཁན་ན་ནིང་ལས་ད་ལོར་མང་། གནས་དེ་ན་འཁོར་ཚོགས་རྒྱ་མཚོ་འཁྲིགས་ཤིང་གྲགས་དཀར་གླིང་བཞིར་ཁྱབ་ཀྱང་ཁྱབ་པ་ཙམ་རེད། མིས་དུས་ཚོད་བསྒུགས་ཀྱང་དུས་ཚོད་ཀྱིས་མིར་མི་བསྒུག་པ་མངོན་སུམ་ཡིན་པས། རེ་བའི་མེ་སྟག་ཡལ་ལ་ཁད། སྤོབས་པའི་རི་བོ་ཉིལ་ལ་ཁད། ངོ་མ། དཔྱིད་ཀྱི་དཔལ་མོ་ལྷ་ལས་འབབ་པའི་དུས་བཟང་ཞིག་ཡོད་དམ།
རྒྱལ་སྲས་ལགས། ངང་བ་བཞིན་ལྷོ་ནུབ་རྒྱ་མཚོ་སྐྱོམ་པའི་རླབས་རྩེ་རུ་གསུང་གི་ལང་ཚོ་ངོམ་དུས། ཁ་བའི་གྲང་རེག་རྒུམ་པའི་བྱེའུ་ཆུང་འཇོལ་མོའི་ཁྱུ་ཚོགས་ཀྱི་སྤྲོ་དགའ་ཉི་ཟླའི་དཔལ་གྱིས་མི་མཚོན།
རྒྱལ་སྲས་ལགས། དཔྱིད་རླུང་བཞིན་གླིང་བཞི་གླིང་ཕྲན་བརྒྱད་ཀྱི་མཁའ་མཐར་ཁྱབ་སྟེ་གྲངས་མེད་སྐྱེ་འགྲོར་དབུགས་དབྱུང་ཟབ་མོའི་གདམས་པ་གནང་ཚེ། ཧི་མ་ལ་ཡའི་རི་རྒྱུད་རིང་མོའི་ཁེངས་སེམས་སྤྲིན་པའི་མཐོངས་ཀྱིས་མི་ཁེབ། འོན་ཀྱང་། རྒོད་པོ་མཐའ་རུ་འཕུར་ཤུལ་ན་རྒོད་ཕྲུག་མང་བོ་སྨུག་ལོང་ཁྲོད་ནས་མགོ་བོ་འཐོམ། བྲག་དམར་ཐེམ་གྱི་རྒོད་ཚང་ཡང་སྔར་ལྟར་དྲག་རླུང་འཚུབ་མའི་སོ་ཁར་འཕྱོ། ཞིབ་མོར་དགོངས་དང་། ད་ལྟ་རླུང་ཤུགས་གནོན་པའི་ཐབས་འཕྲུལ་དང་སེམས་པ་འཇགས་པའི་བརྩེ་སྦྱིན་རེ་ཅི་འདྲའི་མཁོ་ཨང་། ཐོབ་པ་ལས་ཤོར་བ་མང་ན་ཡང་སྙིང་སུ་ཞིག་གི་ཕམ་ཁ་རེད།
རྒྱལ་སྲས་ལགས། ཁྱོད་བཞུགས་སའི་བདེ་ལྡན་ཞིང་ཁམས་དང་ཁྱོད་ཕེབས་སའི་ཡུལ་གྲུ་དེ་དག་ན། ལྗོངས་འདིའི་དུས་རབས་སྔོན་མ་བཞིན་དུ་དྭངས་གཙང་ཆུ་བོ་ལྷུང་ལྷུང་འབབ་ཅིང་གཏེར་རྫོང་རི་བོ་མ་བྲུས་རང་བྱུང་གིས་འགྱིང་ངམ། ཁྱོད་ཀྱི་གདུལ་བྱ་ཡང་གཞན་དོན་གྱིས་འཚོ་བའི་ཐེག་ཆེན་འཕགས་རིགས་འབའ་ཞིག་རེད་ཟེར་བ་བདེན་ནམ། སྣོད་བཅུད་ཀྱི་དྭངས་མ་ཤོར་ཟིན་པའི་གྲུ་ཟུར་འདིར། ད་ལྟ་ཞིང་ཁམས་དེའི་མཛེས་སྡུག་དང་ངོ་མཚར་ཤིན་ཏུ་མཁོ་བས། དཔྱིད་དཔལ་བཞིན། སྒྱུ་འཕྲུལ་བཞིན། རེ་སྒུག་གི་མཐོངས་ཡངས་ནས་ཕེབས་ལ་ཤོག་དང་།
མེད།
གླེང་སློང་བ། སྤྱིར་ཡིན་ན་མེད་མུག་ཆད་གསུམ་གྱི་གཟུངས་སྔགས་འདི་མི་རབས་དུ་མར་མཐོ་སྒང་གི་རྫི་གླུ་བཞིན་བཟླས་དྲགས་པས་ངས་ཡང་བསྐྱར་བཟླས་འདོད་མེད། འོན་ཀྱང་མཐོ་སྒང་ན་མང་བོ་ཞིག་མེད་པའི་བཀྲེས་སྐོམ་མ་བཟོད་པར་འོ་དོད་རིང་མོ་འདི་འབད་པས་འགོག་པའི་རྒྱན་①བཞིན་དུ་སེམས་དྲོན་མོའི་ཟབ་ས་ནས་ཤོར་སོང་། འོ་དོད་འདི་ཕྱི་དཔལ་འབྱོར་གྱི་ཆ་ནས ༼ནང་བསམ་བློའི་ཆ་ནས་འཛམ་གླིང་གཙུག་ནོར་གྱི་གདན་ས་ཐོབ་པར་རློམ་ལ་དོན་དངོས་ཀྱང་དེ་ལྟར་དུ་གྲུབ།༽ བསྒྲགས་ལ་དེ་ལས་ཀྱང་དེང་གི་ཚན་རིག་འཕྲུལ་ཆས་སོགས་ལ་བསམ་སྟེ་བརྗོད་ཀྱིན་ཡོད། མཐོ་སྒང་ན་ཁ་པར་མེད། ཧ་ཅང་རྒྱང་རིང་དུ་འཕུར་སོང་བའི་གྲོགས་པོ་བློས་ཐུབ་ཅིག་གིས་ལོ་དུ་མའི་རྗེས་སུ་མི་ལག་བརྒྱུད་དེ་ང་ལ་འཕྲིན་ཐུང་ཞིག་བསྐུར་བ་འབྱོར་བྱུང་། འཕྲིན་ཡིག་གི་མཇུག་ཏུ། རྗེས་སོར་ཨང་གྲངས་འདི་ལྟར་དུ་ཅིས་ཀྱང་ང་ལ་ཁ་པར་ཞིག་ཐོངས། ཁྱེད་ཚང་གི་ཁ་པར་ཨང་གྲངས་ཀྱང་མ་ནོར་བར་བྲིས་ཏེ་བསྐུར་རོགས་ཞུ། ཞེས་བྲིས་འདུག འཕྲིན་ཡིག་འདི་བཀླགས་རྗེས་ང་སྐྱོ་བྱུང་། སེམས་བསམ་པའི་གཏིང་ནས་སྐྱོ་བྱུང་། གྲོགས་པོ་ལགས། ཁྱོད་ཀྱིས་ཕ་ཡུལ་མཐོ་སྒང་གི་གནས་ཚུལ་ཙམ་ཡང་མི་ཤེས་སམ། མཐོ་སྒང་ན་ཁ་བ་སྔར་ལྟར་འབབ་ཅིང་འཕྲུལ་རྟ་ཞོན་པའི་ཕོ་གཞོན་སྣང་མཐོ་འགའ་ཇེ་མང་དུ་སོང་བ་ལས་གཞན་ཕལ་ཆེར་མ་འགྱུར་གོར་མོ་རྡོ་ཡིན། ཁྱོད་ལ་ཅི་ཁག གནས་དེ་ན་ཚན་རྩལ་རིག་པའི་དཔྱིད་དཔལ་བཞད་དྲགས་ཏེ་ལྷོ་ནུབ་གླིང་ཆེན་དྲ་འབྲེལ་གྱིས་མཐུད་ནས་ཡོད་པས། ང་ཚོའི་ཕ་ཡུལ་ན་ད་དུང་ཁ་པར་ཙམ་ཡོད་མེད་ལ་ཐུགས་འདང་གནང་ཡོད་མི་སྲིད། དོན་ངོ་མར། མཐོ་སྒང་ནས་སྔར་ལྟར་རི་ལུང་ཕན་ཚུན་ཀི་སྒྲས་སྐྱོམ་ཞིང་རུ་སྡེ་ཕན་ཚུན་བར་རྟ་གཡག་ཞོན་ཏེ་འབྲེལ་བ་རེ་བྱེད་མུས་ཙམ་ལས་ཁ་པར་ཞེས་པའི་ཐ་སྙད་འདི་ཡང་མ་ཐོས་མཁན་ངའི་ཨ་མ་དང་ཁྱོད་ཀྱི་ཨ་ཕ་ལྟ་བུ་གྲངས་ཀྱིས་མི་ཟིན། ལག་འཛིན་ཁ་པར་སོགས་ལྟ་ཅི་སྨོས། དེའི་ཕྱིར། ང་ཡང་རིགས་རྒྱུད་ཅིག་གི་ཆེད་དུ་རྨ་འགྲམ་ནས་བསྐུངས་ཏེ་གདངས་དམའ་བའི་གླུ་གཞས་ཐར་ཐོར་རེ་ལེན་གྱིན། ཁ་པར་ཙམ་མེད་པའི་མཐོ་སྒང་ལ་ཁོ་ཐག་ཆད་ནས་ཡོད།མཐོ་སྒང་ན་གློག་མེད།
འགྲོ་བ་མི་འོད་སྣང་ལ་དུང་ཞིང་བདེ་སྐྱིད་ལ་མོས་པར་ནམ་ཡང་འདྲ་མཚུངས་ཀྱི་ཐ་སྙད་ཁོ་ན་ཐོབ་མོད། ས་མཐོ་ཆུ་གཙང་གི་ཡུལ་གྲུ་འདི་རྔམ་ནག་མུན་པའི་ཀློང་ན་རང་གི་ལག་པ་རྐྱང་སྐུམ་ལའང་དངངས་སྐྲག་སྐྱེ་བཞིན་ཁ་ཁུ་སིམ་མེར་འགུལ་ཙམ་འགུལ་ཙམ་བྱེད། ཕ་རོལ་ཡང་རོལ་གྱི་ལྗོངས་དང་ལྗོངས་ཆེན་པོ་དག་ལྟ་ཅི། མ་གིའི་གྲོང་དང་གྲོང་ཚོ་ཆུང་ངུའང་གློག་འོད་ཆེམ་ཆེམ་གྱི་མཛེས་སྡུག་ཁྲོད་ན་ལྷ་ཀླུ་མི་གསུམ་གྱི་སྤྲོ་དགའ་གཅིག་ཏུ་བསྡུས་པའི་དཔལ་ལ་རོལ་ཚུལ་བསམ་ན། སྣ་ཚོགས་ལས་ཀྱི་འཁོར་ལོར་བཀོལ་ཐུབ་པའི་གློག་ཅིག་ཕར་ཞོག་མཐིང་སྨུག་སྦྲ་ཆུང་ཕྱི་གསལ་ནང་གསལ་བྱེད་ཐུབ་པའི་གློག་ཞགས་ཙམ་ཡང་མེད་པའི་མཐོ་སྒང་འདིར། ལོ་ཟླའི་འཁོར་ལོ་ཅི་ཙམ་བརྩེགས་ཀྱང་། དུས་རབས་འཕོ་འགྱུར་ཇི་འདྲ་ཆེ་ཡང་། འབྲི་མར་སེར་བོ་ལྟེམས་པའི་མཆོད་རྐོང་གི་འོད་སྣང་ཕྲ་མོའམ། ཉི་མའི་འོད་ཐིགས་རྒུམ་པའི་ཤེལ་ཐུར ༼མཐོ་སྒང་ན་དར་མ་ཐག་པའི་ཉི་གློག་ཡང་འབྱོར་ལྡན་དུ་བརྩི་དགོས་པའི་ཁྱིམ་ཚང་རེ་འགར་མ་གཏོགས་མེད།༽ ཙམ་ཞིག་མུན་པའི་སྐྱབས་སུ་བསྟེན་པ་ནི་བསྡུར་ཐབས་མེད་པའི་དངོས་ཡོད་གནད་དོན་ཞིག མཐོ་སྒང་ནས་བརྡོལ་བའི་རྨ་འབྲི་གཙང་གསུམ་དང་ཁ་འབབ་རྣམ་བཞིའི 2 རླབས་ཤུགས་ཆེ་བས། བློར་མི་ཤོང་བའི་གློག་ནུས་དང་གློག་འོད་མཐའ་བཞིའི་ལྗོངས་ཀྱིས་ལོངས་སྤྱད་ཀྱང་། མཐོ་སྒང་ན་ད་དུང་གློག་ཀྱང་མེད། གློག་མེད་པས་མཐོ་སྒང་གི་འཕེལ་རྒྱས་ལ་ཆག་གྲུམ་ཤོར། གློག་མེད་ས་ན་མཐོ་སྒང་གི་འཚོ་བ་ཧ་ཅང་ཐབས་ཆག་དང་སྙིང་རྗེའི་ཡུལ་དུ་གནས།
མཐོ་སྒང་ན་བརྙན་འཕྲིན་མེད།
ཕྱི་གླིང་བ་ཞིག་གིས། བོད་རིགས་རྩོམ་པ་བོས་ད་ལྟའི་བོད་ཀྱི་འཚོ་བ་ཇི་བཞིན་བཞེངས་བྱེད་མེད། དཔེར་ན། རྒྱུན་བཀོལ་འཚོ་བའི་ཁྲོད་ཀྱི་ཁ་པར་དང་བརྙན་འཕྲིན་ཙམ་གྱི་ཐ་སྙད་ཀྱང་མཐོང་དཀོན་པོ་རེད་ཅེས་བཤད་སྐད་འདུག འདི་ལ་ཕྱོགས་གཅིག་མ་མཐོང་བའི་སྐྱོན་དང་ཇི་བཞིན་བརྗོད་པའི་ཆ་གཉིས་མི་འདུག་གམ།
ཁ་པར་གཏོང་བ་དང་བརྙན་འཕྲིན་ལ་ལྟ་བ་སོགས་ནི་ད་ལྟ་ཆེས་སྤྱིར་བཏང་གི་འཚོ་བའི་ཟུར་གཅིག་ཡིན་མོད། མུན་སེལ་གློག་སྒྲོན་ཙམ་མེད་སའི་མཐོ་སྒང་ན་སེམས་དོན་སྐུད་སྣེ་ནས་གླེང་ཞིང་འཛམ་གླིང་འཕོ་འགྱུར་རང་ཁྱིམ་ནས་མཐོང་བའི་བདེ་སྐྱིད་ཀྱི་འཚོ་བ་དེ་འདྲ་ཞིག་ག་ན་ཡོད། མཐོ་སྒང་ན་བརྙན་འཕྲིན་མེད་པས་མཐོ་སྒང་གི་ཚབ་མཚོན་རྩོམ་ཡིག་ཏུའང་བརྙན་འཕྲིན་སྐོར་གྱི་གླེང་བརྗོད་ཡོད་མི་སྲིད། གལ་ཏེ་ཡོད་ཚེ་དེ་ནི་ཚན་རིག་གི་སྟོང་སྣང་ལྟ་བུའི་སྒྱུ་རྩོམ་བཅོས་མ་ཞིག་ཡིན་ངེས།
གཞིས་ཁྱིམ་དྲོན་མོར་འོད་དཀར་ཆིལ་ལེར། ཁྱེད་ཚོས་གླིང་བཞིའི་འཕོ་འགྱུར་དང་མཛེས་སྡུག་ཡོད་ཚད་བརྙན་འཕྲིན་ལས་མཐོང་དུས། མཐོ་སྒང་བ་སྤྱང་མོའི་ངུ་ཟུག་རྒོད་སའི་རི་མཐོ་ལུང་ཟབ་དག་ཏུ། ལྷས་ར་ཆུང་ཆུང་རེའི་མེལ་ཚེ་བའམ་སྦྲ་ནག་ཟད་པོ་རེའི་ཐུ་འོག་ན་ཅི་མེད་ཅང་མེད་ཀྱི་གདོད་མའི་དྲང་སྲོང་ཤ་སྟག་ལས་མ་འདས།
གསོན་དང་། འཛམ་གླིང་ན་མིའི་རིགས་ཀྱི་ཡོད་ཚད་འདྲ་མཉམ་ཡིན་དགོས་པའི་རླབས་སྒྲ་ཕྱོགས་བཞིར་མཆེད། གཟིགས་དང་། རྒྱལ་ནང་ན་ནུབ་ཕྱོགས་སྒོ་འབྱེད་ཀྱི་དཔྱིད་དཔལ་ཁད་ཀྱིས་སླེབས། སོམས་དང་། ས་སྒང་སྔས་སུ་བྱས་པའི་འོད་ཆེན(3)ཚང་ལ་ད་དུང་བརྙན་འཕྲིན་ཙམ་ཡང་མེད།
མཐོ་སྒང་ན་གློག་ཀླད་མེད།
གངས་སྐོར་བ་མགོ་སེར་ཞིག་དང་ཕྱུགས་རྫི་འགའ་ལྟས་དབང་གིས་འཕྲད་པས། ཕྱུགས་རྫི་ཚོ་ངོ་མཚར་དང་ཞེད་སྣང་འདྲེས་མས་རེ་ཞིག་ལ་རྒྱང་ཐག་རིང་ཙམ་ནས་སྐོར་བ་རེ་བྱས་ཏེ་ཅི་ཞིག་ཤབ་ཤུབ་ཀྱིས་བཤད། རིམ་གྱིས་ཉེ་སར་བཅར་དུས་གངས་སྐོར་བ་དེ་ཡང་མིག་འབྲས་དང་ཤ་མདངས་མི་གཅིག་པ་ཙམ་ལས་མཐོ་སྒང་གི་སྐད་ལ་ཐག་ཐོགས་མེད་པའི་དད་ལྡན་གཤའ་མ་ཞིག གངས་སྐོར་བས་ལྷ་སྒྲུང་ལྟ་བུའི་འཕྲིན་གསར་མང་བོ་ཞིག་བཤད་མོད་ཕྱུགས་རྫི་ཚོ་ཡིད་མི་ཆེས་ས་གཙོ་བོའམ་གཏན་ནས་བློར་མི་ཤོང་བ་ནི་གློག་ཀླད་རེད། གློག་གི་ཀླད་པ་ཟེར་བ་ཞིག་ཡོད་ན་གློག་གི་མི་ཡང་ཡོད་སྲིད་པ་ཨེ་རེད། ཧ་ཧ་ཧ། ལན་མེད་པའི་ཚིག་རྩ་ཞིག་བཟུང་འདུན་གྱིས་ཕྱུགས་རྫི་ཚོས་གླེན་དགོད་སིང་ངེ་བ་ཞིག་བྱས་པས་གངས་སྐོར་བའང་དབང་མེད་དུ་བགད་བྱུང་།
མཐོ་སྒང་ན་གློག་ཀླད་མེད་གློག་ཀླད་ཀྱི་དགེ་མཚན་བརྗོད་དུས་བོང་བུའི་རྣ་བར་ཆོས་བཤད་ལས་འདའ་ས་མེད་མོད། གངས་སྐོར་བ་དེ་ཡང་ཨུ་ཚུགས་ཆེ་བས་ཨུ་ཚུགས་མཐར་སྐྱེལ་གྱིས་གློད་ཀླད་བཤད། ཁྱེད་ཚོའི་གླེགས་བམ་ཡོད་ཚད་གློག་ཀླད་དུ་ཡོད། འཛམ་གླིང་ཆེན་པོའང་གློག་ཀླད་དུ་བསྡུས་ཚར། ང་ཚོས་མི་ཤེས་ས་མང་བོར་གློག་ཀླད་ཀྱིས་ལན་འདེབས། གློག་ཀླད་ནི་ཡི་གེ་བ། རྩིས་གཉེར་བ། བཟོ་བཀོད་པ། ལྷ་རིས་པ། ལུས་ངག་ཡིད་གསུམ་གྱི་སྒྱུ་རྩལ་བ་སོགས་མང་བོ་ཞིག་གི་གཏེར་མཛོད་ཡིན། སྐབས་དེར་ཕྱུགས་རྫི་ཚོས་ཁོའི་བཤད་མཚམས་བཅད་དེ། གངས་སྐོར་བ་ལབ་རྐྱལ་འདིས་ཁ་ཤག་པ་སྨན་ལྷ་ལབ་རྐྱལ་བཞིན་གློག་ཀླད་ཟེར་བ་དེར་པ་པོ་མང་བོ་ཞིག་བརྩེགས་སོང་། ཧ་ཧ་ཧ་ཞེས་ཡང་བསྐྱར་བགད་བྱུང་། གངས་སྐོར་བ་ཡང་སེམས་ཁོ་ཐག་ཆད་དེ་མགོ་བོ་ཐད་དུ་གཡུག་བཞིན་ལམ་ལ་ཆས།
གངས་སྐོར་བ་སོང་ཤུལ་ན་གློག་ཀླད་མེད་པའི་མཐོ་སྒང་དུ་གློག་ཀླད་དང་གངས་སྐོར་བའི་ཕྱོགས་ཀྱི་སྐད་ཆ་མང་བོ་དཔྱིད་རླུང་བཞིན་གང་སར་ཁྱབ་འགོ་བརྩམས། ཁོ་ཚོས་གླེང་རྒྱུར། གངས་སྐོར་བ་དེས་ངེད་ཚོའི་བྲག་རིའི་མཆེད་ཟླར་སྙེམས་པའི་གླེགས་བམ་ཡོད་ཚད་གློག་ཀླད་དུ་ཡོད་ཟེར། ཁོ་དག་པའི་ཞིང་ཁམས་གང་རུང་ནས་ཕེབས་ཤིང་གློག་ཀླད་དེ་ཡང་སངས་རྒྱས་ལྟ་བུ་ཞིག་ཡིན་རྒྱུ་རེད། ལ་ལས། གངས་སྐོར་བ་དེས་འཛམ་གླིང་ཆེན་པོའང་གློག་ཀླད་དུ་བསྡུས་ཚར་འདུག ཁོ་སྲིན་པོའི་ལྕགས་མཁར་སྒོ་མེད་ལྟ་བུ་རེ་ནས་ཤོར་ཡོང་བའི་འདྲེ་སྲིན་གང་རུང་ཞིག་ཡིན་ངེས་ལ། གློག་ཀླད་ཟེར་བ་དེ་ཡང་བདུད་ནག་པོའི་ཆོ་འཕྲུལ་ཞིག་ལོས་ཡིན། གངས་སྐོར་བ་དེའི་མིག་ལ་བལྟས་ནའང་ཅིག་འགྲིག་མེད་ཐལ། ཁ་ཅིག་གིས། ཕྱུགས་རྫི་བསམ་མེད་ཚོ་ཁོམ་སོང་བ་རེད། དེ་འདྲའི་བྱ་བ་ཞིག་ག་ན་ཡོད། དེང་སང་གི་མི་འདི་ཚོ། ཞེས་རང་གི་ལྟ་ཚུལ་བརྗོད་པར་བྲེལ། ཨ། གློག་ཀླད་མེད་པའི་མཐོ་སྒང་བ་ཡ། ཁྱེད་ཅག་རྫས་ཀྱི་ནུས་པ་བསམ་མི་ཁྱབ་ཚུལ་ལ་ཡིད་ཆེས་ཨེ་ཡོད།
མཐོ་སྒང་ན་འཕྲུལ་ལམ་མེད།
མཐོ་སྒང་ན་འཕྲུལ་ལམ་མེད། ཨོ། མེད་ཅེས་ཚིག་ཐག་བཅད་ནའང་ཅུང་མི་འགྲིག འཕྲུལ་རྟ་རྒྱུགས་སའི་ལམ་ཕྲན་རེ་ཡོད། འོན་ཀྱང་ལམ་ཕྲན་དེ་དག་ནི་ཆེད་དུ་མ་བཟོས་པའི་རྐང་ལམ་ཙམ་ཡིན་པས། འཕྲུལ་རྟ་ཞོན་པའི་གསར་བུ་མང་བོའི་གཅེས་སྲོག་ཤོར་མྱོང་། གཅེས་སྲོག་ཤོར་སར་དར་ལྕོག་ཅིག་འཛུགས་པའམ་རྡེའུ་འབུམ་རེ་སྤུངས་པ་ལས་འཕྲུལ་ལམ་ཆེན་པོ་ཞིག་བཟོ་མཁན་ད་དུང་སྤྱི་སྒེར་སུའང་མ་སླེབས། མཐོ་སྒང་གི་མཁའ་དབྱིངས་སུ་འཕྲུལ་ལམ་ཞིག་ཡོད་ཚོད་རེད། མཚམས་མཚམས་སུ་སྔོ་བསངས་ཀུན་གསལ་སྒེག་མོའི་མཐོངས་ཡངས་ནས་མིས་བཟོས་གནམ་གྲུ་རེ་ཤར་གྱིས་འཕུར་དུས། གཡག་རྒྱབ་ནས་ཀི་རིང་འདེབས་པའི་མཐོ་སྒང་བ་ཚོས་མཐོ་སྒང་གི་ལྷིང་འཇགས་དཀྲོགས་པར་ཡིད་མ་རངས་པའམ་ཞེན་ཆགས་ཀྱི་མིག་ཟུང་དགུང་ལ་ཅེར་ངེས། དད་འདུན་ལྕགས་ཀྱུས་དྲངས་པའི་མཐོ་སྒང་བ་འགའ་སྟོད་རྒྱ་གར་ཡུལ་ལ་མཇལ་སྐོར་དུ་ཆས། འདོད་ཡོན་སྒེག་མོས་བསླུས་པའི་མཐོ་སྒང་བ་འགའ་སྨད་རྒྱ་ནག་གྲོང་ཁྱེར་དུ་གཡག་ཚོང་ལ་ཕྱིན། སོང་ནས་ཀྱང་གླེན་རྟགས་དང་ནོངས་འགྱོད་རུམ་གང་ཉོས་ཏེ་མགོ་བོ་འཕྲེད་དང་ལག་པ་དགུང་ནས་གཡུག་བཞིན་ཕྱིར་མཐོ་སྒང་ལ་སླེབས། ཁོ་ཚོས་འགྲུལ་བཞུད་འདིས། གནས་གཞན་ན་མེ་འཁོར་ལམ་དང་རླངས་འཁོར་ལམ། རླངས་འཁོར་ལམ་ལའང་རིམ་པ་མང་བོ་ཞིག གཞན་ཡང་མཁའ་ལམ། མཚོ་ལམ། ས་འོག་གི་ལམ་སོགས་འཕྲུལ་ལམ་ཆེས་མང་བོ་ཞིག་གི་ངོ་མཚར་མཐོང་བས་མཐོ་སྒང་ན་ཅི་ཡང་མེད་པ་ཁ་གསལ་མཐིལ་རྟོགས་སུ་གྱུར། རྟོགས་སད་འདིས་མཐོ་སྒང་བའི་ལེ་ལོར་སྡང་སེམས་ཀྱི་མེ་ལྕེ་མཆེད། རྟོགས་སད་འདིས་གཞན་གྱི་ཁ་ཡག་དོན་སྟོང་གི་ཞལ་རས་རྗེན་པར་མཐོང་། ཡང་མཐོ་སྒང་ན་འཕྲུལ་ལམ་སྐོར་གྱི་འཕྲིན་གསར་ཞིག་སྒྲོག་འགོ་ཚུགས།
མཇུག་གི་སྐད་ཆ་ཚིག་གསུམ།
མཐོ་སྒང་ན་ད་དུང་འཕྲིན་སྐྱེལ་ཕོ་ཉ་དང་། རང་འབབ་ཆུ། འཕྲུལ་གྱི་གཡོག་མོ། སྐུད་པའི་སྐད་ཆ། གཡས་འཁོར་ཁང་བརྩེགས་སོགས་གཞན་ལ་ཡོད་པ་མང་བོ་ཞིག་མེད། སྔར་མེད་པ་ཞིག་མེད་ཀྱང་ཆེས་ཡ་མཚན་དགོས་ས་ཞིག་མ་རེད། ཡ་མཚན་པ་ནི་མཐོ་སྒང་བ་རི་དྭགས་བཞིན་ཡར་མར་བྲོས་ཏེ་ད་ལྟ་རྐང་ཆུང་ལེབ་མོ་ཙམ་འཛུགས་སའི་བདེ་ཐང་སྙོམས་པོ་ཞིག་ཀྱང་མེད་མོད། ཧ་ཅང་ཡོད་མདོག་གིས་རྩོད་དེ་སྐྱོ་གར་རིང་མོ་ཞིག་ལོ་རྒྱུས་ཀྱི་དྲན་ཤིང་དུ་བཞག་པ་དེ་རེད། གྲོགས་པོའི་འཕྲིན་ཡིག་ཅིག་གི་རྐྱེན་གྱིས་མཐོ་སྒང་བའི་མེད་མུག་ཆད་གསུམ་ངའི་སྨྱུག་རྩེར་དྲག་ཆར་བཞིན་བརྡོལ་སོང་ཡང་། མཐོ་སྒང་བའི་སྤྲང་ལག་གཞན་ལ་བཟེད་ཟེར་བ་གཏན་ནས་མིན། ང་ཚོར་དཔལ་མཉམ་མེད་ཤཱཀྱའི་རྒྱལ་བོས་གདམས་ངག་ཅིག་བསྩལ་ཡོད་དེ། དེ་ནི། བདག་ཉིད་བདག་གི་མགོན་ཡིན་ཏེ། །གཞན་ལྟ་སུ་ཞིག་མགོན་དུ་བགྱི། །ཞེས་པའོ།
① འདི་ནི་སྙན་གཞུང་རྣམས་སུ་བསྟན་པའི་འགོག་རྒྱན་བཅུ་བཞི་བར་དཔེ་བླངས་པ་ཞིག་སྟེ། རྒྱན་དེ་ནི་དགག་བྱའི་བྱ་བར་འབད་པས་འགོག་པ་ལྟར་བྱས་ཀྱང་། རང་གི་འདོད་པའི་དོན་ཁ་ནས་དབང་མེད་དུ་ཐལ་བའི་ཚུལ་བརྗོད་པ་ཞིག་གོ། །
②ཁ་འབབ་རྣམ་བཞི་ནི། ད་ལྟ་བོད་ལྗོངས་མངའ་རིས་སྤུ་ཧྲེང་རྫོང་གི་མངའ་ཁོངས་སུ་གཏོགས་པའི་མ་ཕམ་གཡུ་མཚོའམ་མཚོ་མ་དྲོས་པའི་ཤར་ཕྱོགས་གླང་ཆེན་གྱི་ཁ་ནས་འབབ་པའི་ཆུ་བོ་གང་གཱ། ལྷོ་ཕྱོགས་རྨ་བྱའི་ཁ་ནས་འབབ་པའི་ཆུ་བོ་སིན་དྷཱུ། ནུབ་ཕྱོགས་རྟ་མཆོག་ཁ་ནས་འབབ་པའི་ཆུ་བོ་པཀྵུ་སྟེ་ཡར་ཀླུང་གཙང་བོ། བྱང་ཕྱོགས་སེང་གེའི་ཁ་ནས་འབབ་པའི་ཆུ་བོ་སི་ཏ་བཅས་སོ། །
③འདི་ནི་དོན་འགྲུབ་དབང་འབུམ་གྱིས་རྒྱ་ཡིག་གིས་བྲིས་པའི་སྙན་རྩོམ་ཞིག་གི་ཁ་བྱང་ཡིན།
འབྲེལ་ཡོད་འོས་སྦྱོར།